ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་ཐ་ཆེད་འཚོང་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:36ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་ཐ་ཆེད་འཚོང་སྐོར་གྱི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་ཐ་ཆེད་འཚོང་སྐོར་གྱི་བཅའ་ཁྲིམས།
རྡོ་ཐ་ཆེད་འཚོང་ལ་དོ་དམ་བྱ་རྒྱུ་དང་། འཆར་གཞི་ལྡན་པའི་སྒོ་ནས་ཆེད་འཚོང་རྡོ་ཐའི་དངོས་རྫས་ཐོན་སྐྱེད་དང་གཉེར་སྐྱོང་གི་བྱ་བ་སྒྲིག་འཛུགས་བྱ་རྒྱུ། རྡོ་ཐའི་གྲུབ་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་འགན་ལེན་བྱ་རྒྱུ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国烟草专卖法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ1991ལོའི་ཟླ6པའི་ཚེས29ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1992ལོའི་ཟླ1པོའི་ཚེས1ཉིན།
1 བཟོ་བཅོས། 

(སྤྱི་ལོ1991ལོའི་ཟླ6པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ་དང་།

སྤྱི་ལོ2009ལོའི་ཟླ8པའི་ཚེས27ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་ཐོག《བཅའ་ཁྲིམས་ཁ་ཤས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་ཐེངས་དང་པོ་བྱས།

སྤྱི་ལོ2013ལོའི་ཟླ12པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག《〈མཚོ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལ་སོགས་པའི་ཁྲིམས་ལུགས་བདུན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་ཐེངས་གཉིས་པ་བྱས )

2 ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། རྡོ་ཐ་ཆེད་འཚོང་ལ་དོ་དམ་བྱ་རྒྱུ་དང་། འཆར་གཞི་ལྡན་པའི་སྒོ་ནས་ཆེད་འཚོང་རྡོ་ཐའི་དངོས་རྫས་ཐོན་སྐྱེད་དང་གཉེར་སྐྱོང་གི་བྱ་བ་སྒྲིག་འཛུགས་བྱ་རྒྱུ། རྡོ་ཐའི་གྲུབ་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་འགན་ལེན་བྱ་རྒྱུ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིའི་ནང་འཁོད་པའི་ཆེད་འཚོང་རྡོ་ཐའི་དངོས་རྫས་ཞེས་པ་ནི་བསྒྲིལ་ཐ་དང་། ཐ་མག་ཞུའེ་ཅ། རྡོ་ཐ་ཞིབ་ཞིབ། རྡོ་ཐ་བསྲེགས་མ། རྡོ་ཐ། ཐ་མག་སྒྲིལ་ཤོག  དུག་འཚག་དབྱུ་གུ། དབྱུ་གུའི་སྣལ་མ། རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་བཅས་ལ་ཟེར།

བསྒྲིལ་ཐ་དང་། ཐ་མག་ཞུའེ་ཅ། རྡོ་ཐ་ཞིབ་ཞིབ། རྡོ་ཐག་བསྲེགས་མ་བཅས་ཀྱི་སྤྱིའི་མིང་ལ་རྡོ་ཐའི་གྲུབ་རྫས་ཟེར།

དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་ཆེད་འཚོང་རྡོ་ཐའི་དངོས་རྫས་ཐོན་སྐྱེད་དང་། ཕྱིར་འཚོང་། ཕྱིར་གཏོང་ནང་འདྲེན་བཅས་བྱ་རྒྱུར་བཅའ་ཁྲིམས་ལྟར་ཆེད་འཚོང་དོ་དམ་བྱ་རྒྱུ་དང་འབྲེལ་རྡོ་ཐ་འཚོང་དབང་ཁེར་འཛིན་བྱས་འཐུས་ཀྱི་ལག་ཁྱེར་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

དོན་ཚན་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྡོ་ཐ་ཆེད་འཚོང་ལས་ཀ་གཙོ་གཉེར་བྱ་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་ཁོངས་ས་ཁུལ་དེ་གའི་རྡོ་ཐ་ཆེད་འཚོང་གི་ལས་ཀ་གཙོ་གཉེར་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། ཐད་སྐྱོང་གྲོང་ཁྱེར་བཅས་པའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཉིས་བརྩེགས་དང་ལེན་བྱ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་འགོ་ཁྲིད་གཙོ་བོར་འཛིན་དགོས་རྒྱུ།

དོན་ཚན་ལྔ་པ། རྒྱལ་ཁབ་གཞུང་ནས་ཆེད་འཚོང་རྡོ་ཐའི་དངོས་རྫས་སྐོར་གྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྡོ་ཐའི་གྲུབ་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། འཚིག་སྣུམ་དང་གནོད་ལྡན་གྲུབ་ཆ་གཞན་དག་འདུས་ཚད་ཉུང་དུ་གཏོང་ཐབས་བྱ་རྒྱུ།

རྒྱལ་ཁབ་གཞུང་དང་སྤྱི་ཚོགས་ཀྱིས་ཐ་མག་ལས་གཟུགས་གཞི་བདེ་ཐང་ལ་གནོད་སྐྱོན་ཡོད་ལུགས་དྲིལ་བསྒྲགས་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་ཁར་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་མི་ཚོགས་འདུ་སར་ཐ་མག་མི་འཐེན་པའི་བཀག་འགོག་གམ་བཀག་འཛིན་བྱ་རྒྱུ་དང་། ན་གཞོན་བྱིས་པ་རྣམས་ལ་ཐ་མག་མི་འཐེན་པའི་བཀག་སྡོམ་བསླབ་བྱ་རྒྱག་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གཉིས་ཀྱི་སློབ་གྲྭ་བས་ཐ་མག་འཐེན་རྒྱུ་བཀག་འགོག་བྱེད་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་གཞུང་ནས་མི་རིགས་རང་སྐྱོང་གི་ས་གནས་སུ་རྡོ་ཐ་ཆེད་འཚང་གི་དོ་དམ་བྱེད་པའི་ཐད་བཅའ་ཁྲིམས་འདི་ཉིད་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་དང་། མི་རིགས་རང་སྐྱོང་ས་གནས་ཀྱིས་རྡོ་ཐ་འདེབས་འཛུགས་དང་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱ་རྒྱུར་ལྟ་རྟོག་བྱེད་དགོས། 

3 ལེའུ་གཉིས་པ། རྡོ་ཐ་འདེབས་འཛུགས་དང་། ཉོ་སྒྲུབ། གཏོང་འགྲེམས་བཅས་བྱེད་ཕྱོགས་སྐོར།

དོན་ཚན་བདུན་པ། བཅའ་ཁྲིམས་འདིའི་ནང་འཁོད་པའི་རྡོ་ཐ་ཞེས་པ་ནི་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པར་མཁོ་བའི་མེར་སྐམ་རྡོ་ཐ་དང་ཉིར་སྐམ་རྡོ་ཐ་གྲགས་ཅན་ལ་ཟེར་ཞིང་། ཉིར་སྐམ་རྡོ་ཐ་གྲགས་ཅན་གྱི་མིང་ཐོ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་གཏན་འབེབས་བྱ་རྒྱུ།

ཉིར་སྐམ་རྡོ་ཐ་གྲགས་ཅན་གྱི་མིང་ཐོའི་ནང་མ་ཚུད་པའི་ཉིར་སྐམ་རྡོ་ཐ་གཞན་དག་ཚོང་འདུས་ཉོ་ཚོང་གི་ཁྲོམ་རར་ཕྱིར་ཚོང་བྱས་ཆོག

དོན་ཚན་བརྒྱད་པ། རྡོ་ཐ་འདེབས་འཛུགས་བྱེད་པའི་ཐད་ས་བབ་ལ་བསྟུན་ནས་སོན་བཟང་འདེབས་གསོ་དང་ཁྱབ་གདལ་དུ་གཏོང་དགོས་པ་དང་། ས་གནས་དེ་གའི་རྡོ་ཐའི་ཀུང་སིས་སོན་བཟང་མཁོ་འདོན་བྱེད་པར་སྒྲིག་འཛུགས་བྱ་རྒྱུ།

དོན་ཚན་དགུ་པ། རྡོ་ཐ་ཉོ་སྒྲུབ་ཀྱི་འཆར་གཞི་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཆར་འགོད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཆར་འགོད་སྡེ་ཁག་གིས་འགྲེམས་བསྒྲགས་བྱས་པའི་འཆར་གཞིར་གཞིགས་ཏེ་འགྲེམས་བསྒྲགས་བྱ་དགོས་ཤིང་སྡེ་ཚན་དང་མི་སྒེར་གཞན་གྱིས་འགྱུར་བ་བཏང་མི་ཆོག

རྡོ་ཐའི་ཀུང་སིའམ་དེའི་མངགས་བཅོལ་སྡེ་ཚན་གྱིས་རྡོ་ཐ་འདེབས་འཛུགས་བྱེད་མཁན་དང་རྡོ་ཐ་ཉོ་སྒྲུབ་བྱ་རྒྱུའི་གན་རྒྱ་འཇོག་དགོས། རྡོ་ཐ་ཉོ་སྒྲུབ་ཀྱི་གན་རྒྱའི་ནང་རྡོ་ཐ་འདེབས་འཛུགས་ཀྱི་གཞི་ཁྱོན་ཁ་ཆད་བྱེད་དགོས།

རྡོ་ཐ་ཉོ་སྒྲུབ་བྱེད་པའི་རིན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཟོག་གོང་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་རིམ་པ་ཕྱེ་ནས་གོང་ཚད་བཟོ་བའི་རྩ་དོན་ལྟར་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅུ་པ། རྡོ་ཐའི་ཀུང་སིའམ་དེའི་མངགས་བཅོལ་སྡེ་ཚན་གྱིས་རྒྱལ་ཁབ་གཞུང་ནས་གཏན་འབེབས་བྱས་པའི་ཉོ་སྒྲུབ་ཀྱི་ཚད་གཞི་དང་རིན་གོང་ལྟར་གཅིག་གྱུར་གྱིས་རྡོ་ཐ་ཉོ་སྒྲུབ་བྱ་རྒྱུ་ལས་སྡེ་ཚན་དང་མི་སྒེར་གཞན་དག་གིས་རྡོ་ཐ་ཉོ་སྒྲུབ་བྱས་མི་ཆོག

རྡོ་ཐའི་ཀུང་སིའང་དེའི་མངགས་བཅོལ་སྡེ་ཚན་གྱིས་རྡོ་ཐ་འདེབས་འཛུགས་བྱེད་མཁན་ནས་རྡོ་ཐ་ཉོ་སྒྲུབ་གན་རྒྱའི་ནང་ཁ་ཆད་བྱས་པའི་འདེབས་འཛུགས་གཞི་ཁྱོན་ལྟར་ཐོན་སྐྱེད་བྱས་པའི་རྡོ་ཐ་རྣམས་རྒྱལ་ཁབ་ཀྱི་གཏན་ཕབ་ཚད་གཞི་ལྟར་རིམ་པ་དབྱེ་འབྱེད་ཀྱིས་རིན་གོང་གཏན་ཁེལ་བྱས་ནས་ཡོངས་རྫོགས་ཉོ་སྒྲུབ་བྱ་དགོས་པ་ལས་རིམ་གཅོག་གོང་གཅོག་བྱས་མི་ཆོག་ཅིང་། རྡོ་ཐ་ཉོ་སྒྲུབ་བྱེད་རིང་བྱུང་བའི་རྩོད་གཞི་ཐག་གཅོད་འོས་འཚམས་ཀྱང་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་བར་གྱི་རྡོ་ཐ་དང་རྡོ་ཐ་བསྲེགས་མ་གཏོང་འགྲེམས་བྱ་རྒྱུའི་འཆར་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཆར་འགོད་སྡེ་ཁག་གིས་འགྲེམས་བསྒྲགས་བྱ་རྒྱུ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཁོངས་གཏོགས་ནང་ཁུལ་གྱི་རྡོ་ཐ་དང་རྡོ་ཐ་བསྲེགས་མ་གཏོང་འགྲེམས་བྱ་རྒྱུའི་འཆར་གཞི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་འཆར་འགོད་སྡེ་ཁག་གིས་འགྲེམས་བསྒྲགས་བྱ་རྒྱུ་ཡིན་ཞིང་། སྡེ་ཁག་དང་མི་སྒེར་གཞན་དག་གིས་དེར་འགྱུར་བ་བཏང་མི་ཆོག

རྡོ་ཐ་དང་རྡོ་ཐ་བསྲེགས་མ་གཏོང་འགྲེམས་བྱེད་སྐབས་ངེས་པར་དུ་གན་རྒྱ་འཇོག་དགོས།

4 ལེའུ་གསུམ་པ། རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་གཉིས་པ། རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་འཛུགས་གཉེར་བྱེད་པར་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས་པ་དང་ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ལག་ཁྱེར་འཐོབ་དགོས་པ་མ་ཟད། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་ནང་ཞིབ་མཆན་ཐོ་འགོད་ཀྱང་བྱ་དགོས་ཤིང་། དེ་ཁ་གྱེས་ཟུར་འཛུགས་དང་ཟླ་བསྒྲིལ་བ། མེད་པར་བཟོ་བ་བཅས་བྱེད་སྐབས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས་པ་དང་འབྲེལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་ལ་བསྒྱུར་བཅོས་བྱ་རྒྱུ་དང་ཐོ་ཁོངས་ནས་སུབ་པའི་འགྲོ་ལུགས་འགྲིམ་དགོས། ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ཀྱི་འཁྲོལ་འཛིན་མ་ཐོབ་པ་ཡིན་ཕྱིན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཞིབ་མཆན་ཐོ་འགོད་བྱས་མི་ཆོག

དོན་ཚན་བཅུ་གསུམ་པ། རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་ཆེད་གཞི་རྩའི་འཛུགས་སྐྲུན་བྱེད་པའམ་ལག་རྩལ་བསྒྱུར་བཀོད་བྱ་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས།

དོན་ཚན་བཅུ་བཞི་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་ཡི་ལོ་འཁོར་ཐོན་ཚད་བསྡོམས་འབོར་གྱི་འཆར་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཆར་འགོད་སྡེ་ཁག་ནས་གཤམ་ལ་འགྲེམས་བསྒྲགས་བྱ་རྒྱུ། རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་ཁེ་ལས་ཀྱི་བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་ཡི་ལོ་འཁོར་ཐོན་ཚད་བསྡོམས་འབོར་གྱི་འཆར་གཞི་ཞིང་ཆེན་རིམ་པའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཆར་འགོད་སྡེ་ཁག་ནས་གཤམ་ལ་འགྲེམས་བསྒྲགས་བྱས་པའི་འཆར་གཞི་ལ་གཞིགས་པ་དང་ཁྲོམ་རའི་བྲིན་འཚོང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འགྲེམས་བསྒྲགས་བྱ་རྒྱུ་ལས་ས་གནས་མི་དམངས་སྲིད་གཞུང་གིས་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ལ་ཐོན་ཚད་ལས་བརྒལ་བའི་ལས་འགན་འགྲེམས་སྤྲོད་བྱས་མི་ཆོག རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་ཁྲོམ་རའི་བྲིན་ཚུལ་ལ་གཞིགས་ཏེ་ལོ་འཁོར་ཐོན་ཚད་བསྡོམས་འབོར་གྱི་འཆར་གཞི་ལས་བརྒལ་ཏེ་བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་ཐོན་སྐྱེད་བྱ་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས།

རྒྱལ་ཡོངས་ཀྱི་རྡོ་ཐའི་སྤྱི་ཁྱབ་ཀུང་སིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཆར་འགོད་སྡེ་ཁག་ནས་འགྲེམས་བསྒྲགས་བྱས་པའི་ལོ་འཁོར་ཐོན་ཚད་བསྡོམས་འབོར་གྱི་འཆར་གཞི་ལ་གཞིགས་ཏེ་ཞིང་ཆེན་རིམ་པའི་རྡོ་ཐའི་ཀུང་སིར་རིམ་པ་དབྱེ་བ་དང་སྣ་རིགས་དབྱེ་བའི་བསྒྲིལ་ཐའི་ཐོན་འབོར་གྱི་དམིགས་ཚད་འགྲེམས་བསྒྲགས་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་རྡོ་ཐའི་ཀུང་སིས་རྒྱལ་ཡོངས་རྡོ་ཐའི་སྤྱི་ཁྱབ་ཀུང་སིས་འགྲེམས་བསྒྲགས་བྱས་པའི་རིམ་པ་དབྱེ་བ་དང་སྣ་རིགས་དབྱེ་བའི་བསྒྲིལ་ཐའི་ཐོན་འབོར་གྱི་དམིགས་ཚད་ལ་གཞིགས་ཤིང་ཁྲོམ་རའི་བྲིན་ཚུལ་དང་ཟུང་འབྲེལ་བྱས་ནས་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ལ་རིམ་པ་དབྱེ་བ་དང་སྣ་རིགས་དབྱེ་བའི་བསྒྲིལ་ཐའི་ཐོན་འབོར་གྱི་དམིགས་ཚད་འགྲེམས་བསྒྲགས་བྱ་རྒྱུ། རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་ཁྲོམ་རའི་བྲིན་ཚུལ་ལ་གཞིགས་ཏེ་ཁེ་ལས་དེ་གའི་ལོ་འཁོར་ཐོན་ཚད་བསྡོམས་འབོར་གྱི་འཆར་གཞིའི་ནང་ཁོངས་སུ་རིམ་པ་དབྱེ་བ་དང་སྣ་རིགས་དབྱེ་བའི་བསྒྲིལ་ཐའི་ཐོན་འབོར་གྱི་དམིགས་ཚད་ལེགས་སྒྲིག་འོས་འཚམས་བྱས་འཐུས།

5 ལེའུ་བཞི་པ། རྡོ་ཐའི་གྲུབ་རྫས་ཕྱིར་འཚོང་དང་སྐྱེལ་འདྲེན་བྱེད་ཕྱོགས་སྐོར།

དོན་ཚན་བཅོ་ལྔ་པ། རྡོ་ཐའི་གྲུབ་རྫས་སྡེབ་འཚོང་གི་ལས་སྒོའི་གཉེར་བའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གམ་ཞིང་ཆེན་རིམ་པའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས་པ་དང་རྡོ་ཐ་ཆེད་འཚོང་གི་སྡེབ་འཚོང་ཁེ་ལས་གཉེར་འཐུས་ལག་ཁྱེར་འཐོབ་དགོས་པ་མ་ཟད་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ནང་ཞིབ་མཆན་ཐོ་འགོད་ཀྱང་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྡོ་ཐའི་གྲུབ་རྫས་སིལ་འཚོང་ལས་སྒོ་གཉེར་མཁན་ཁེ་ལས་སམ་མི་སྒེར་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་མངགས་བཅོལ་ལྟར་ཞིབ་བཤེར་དང་ཆོག་མཆན་བཀོད་ནས་ཆེད་འཚོང་རྡོ་ཐ་སིལ་འཚོང་བྱས་འཐུས་ཀྱི་ལག་ཁྱེར་སྤྲོད་རྒྱུ། རྫོང་རིམ་པའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་བཙུགས་ཟིན་པའི་ས་གནས་སུ་རྫོང་རིམ་པའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་དང་ཆོག་མཆན་བཀོད་ནས་ཆེད་འཚོང་རྡོ་ཐ་སིལ་འཚོང་བྱས་འཐུས་ཀྱི་ལག་ཁྱེར་སྤྲད་ཀྱང་ཆོག

དོན་ཚན་བཅུ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཟོག་གོང་གཙོ་གཉེར་སྡེ་ཁག་དང་ལྷན་དུ་བསྒྲིལ་ཐའི་རིམ་པ་ལྟར་ཚོང་རྟགས་འགའ་རེའི་བསྒྲིལ་ཐ་འདེམས་ཐག་བཅད་དེ་ཚབ་མཚོན་དངོས་རྫས་ལ་བརྩི་རྒྱུ། ཚབ་མཚོན་དངོས་རྫས་དེ་དག་གི་རིན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཟོག་གོང་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ། ཚབ་མཚོན་དངོས་རྫས་ལས་གཞན་པའི་བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ། རྡོ་ཐ་ཞིབ་ཞིབ་བཅས་ཀྱི་རིན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱས་པའང་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དབང་ཆ་བསྐུར་བ་ལྟར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་གཏན་འབེབས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཟོག་གོང་གཙོ་གཉེར་སྡེ་ཁག་གམ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཟོག་གོང་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་གཞུང་གིས་བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་ཡི་འཚིག་སྣུམ་འདུས་ཚད་ཀྱི་རིམ་པའི་ཚད་གཞི་གཏན་འབེབས་བྱ་རྒྱུ། བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་ཡི་གཏུམ་རྒྱར་འཚིག་སྣུམ་འདུས་ཚད་ཀྱི་རིམ་པ་དང“ཐ་མག་འཐེན་ན་གཟུགས་གཞི་བདེ་ཐང་ལ་གནོད་སྐྱོན་ཡོད”ཅེས་གསལ་པོར་འགོད་དགོས།

དོན་ཚན་བཅུ་དགུ་པ། ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་དང་དུས་དེབ་བཅས་ཀྱི་ཐོག་ནས་རྡོ་ཐའི་གྲུབ་རྫས་ཀྱི་མཚམས་སྦྱོར་བརྡ་ཁྱབ་གཏོང་བའམ་འགོད་པར་བཀག་འདོམས་བྱ་རྒྱུ།

དོན་ཚན་ཉི་ཤུ་པ། བསྒྲིལ་ཐ་དང་ཐ་མག་ཞུའེ་ཅ་དང་། ཐུམ་བསྒྲིལ་རྡོ་ཐ་ཞིབ་ཞིབ་བཅས་ངེས་པར་དུ་ཚོང་རྟགས་ཐོ་འགོད་ཀྱི་རེ་འདུན་ཞུ་དགོས་ཤིང་ཞིབ་མཆན་ཐོ་འགོད་མ་བྱས་པའི་རིགས་རྣམས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་མི་ཆོག

གཞན་གྱི་ཐོ་བཀོད་ཚོང་རྟགས་རྫུན་སྤྱོད་བྱས་པའི་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་མི་ཆོག

དོན་ཚན་ཉེར་གཅིག་པ། རྡོ་ཐའི་གྲུབ་རྫས་ཀྱི་ཚོང་རྟགས་མཚན་མ་ངེས་པར་དུ་ཞིང་ཆེན་རིམ་པའི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་གིས་དམིགས་འཛུགས་བྱས་པའི་ཁེ་ལས་ལ་པར་འདེབས་བྱེད་དུ་འཇུག་དགོས་པ་ལས་དམིགས་འཛུགས་བྱས་མེད་པའི་ཁེ་ལས་ཀྱིས་རྡོ་ཐའི་གྲུབ་རྫས་ཀྱི་ཚོང་རྟགས་མཚན་མ་པར་འདེབས་བྱས་མི་ཆོག

དོན་ཚན་ཉེར་གཉིས་པ། ཆེད་འཚོང་རྡོ་ཐའི་དངོས་རྫས་མངགས་འདྲེན་ནམ་རང་འདྲེན་བྱེད་པར་ངེས་པར་དུ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གམ་སྡེ་ཁག་དེས་དབང་བསྐུར་བའི་ལས་ཁུངས་ཀྱིས་ཆོག་མཆན་བཀོད་ནས་སྤྲད་པའི་དབོར་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་འཁུར་རྒྱུ་ཡོད་དགོས། དབོར་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་མེད་ཚེ་སྐྱེལ་འདྲེན་བྱེད་མིས་སྐྱེལ་འདྲེན་བྱེད་འགན་བླངས་མི་ཆོག

དོན་ཚན་ཉེར་གསུམ་པ། རྡོ་ཐ་དང་རྡོ་ཐའི་གྲུབ་རྫས་སྦྲག་ཐོག་ནས་གཏོང་བའམ་ཡུལ་གཞན་དུ་ཁྱེར་འགྲོ་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་མཚམས་ཚད་བཟོས་པ་ལས་བརྒལ་མི་ཆོག

དོན་ཚན་ཉེར་བཞི་པ། མི་སྒེར་ཀྲུང་གོའི་མངའ་ཁོངས་ནང་ཡོང་སྐབས་རྡོ་ཐའི་གྲུབ་རྫས་ཁྱེར་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱས་པའི་མཚམས་ཚད་ལས་བརྒལ་མི་ཆོག

6 ལེའུ་ལྔ་པ། ཐ་མག་སྒྲིལ་ཤོག་དང་། དུག་འཚག་དབྱུ་གུ། དབྱུ་གུའི་སྣལ་མ།

རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་ལྔ་པ། ཐ་མག་སྒྲིལ་ཤོག་དང་། དུག་འཚག་དབྱུ་གུ དབྱུ་གུའི་སྣལ་མ། རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་བཅས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་དང་། ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་འཐོབ་པར་བྱེད་དགོས།

བཅའ་ཁིམས་འདི་ནང་འཁོད་པའི་རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་ཞེས་པ་ནི་རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་ཀྱི་འཕྲུལ་འཁོར་ཧྲིལ་པོར་ཟེར།

དོན་ཚན་ཉེར་དྲུག་པ། ཐ་མག་སྒྲིལ་ཤོག་དང་། དུག་འཚག་དབྱུ་གུ། དབྱུ་གུའི་སྣལ་མ། རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་བཅས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་འཆར་གཞི་དང་དེ་བཞིན་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་དང་དངོས་ཟོག་སྔོན་མངགས་ཀྱི་གན་རྒྱ་བཞག་པ་ལྟར་ཐོན་སྐྱེད་སྒྲིག་འཛུགས་བྱེད་དགོས།

དོན་ཚན་ཉེར་བདུན་པ། ཐ་མག་སྒྲིལ་ཤོག་དང་། དུག་འཚག་དབྱུ་གུ། དབྱུ་གུའི་སྣལ་མ། རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་བཅས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་རང་གི་ཐོན་རྫས་རྣམས་རྡོ་ཐའི་ཀུང་སི་དང་ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ལག་ཁྱེར་ཡོད་པའི་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་ཁེ་ལས་ལ་མ་གཏོགས་བཙོངས་མི་ཆོག

7 ལེའུ་དྲུག་པ། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དང་། ཕྱི་ཕྱོགས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལ་གཞིགས་ནས་རྡོ་ཐའི་ལས་རིགས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དང་ཕྱི་ཕྱོགས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་བྱེད་པའི་བྱ་བར་དོ་དམ་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། ཆེད་འཚོང་རྡོ་ཐའི་དངོས་རྫས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བ་དང་། ཕྱི་རྒྱལ་གྱི་རྡོ་ཐའི་གྲུབ་རྫས་མངགས་འཚོང་གི་ལས་སྒོ་གཉེར་བའམ་འགག་སྒོའི་ལྟ་སྲུང་དོ་དམ་ས་ཁོངས་ནང་ལོགས་སུ་དཔྱ་ཁྲལ་མི་དགོས་པའི་ཕྱི་རྒྱལ་གྱི་རྡོ་ཐའི་གྲུབ་རྫས་ཉོ་ཚོང་གི་ལས་སྒོ་གཉེར་བའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གམ་ཞིང་ཆེན་རིམ་པའི་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་དང་། ཐུན་མོང་མ་ཡིན་པའི་ཆེད་འཚོང་རྡོ་ཐ་ཚོང་གཉེར་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་འཐོབ་པར་བྱེད་དགོས།

ཐུན་མོང་མ་ཡིན་པའི་ཆེད་འཚོང་རྡོ་ཐ་ཚོང་གཉེར་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་ཡོད་པའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཚོང་ཟོག་ཉོ་འདྲེན་དང་། ཕྱིར་འཚོང་། མཛོད་ཉར་བཅས་ཀྱི་འཆར་གཞི་དང་སྙན་ཐོའི་རེའུ་མིག་འབུལ་དགོས།  

8 ལེའུ་བདུན་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་སུམ་ཅུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་རང་དགར་རྡོ་ཐ་ཉོ་སྒྲུབ་བྱས་རིགས་ལ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དངུལ་ཆད་གཅོད་རྒྱུ་དང་འབྲེལ་ཁྲིམས་འགལ་གྱིས་ཉོ་སྒྲུབ་བྱས་པའི་རྡོ་ཐ་རྣམས་རྒྱལ་ཁབ་ནས་གཏན་ལ་ཕབ་པའི་རིན་གོང་ལྟར་ཉོ་སྒྲུབ་བྱ་རྒྱུ་དང་། གྲངས་འབོར་ཧ་ཅང་མང་པོ་ཡོད་ཚེ་ཁྲིམས་འགལ་གྱིས་ཉོ་སྒྲུབ་བྱས་པའི་རྡོ་ཐ་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ།

དོན་ཚན་སོ་གཅིག་པ། སྐྱེལ་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་མེད་པའམ་སྐྱེལ་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་ནང་གཏན་འབེབས་བྱས་པའི་གྲངས་ཚད་ལས་བརྒལ་ནས་ཆེད་འཚོང་རྡོ་ཐའི་དངོས་རྫས་མངགས་འདྲེན་ནམ་རང་སོ་སོས་སྐྱེལ་འདྲེན་བྱས་རིགས་ལ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་དང་འགལ་ནས་སྐྱེལ་འདྲེན་བྱས་པའི་ཆེད་འཚོང་རྡོ་ཐའི་དངོས་རྫས་རྣམས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གོང་ཚད་ལྟར་ཉོ་སྒྲུབ་བྱས་ཆོག་ཅིང་། ཉེས་འཛོལ་ཚབས་ཆེན་ཡིན་ན་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱས་པའི་ཆེད་འཚོང་རྡོ་ཐའི་དངོས་རྫས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།

སྐྱེལ་འགན་ལེན་མིས་ཆེད་འཚོང་རྡོ་ཐའི་དངོས་རྫས་ཡིན་པ་ཤེས་བཞིན་དུ་སྐྱེལ་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་མེད་པའི་སྡེ་ཚན་དང་མི་སྒེར་ལ་སྐྱེལ་འདྲེན་བྱས་ཚེ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་གཅོད་རྒྱུ།

རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མཚམས་ཚད་ལས་བརྒལ་ཏེ་ཡུལ་གཞན་ནས་རྡོ་ཐ་དང་རྡོ་ཐའི་གྲུབ་རྫས་འབོར་ཆེ་ཙམ་ཁྱེར་ཡོང་ན་ནང་གསེས་དོན་ཚན་དང་པོར་འཁོད་གསལ་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་སོ་གཉིས་པ། ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་མེད་པར་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་བྱས་ཚེ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སྒོ་རྒྱག་ཏུ་འཇུག་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

ཆེད་འཚོང་རྡོ་ཐ་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་མེད་པར་ཐ་མག་སྒྲིལ་ཤོག་དང་། དུག་འཚག་དབྱུ་གུ། དབྱུ་གུའི་སྣལ་མའམ་རྡོ་ཐའི་ཆེད་སྤྱོད་འཕྲུལ་ཆས་ཐོན་སྐྱེད་བྱས་ན་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གོང་གསལ་ཐོན་རྫས་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། དངུལ་ཆད་ཆབས་སྦྲགས་སུ་བཅད་ཀྱང་འཐུས།

དོན་ཚན་སོ་གསུམ་པ། ཆེད་འཚོང་རྡོ་ཐ་སྡེབ་ཚོང་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་མེད་པར་རྡོ་ཐའི་གྲུབ་རྫས་སྡེབ་ཚོང་གི་ལས་སྒོ་གཉེར་ཚེ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སྒོ་རྒྱག་ཏུ་འཇུག་རྒྱུའམ་རྡོ་ཐའི་གྲུབ་རྫས་སྡེབ་ཚོང་གི་ལས་སྒོ་གཉེར་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

དོན་ཚན་སོ་བཞི་པ། ཐུན་མོང་མ་ཡིན་པའི་ཆེད་འཚོང་རྡོ་ཐ་ཚོང་གཉེར་ཁེ་ལས་གཉེར་འཐུས་ཀྱི་ལག་ཁྱེར་མེད་པར་ཆེད་འཚོང་རྡོ་ཐའི་དངོས་རྫས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བ་དང་། ཕྱི་རྒྱལ་གྱི་རྡོ་ཐའི་གྲུབ་རྫས་མངགས་ཚོང་གི་ལས་སྒོ་གཉེར་བའམ་དཔྱ་ཁྲལ་འཇལ་མི་དགོས་པའི་ཕྱི་རྒྱལ་གྱི་རྡོ་ཐའི་གྲུབ་རྫས་ཉོ་ཚོང་གི་ལས་སྒོ་གཉེར་ཚེ་རྡོ་ཐ་ཆེད་འཚོང་གི་གཞུང་སྲིད་དོ་དམ་སྡེ་ཁག་གིས་གོང་གསལ་ལས་སྒོ་གཉེར་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

དོན་ཚན་སོ་ལྔ་པ། ཆེད་འཚོང་རྡོ་ཐ་སིལ་ཚོང་བྱས་འཐུས་ཀྱི་ལག་ཁྱེར་མེད་པར་རྡོ་ཐའི་གྲུབ་རྫས་སིལ་ཚོང་གི་ལས་སྒོ་གཉེར་ཚེ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་གིས་རྡོ་ཐའི་གྲུབ་རྫས་སིལ་ཚོང་གི་ལས་སྒོ་གཉེར་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

དོན་ཚན་སོ་དྲུག་པ། ཐོ་བཀོད་ཚོང་རྟགས་མེད་པའི་བསྒྲིལ་ཐ་དང་། ཐ་མག་ཞུའེ་ཅ། ཐུམ་བསྒྲིལ་རྡོ་ཐ་ཞིབ་ཞིབ་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་གིས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

མི་གཞན་གྱི་ཐོ་བཀོད་ཚོང་རྟགས་རྫུན་སྤྱོད་བྱས་པའི་རྡོ་ཐའི་གྲུབ་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་གིས་དབང་ཆ་ཧམ་གནོད་ཀྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པ་དང་དབང་ཆ་ཧམ་གནོད་བྱ་ཡུལ་གྱི་གུན་གསབ་སྤྲོད་འཇལ་བྱ་དགོས་པའི་བཀའ་གཏོང་རྒྱུ་དང་འབྲེལ་དངུལ་ཆད་བཅད་ཀྱང་ཆོག་ཅིང་། ཉེས་ཚད་ལོན་པའི་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་སོ་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་དང་འགལ་ཏེ། རྡོ་ཐའི་གྲུབ་རྫས་ཀྱི་ཚོང་རྟགས་མཚན་མ་ཁྲིམས་འགལ་ངང་པར་འདེབས་བྱས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེས་པར་དུ་བཏབ་པའི་ཚོང་རྟགས་མཚན་མ་མེད་པར་བཟོ་རྒྱུ་དང་དེའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ།

དོན་ཚན་སོ་བརྒྱད་པ། ཆེད་འཚོང་རྡོ་ཐའི་དངོས་རྫས་ལོག་ཚོང་བརྒྱབ་ནས་ཉེས་ཚད་ལོན་པ་ཡིན་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཉེས་ཚབས་ཆུང་བས་ཉེས་ཚད་མ་ལོན་པའི་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེས་ལོག་ཚོང་རྒྱག་པའི་ཆེད་འཚོང་རྡོ་ཐའི་དངོས་རྫས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། དངུལ་ཆད་ཆབས་སྦྲགས་སུ་བཅད་ཀྱང་ཆོག

རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྡོ་ཐའི་ཀུང་སིའི་ལས་སྒྲུབ་མི་སྣས་འགན་བབ་ཀྱི་སྟབས་བདེར་བརྟེན་ནས་གོང་འཁོད་བྱས་ཉེས་བསགས་ཚེ་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་གཅོད་རྒྱུ།

དོན་ཚན་སོ་དགུ་པ། བཅའ་ཁྲིམས་འདིའི་ནང་གཏན་ལ་ཕབ་པའི་ཆེད་འཚོང་རྡོ་ཐའི་ཐོན་སྐྱེད་ཁེ་ལས་གཉེར་འཐུས་ལག་ཁྱེར་དང་། ཆེད་འཚོང་རྡོ་ཐ་ཚོང་གཉེར་བྱས་འཐུས་ལག་ཁྱེར་སོགས་ཀྱི་འཁྲོལ་འཛིན་དང་སྐྱེལ་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་རྫུན་བཟོ་དང་སྒྱུར་བཟོ། ཉོ་ཚོང་བཅས་བྱས་པའི་རིགས་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཉེས་འགན་བདའ་འདེད་གཏོང་རྒྱུ།

རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྡོ་ཐའི་ཀུང་སིའི་ལས་སྒྲུབ་མི་སྣས་འགན་བབ་ཀྱི་སྟབས་བདེར་བརྟེན་ནས་གོང་འཁོད་ཀྱི་བྱས་ཉེས་བསགས་ཚེ་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་གཅོད་རྒྱུ།

དོན་ཚན་བཞི་བཅུ་པ། ཆེད་འཚོང་རྡོ་ཐའི་དངོས་རྫས་ལྐོག་འདྲེན་བྱས་ནས་ལྐོག་འདྲེན་གྱི་བྱས་ཉེས་སུ་གྲུབ་པའི་རིགས་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཆེད་འཚོང་རྡོ་ཐའི་དངོས་རྫས་འབོར་ཆུང་ལྐོག་འདྲེན་བྱས་ནས་ལྐོག་འདྲེན་གྱི་བྱས་ཉེས་སུ་མ་གྲུབ་པའི་རིགས་ལ་འགག་སྒོ་ནས་ལྐོག་འདྲེན་དངོས་ཟོག་དང་དངོས་རྫས་དང་། ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་བཅད་ཀྱང་ཆོག

རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྡོ་ཐའི་ཀུང་སིའི་ལས་སྒྲུབ་མི་སྣས་འགན་བབ་ཀྱི་སྟབས་བདེར་བརྟེན་ནས་གོང་འཁོད་བྱས་ཉེས་བསགས་ཚེ་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་གཅོད་རྒྱུ།

དོན་ཚན་ཞེ་གཅིག་པ། རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་བཅའ་ཁྲིམས་འདི་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་དབང་ཆ་ཡོད། དྲག་ཤུགས་དང་འཇིགས་སྣང་སྐུལ་བའི་ཐབས་ལ་བརྟེན་ནས་རྡོ་ཐ་ཆེད་འཚོང་གི་ཞིབ་བཤེར་བྱེད་མིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། རྡོ་ཐ་ཆེད་འཚོང་གི་ཞིབ་བཤེར་བྱེད་མིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་དང་ལེན་མི་བྱེད་པ་དང་འགོག་རྐྱེན་བཟོས་ནའང་དྲག་ཤུགས་དང་འཇིགས་སྣང་སྐུལ་བའི་བྱེད་ཐབས་སྤྱད་མེད་པའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་གྱི་ཆད་པ་གཅོད་པའི་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

དོན་ཚན་ཞེ་གཉིས་པ། མི་དམངས་ཁྲིམས་ཁང་དང་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་པའི་འབྲེལ་ཡོད་སྡེ་ཁག་གི་ལས་སྒྲུབ་མི་སྣས་གཞུང་བཞེས་བཏང་པའི་རྡོ་ཐའི་གྲུབ་རྫས་ལྐོག་ཏུ་བགོ་བཤའ་བརྒྱབ་ན་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

མི་དམངས་ཁྲིམས་ཁང་དང་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་པའི་འབྲེལ་ཡོད་སྡེ་ཁག་གི་ལས་སྒྲུབ་མི་སྣས་གཞུང་བཞེས་བྱས་པའི་རྡོ་ཐའི་གྲུབ་རྫས་ཉོ་སྒྲུབ་བྱས་ན་ཕྱིར་སློག་ཏུ་འཇུག་རྒྱུ་དང་འབྲེལ་སྲིད་འཛིན་ཐད་ཀྱི་ཆད་པ་བཅད་ཀྱང་ཆོག

དོན་ཚན་ཞེ་གསུམ་པ། རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྡོ་ཐའི་ཀུང་སིའི་ལས་སྒྲུབ་མི་སྣས་འགན་དབང་བྱུང་རྒྱལ་དུ་སྤྱོད་པ་དང་། ཉེར་ཕྱོགས་གཡོ་ཟོལ་ལམ་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་བཅས་བྱས་ན་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ནོར་འཛོལ་ཚབས་ཆེ་བས་བྱས་ཉེས་སུ་གྲུབ་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་ཞེ་བཞི་པ། རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་་གིས་སྲིད་འཛིན་ཐོག་གི་ཆད་པ་བཅད་རིགས་དོ་བདག་གི་བློ་ལ་མ་བབས་ན་ཆད་པ་བཅད་དོན་གྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་ཆད་པ་གཅོད་མཁན་ལས་ཁུངས་ལས་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་ལ་བསྐྱར་གྲོས་ཡོང་རེ་ཞུས་ཆོག་ལ། ཆད་པ་བཅད་དོན་གྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཀྱང་ཆོག

བསྐྱར་གྲོས་ལས་ཁུངས་ཀྱིས་བསྐྱར་གྲོས་ཡོང་རེ་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ཉིན་དྲུག་ཅུའི་ནང་ཚུན་བསྐྱར་གྲོས་ཀྱི་ཆོད་དོན་འཇོག་དགོས། བསྐྱར་གྲོས་ཀྱི་ཆོད་དོན་དོ་བདག་གི་བློ་ལ་མ་བབས་ཚེ་བསྐྱར་གྲོས་ཀྱི་ཆོད་དོན་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག བསྐྱར་གྲོས་ལས་ཁུངས་ཀྱིས་དུས་བཅད་ནང་ཚུན་བསྐྱར་གྲོས་ཀྱི་ཆོད་དོན་མ་བཞག་ཚེ་དོ་བདག་གིས་བསྐྱར་གྲོས་བྱེད་ཡུན་ཐིམ་པའི་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག

དོ་བདག་གིས་དུས་བཅད་ནང་དུ་བསྐྱར་གྲོས་ཡོང་རེ་མ་ཞུས་ལ་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་ཡང་མ་བྱས་པ་དང་། ཆད་གཅོད་ཆོད་དོན་ལག་བསྟར་ཡང་མ་བྱས་ན་ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་ཡོང་རེ་ཞུས་ཆོག

9 ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་ལག་བསྟར་སྲོལ་ཡིག་བཟོ་རྒྱུ།

དོན་ཚན་ཞེ་དྲུགཔ། བཅའ་ཁྲིམས་འདི་ཉིད་སྤྱི་ལོ1992ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། སྤྱི་ལོ1983ལོའི་ཟླ9བའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་བསྒྲགས་བྱས་པའི《རྡོ་ཐ་ཆེ་འཚོང་གི་སྲོལ་ཡིག》ཅེས་པ་དུས་མཉམ་དུ་རྩིས་མེད་དུ་གཏོང་རྒྱུ།

དཔྱད་གཞིའི་ཡིག་ཆ།