ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:35ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས།
འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ཁྲོམ་དཔལ་འབྱོར་སྐྱོན་བྲལ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国消费者权益保护法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
བཟོ་བཅོས་དུས་ཚོད།
སྤྱི་ལོ2013ལོའི་ཟླ10བའི་ཚེས25ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2014ལོའི་ཟླ3པའི་ཚེས15ཉིན།
1 བཟོ་བཅོས། 

སྤྱི་ལོ1993 ལོའི་ཟླ10བའི་ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས4བའི་སྟེང་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1994ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན། སྤྱི་ལོ2009ལོའི་ཟླ8པའི་ཚེས27ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པས《བཅའ་ཁྲིམས་ཁག་ཅིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལྟར་དག་བཅོས་ཐེངས་དང་པོ་བྱས། སྤྱི་ལོ2013ལོའི་ཟླ10བའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས《བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས་བཟོ་བཅོས་ཐེངས2 པ་བྱས། 

2 ལེའུ་དང་པོ། སྤྱི་སྲོལ།

དོན་ཚན་དང་པོ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ཁྲོམ་དཔལ་འབྱོར་སྐྱོན་བྲལ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། འཛད་སྤྱོད་པས་འཚོ་བའི་འཛད་སྤྱོད་དགོས་མཁོའི་དབང་གིས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ། དེའི་ཁེ་དབང་ལ་བཅའ་ཁྲིམས་འདིའི་སྲུང་སྐྱོང་ཐོབ་པ་དང་། བཅའ་ཁྲིམས་འདིའི་ནང་དུ་གཏན་འཁེལ་བྱས་མེད་པ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གི་སྲུང་སྐྱོབ་ཐོབ་པ་ཡིན།

དོན་ཚན་གསུམ་པ། ཚོང་གཉེར་པས་འཛད་སྤྱོད་པར་རང་ཉིད་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ཚོང་རྫས་འདོན་སྤྲོད་བྱེད་པའམ་ཡང་ན་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྐབས་སུ། བཅའ་ཁྲིམས་འདི་བརྩི་སྲུང་བྱ་དགོས་པ་དང་། བཅའ་ཁྲིམས་འདིའི་ནང་དུ་གཏན་འཁེལ་བྱས་མེད་པ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ལ་བརྩི་སྲུང་བྱ་དགོས།

དོན་ཚན་བཞི་པ། ཚོང་གཉེར་པ་དང་འཛད་སྤྱོད་པས་ཉོ་ཚོང་བྱེད་སྐབས། ངེས་པར་རང་འཐད་དང་འདྲ་མཉམ། དྲང་བཞག གཞུང་དྲང་ཡིད་རྟོན་རུང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས

དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་མི་ཐེབས་པར་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ། འཛད་སྤྱོད་པས་ཁྲིམས་ལྟར་ཁེ་དབང་ལོངས་སྤྱོད་བྱེད་པར་འགན་སྲུང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱིས་དཔལ་ཡོན་དང་སྐྱོན་བྲལ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཛད་སྤྱོད་ཐབས་ལམ་བཏོན་ནས། ཆུད་ཟོས་གཏོང་བར་ངོ་རྒོལ་བྱ་རྒྱུ།

དོན་ཚན་དྲུག་པ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རྒྱལ་ཁབ་ཀྱིས་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནད་འཚེ་གཏོང་བའི་བྱ་སྤྱོད་བསྒྲུབ་པར་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ། སྤྱི་པའི་སྨྱན་བྱེད་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བ་དྲིལ་བསྒྲགས་ལེགས་པོ་བྱ་དགོས་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་གླེང་ཕྱོགས་ཀྱིས་ལྟ་སྐུལ་བྱ་དགོས། 

3 ལེའུ་གཉིས་པ། འཛད་སྤྱོད་པའི་དབང་ཆ།

དོན་ཚན་བདུན་པ། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་མི་ཐེབས་པའི་དབང་ཆ་ཡོད། འཛད་སྤྱོད་པར་བདག་གཉེར་པས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་དེ། མི་ལུས་བདེ་འཇགས་ཀྱི་བླང་བྱར་མཐུན་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད།

དོན་ཚན་བརྒྱད་པ། འཛད་སྤྱོད་པར་རང་ཉིད་ཀྱིས་ཉོ་རྒྱུའི་ཚོང་རྫས་བཀོལ་སྤྱོད་བྱེད་པ་དང་ཡང་ན་དང་ལེན་བྱེད་ཀྱིན་པའི་ཞབས་ཞུ་དེའི་གནས་ཚུལ་ངོ་མ་ཤེས་པའི་དབང་ཆ་ཡོད། འཛད་སྤྱོད་པར་ཚོང་རྫས་དང་ཞབས་ཞུའི་གནས་ཚུལ་མི་འདྲ་བ་དང་བསྟུན་ནས། བདག་གཉེར་པ་ལ་ཚོང་རྫས་དེའི་རིན་གོང་དང་ཐོན་ཡུལ། ཐོན་སྐྱེད་མཁན། སྤྱོད་ཡུལ། བྱེད་ནུས། ཚད་གཞི། རིམ་པ། གྲུབ་ཆ་གཙོ་བོ། ཐོན་སྐྱེད་ཉིན་མོ། གོ་ཆོད་དུས་ཡུན། ཞིབ་བཤེར་དཔང་ཡིག བཀོལ་སྤྱོད་བྱེད་སྟངས་བཅས་ཀྱི་གསལ་བཤད་ཡི་གེ་དང་ཉོས་རྗེས་ཀྱི་ཞབས་ཞུ་དང་ཡང་ན་ཞབས་ཞུའི་ནང་དོན་དང་ཚད་གཞི། རིན་གོང་སོགས་འབྲེལ་ཡོད་གནས་ཚུལ་འདོན་སྤྲོད་བྱ་རྒྱུའི་རེ་བ་འདོན་པའི་དབང་ཆ་ཡོད།

དོན་ཚན་དགུ་པ། འཛད་སྤྱོད་པར་ཚོང་རྫས་སམ། ཡང་ན་ཞབས་ཞུ་རང་བདག་སྒོས་གདམ་གསེས་བྱ་རྒྱུའི་དབང་ཆ་ཡོད། འཛད་སྤྱོད་པར་ཚོང་རྫས་སམ་ཡང་ན་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱི་བདག་གཉེར་པ་རང་བདག་སྒོས་གདམ་གསེས་བྱ་རྒྱུའི་དབང་ཆ་ཡོད་པ་དང་། ཚོང་རྫས་ཀྱི་རིགས་དང་ཡང་ན་ཞབས་ཞུ་བྱེད་སྟངས་རང་བདག་སྒོས་གདམ་གསེས་བྱ་རྒྱུ་དང་། ཚོང་རྫས་གང་ཞིག་ཉོ་བའམ་ཡང་ན་མི་ཉོ་བ་དང་ཞབས་ཞུ་གང་ཞིག་དང་ལེན་བྱེད་པའམ་ཡང་ན་མི་བྱེད་པ་ཐག་གཅོད་བྱ་རྒྱུའི་དབང་ཆ་ཡོད། འཛད་སྤྱོད་པས་རང་བདག་སྒོས་ཚོང་རྫས་སམ་ཡང་ན་ཞབས་ཞུ་གདམ་གསེས་བྱེད་པའི་སྐབས་སུ། གཤིབ་བསྡུར་དང་ཡང་ན་གསལ་བྱེད། གདམ་གསེས་བཅས་བྱ་རྒྱུའི་དབང་ཆ་ཡོད།

དོན་ཚན་བཅུ་པ། འཛད་སྤྱོད་པར་དྲང་བཞག་གི་ཉོ་ཚོང་ལོངས་སྤྱོད་བྱ་རྒྱུའི་དབང་ཆ་ཡོད། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐདས་སུ། སྤུས་ཀ་འགན་སྲུང་དང་རིན་གོང་ལུགས་མཐུན། གྲངས་འབོར་ཡང་དག་བཅས་དྲང་བཞག་གིས་ཉོ་འཚོང་བྱེད་པའི་དབང་ཆ་ཡོད་པ་དང་། བདག་གཉེར་པས་བཙན་ཤེད་ཀྱིས་ཉོ་རུ་འཇུག་པའི་བྱ་སྤྱོད་ལ་དགག་ལན་སློག་རྒྱུའི་དབང་ཆ་ཡོད།

དོན་ཚན་བཅུ་གཅིག་པ། འཛད་སྤྱོད་པར་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་ན། ཁྲིམས་ལྟར་སྐྱིན་ཚབ་ཐོབ་པའི་དབང་ཆ་ཡོད།

དོན་ཚན་བཅུ་གཉིས་པ། འཛད་སྤྱོད་པར་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་རྩ་འཛུགས་འཛུགས་པའི་དབང་ཆ་ཡོད།

དོན་ཚན་བཅུ་གསུམ་པ། འཛད་སྤྱོད་པར་འབྲེལ་ཡོད་འཛད་སྤྱོད་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐད་ཀྱི་ཤེས་བྱ་ཐོབ་པའི་དབང་ཆ་ཡོད། འཛད་སྤྱོད་པས་ཧུར་བརྩོན་སྒོས་རང་ཉིད་ལ་མཁོ་བའི་ཚོང་རྫས་དང་ཞབས་ཞུ་སྐོར་གྱི་ཤེས་བྱ་དང་བཀོལ་སྤྱོད་བྱེད་སྟངས་ལ་རྒྱུས་ལོན་བྱེད་པ་དང་། ཡང་དག་པས་ཚོང་རྫས་བཀོལ་སྤྱོད་བྱས་ཏེ། རང་ཉིད་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་མཐོར་གཏོང་དགོས།

དོན་ཙན་བཅུ་བཞི་པ། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་། ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ། མི་གཞིའི་ལ་རྒྱ་དང་མི་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ་བརྩི་འཇོག་ཐོབ་པའི་དབང་ཆ་ཡོད་པ་དང་། རང་ཉིད་ཀྱི་ཆ་འཕྲིན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་དབང་ཆ་ཡོད།

དོན་ཚན་བཅོ་ལྔ་པ། འཛད་སྤྱོད་པར་ཚོང་རྫས་དང་ཞབས་ཞུ། གཞན་ད་རུང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བར་ལྟ་སྐུལ་དང་དོ་དམ་བྱ་རྒྱུའི་དབང་ཆ་ཡོད། འཛད་སྤྱོད་པར་འཛད་སྤྱད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་བྱེད་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཁྲིམས་འགལ་ནོར་འཛོལ་བྱུང་བའི་བྱ་སྤྱོད་དག་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་རྒྱུའི་དབང་ཆ་ཡོད་པ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་བར་སྐྱོན་བརྗོད་དང་གྲོས་གཞི་འདོན་པའི་དབང་ཆ་ཡོད།

4  ལེའུ་གསུམ་པ། ཚོང་གཉེར་པའི་འོས་འགན། 

དོན་ཚན་བཅུ་དྲུག་པ། ཚོང་གཉེར་པས་འཛད་སྤྱོད་པར་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས། བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ཏུ་གཏན་འཁེལ་བྱས་ཡོད་པའི་འོས་འགན་ལག་བསྟར་བྱ་དགོས། ཚོང་གཉེར་པ་དང་འཛད་སྤྱོད་པ་གཉིས་ལ་ཁ་ཆད་ཡོད་ན། ཁ་ཆད་ལྟར་འོས་འགན་ལག་བསྟར་བྱ་དགོས་མོད། འོན་ཀྱང་ཕྱོགས་གཉིས་ཀའི་ཁ་ཆད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་དང་འགལ་མི་ཆོག

ཚོང་གཉེར་པས་འཛད་སྤྱོད་པར་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས། ངེས་པར་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་བརྩི་སྲུང་དང་གཞུང་དྲང་གིས་ཚོང་གཉེར་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས་པ་ལས། དྲང་གཞག་དང་ལུགས་མཐུན་མིན་པའི་ཉོ་ཚོང་ཆ་རྐྱེན་འདོན་མི་ཆོག་ལ། བཙན་ཤེད་ཀྱིས་ཉོ་འཚོང་ཡང་བྱེད་མི་ཆོག

དོན་ཚན་བཅུ་བདུན་པ། ཚོང་གཉེར་པས་ངེས་པར་འཛད་སྤྱོད་པས་བཏོན་པའི་ཚོང་རྫས་དང་ཞབས་ཞུ་ཐད་ཀྱི་བསམ་འཆར་ལ་ཉན་པ་དང་། འཛད་སྤྱོད་པའི་ལྟ་སྐུལ་དང་ལེན་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། ཚོང་གཉེར་པས་ངེས་པར་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་དེ་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པར་ཁག་ཐེག་བྱ་དགོས་པ་དང་། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཐེབས་ངེས་པའི་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས། ངེས་པར་འཛད་སྤྱོད་པར་གནས་ཚུལ་ངོ་མ་བཤད་པ་དང་དྲན་སྐུལ་བྱ་དགོས་པར་མ་ཟད། ཚོང་རྫས་བཀོལ་སྤྱོད་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་ཐབས་ལམ་དང་། གཞན་ད་རུང་གནོད་འཚེ་སྔོན་འགོག་བྱེད་ཐབས་བཅས་ཡང་དག་པས་གསལ་བཤད་བྱ་དགོས། མགྲོན་ཁང་དང་ཚོང་ར། ཟ་ཁང་། དངུལ་ཁང་། གནམ་གྲུ་ཐང་། རླངས་འཁོར་རམ་མེ་འཁོར་ས་ཚིགས། གྲུ་ཁ། གློག་བརྙན་ཟློས་གར་ཁང་སོགས་ཀྱི་བདག་གཉེར་པས་འཛད་སྤྱོད་པར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་འོས་འགན་འཁུར་དགོས།

དོན་ཚན་བཅུ་དགུ་པ། ཚོང་གཉེར་པས་རང་ཉིད་ཀྱིས་འདོན་སྤྲོད་བྱེད་ཀྱིན་པའི་ཚོང་རྫས་དང་ཞབས་ཞུ་ལ་སྐྱོན་ཆ་ཡོད་པའམ་ཡང་ན་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཐད་ཉེན་ཁ་ཡོད་པ་ཤེས་ན། མྱུར་དུ་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ལ་ཡར་ཞུ་བྱེད་པ་དང་འཛད་སྤྱོད་པར་བརྡ་རྒྱག་དགོས་པར་མ་ཟད། ཕྱིར་འཚོང་བྱེད་མཚམས་འཇོག་པ་དང་དྲན་སྐུལ་གཏོང་བ། ཕྱིར་སྡུད་པ། གནོད་སྐྱོན་ཐག་གཅོད་བྱེད་པ། མེན་པར་བཟོ་བ། ཐོན་སྐྱེད་དང་ཞབས་ཞུ་བྱེད་མཚམས་འཇོག་པ་བཅས་ཀྱི་བྱེད་ཐབས་སྤྱད་དགོས་པ་དང་། ཕྱིར་བསྡུས་ན་ཚོང་གཉེར་པས་ངེས་པར་འཛད་སྤྱོད་པའི་ཚོང་རྫས་ཕྱིར་སྡུད་བྱས་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

དོན་ཚན་ཉི་ཤུ་པ། ཚོང་གཉེར་པས་འཛད་སྤྱོད་པར་ཚོང་རྫས་དང་ཡང་ན་ཞབས་ཞུ་ཡི་འབྲེལ་ཡོད་སྤུས་ཀ་དང་བྱེད་ནུས། སྤྱོད་ཡུལ། གོ་ཆོད་དུས་ཡུན་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱེད་སྐབས། ངེས་པར་བདེན་དྲང་དང་ཁྱོན་ཡོངས་ལྡན་དགོས་པ་ལས། རྫུན་མ་དང་ཡང་ན་གོ་ནོར་ཐེབས་སླ་བའི་དྲིལ་བསྒྲགས་བྱ་མི་ཆོག

ཚོང་གཉེར་པས་འཛད་སྤྱོད་པའི་བཏོན་པའི་ཚོང་རྫས་དང་ཞབས་ཞུའི་སྤུས་ཀ་དང་བཀོལ་སྤྱོད་བྱེད་སྟངས་ཐད་ཀྱི་དྲི་བར་བདེན་དྲང་དང་ཡང་དག་པས་ལན་འདེབས་དགོས། ཚོང་གཉེར་པས་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་ངེས་པར་རིན་གོང་གསལ་བོར་འགོད་དགོས།

དོན་ཚན་ཉེར་གཅིག་པ། ཚོང་གཉེར་པས་ངེས་པར་ཚོང་རྫས་ཀྱི་མིང་དང་མཚོན་རྟགས་ངོ་མ་འགོད་དགོས། མི་གཞན་གྱི་སྟེགས་བུའམ་ཡང་ན་ར་སྐོར་གླས་པའི་ཚོང་གཉེར་པས་ངེས་པར་དེའི་མིང་དང་མཚོན་རྟགས་ངོ་མ་འགོད་དགོས།

དོན་ཚན་ཉེར་གཉིས་པ། ཚོང་གཉེར་པས་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་ཡང་ན་ཚོང་ལས་ཀྱི་གོམས་སྲོལ་ལྟར་འཛད་སྤྱོད་པར་འཛིན་ཡིག་སོགས་ཀྱི་ཚོང་རྫས་ཉོསཔའམ་ཞབས་ཞུ་དང་ལེན་བྱས་པའི་བདེན་དཔང་འདོན་སྤྲོད་བྱ་དགོས་པ་དང་། འཛད་སྤྱོད་པས་འཛིན་ཡིག་སོགས་ཀྱི་ཚོང་རྫས་ཉོས་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་བདེན་དཔང་འདོན་དགོས་པའི་རེ་བ་བཏོན་ན། ཚོང་གཉེར་པས་ངེས་པར་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་གསུམ་པ། ཚོང་གཉེར་པས་རྒྱུན་ལྡན་ལྟར་ཚོང་རྫས་བཀོལ་སྤྱོད་དང་ཞབས་ཞུ་དང་ལེན་བྱེད་པའི་གནས་ཚུལ་འོག་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་ལ་ངེས་པར་ལྡན་དགོས་པའི་སྤུས་ཀ་དང་བྱེད་ནུས། སྤྱོད་ཡུལ། གོ་ཆོད་དུས་ཡུན་སོགས་ཁག་ཐེག་བྱ་དགོས་མོད། འོན་ཀྱང་འཛད་སྤྱོད་པས་ཚོང་རྫས་དེ་ཉོ་བའམ་ཡང་ན་ཞབས་ཞུ་དང་ལེན་མ་བྱས་གོང་དེར་སྐྱོན་ཆ་ཡོད་པ་ཤེས་དགོས་པར་མ་ཟད། སྐྱོན་ཆ་དེ་བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་འགལ་མེད་པ་ཕུད་དགོས།

ཚོང་གཉེར་པས་བརྡ་ཁྱབ་དང་ཐོན་རྫས་ཀྱི་གསལ་བཤད་ཡི་གེ དངོས་དཔེ་སོགས་ཀྱི་རྣམ་པ་སྤྱད་དེ་ཚོང་རྫས་དང་ཞབས་ཞུའི་སྤུས་ཀའི་གནས་ཚུལ་འགྲེམ་སྟོན་བྱེད་པར་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་སམ་ཞབས་ཞུའི་དོན་དངོས་སྤུས་ཀ་དང་འགྲེམ་སྟོན་བྱས་པའི་སྤུས་ཀ་གཉིས་གཅིག་མཐུན་ཡིན་པར་ཁག་ཐེག་བྱ་དགོས། ཚོང་གཉེར་པས་འདོན་སྤྲོད་བྱེད་ཀྱིན་པའི་འཕྲུལ་སྒུལ་འཁོར་ལོ་དང་རྩིས་འཁོར། བརྙན་འཕྲིན་འཕྲུལ་ཆས། འཁྱགས་སྒམ། འཁྱགས་བཟོ་འཕྲུལ་ཆས། གོས་འཁྲུད་འཕྲུལ་ཆས་སོགས་ཀྱི་སྤྱོད་ཡུན་རིང་བའི་ཚོང་རྫས་སམ་ཡང་ན་སྡོད་ཁང་མཛེས་སྤྲས་སོགས་ཀྱི་ཞབས་ཞུ་ལ། འཛད་སྤྱོད་པས་ཚོང་རྫས་སམ་ཞབས་ཞུ་དང་ལེན་བྱས་པའི་ཉིན་དེ་ནས་བཟུང་སྟེ་ཟླ་དྲུག་གི་ནང་སྐྱོན་ཆ་ཡོད་པ་ཤེས་ཏེ་རྩོད་གཞི་བྱུང་ན། ཚོང་གཉེར་པས་འབྲེལ་ཡོད་སྐྱོན་ཆའི་བདེན་དཔང་འདོན་པའི་འགན་འཁྲི་འཁུར་དགོས།

དོན་ཚན་ཉེར་བཞི་པ། ཚོང་གཉེར་པས་འདོན་སྤྲོད་བྱས་པའི་ཚོང་རྫས་སམ་ཞབས་ཞུ་དེ་སྤུས་ཀའི་བླང་བྱ་དང་མི་མཐུན་ན། འཛད་སྤྱོད་པས་རྒྱལ་ཁབ་ཀྱི་གཏན་འཁེལ་དང་དོན་ཐོག་པའི་ཁ་ཆད་ལྟར་ཕྱིར་སློག་བྱེད་ཆོག་པ་དང་ཡང་ན་ཚོང་གཉེར་པ་ལ་བརྗེ་སྤོར་དང་ཞིག་གསོའི་འོས་འགན་འཁུར་དགོས་པའི་རེ་བ་བཏོན་ཆོགརྒྱལ་ཁབ་ཀྱི་གཏན་འཁེལ་དང་དོན་ཐོག་པའི་ཁ་ཆད་མེད་ན། འཛད་སྤྱོད་པའི་ཚོང་རྫས་འབྱོར་བའི་ཉིན་དེ་ནས་བཟུང་ཉིན་བདུན་གྱི་ནང་ཕྱིར་སློག་བྱེད་ཆོག་པ་དང་། ཉིན་བདུན་གྱི་རྗེས་སུ་ཁྲིམས་བཀོད་ཀྱི་ཁ་ཆད་མེད་པར་བཟོ་བའི་ཆ་རྐྱེན་དང་མི་མཐུན་ན། ཚོང་གཉེར་པ་ལ་བརྗེ་སྤོར་དང་ཞིག་གསོའི་འོས་འགན་འཁུར་དགོས་པའི་རེ་བ་བཏོན་ཆོག  གོང་གི་གཏན་འཁེལ་ལྟར་ཚོང་རྫས་ཕྱིར་སློག་དང་བརྗེ་སྤོར། ཞིག་གསོ་བཅས་བྱ་དགོས་ན། ཚོང་གཉེར་པས་ངེས་པར་སྐྱེལ་འདྲེན་སོགས་སྱི་གྲོན་དངུལ་ཕུད་དགོས།

དོན་ཚན་ཉེར་ལྔ་པ། ཚོང་གཉེར་པས་དྲ་བ་དང་བརྙན་འཕྲིན། ཁ་པར། སྦྲག་སྲིད་སོགས་སྤྱད་དེ་ཚོང་རྫས་ཕྱིར་འཚོང་བྱེད་ན། འཛད་སྤྱོད་པར་ཚོང་རྫས་འབྱོར་བའི་ཉིན་དེ་ནས་བཟུང་ཉིན་བདུན་གྱི་ནང་ཚོང་རྫས་ཕྱིར་སློག་བྱ་རྒྱུའི་དབང་ཆ་ཡོད་པར་མ་ཟད། རྒྱུ་མཚན་ཡང་བཤད་མི་དགོས་མོད། འོན་ཀྱང་གཤམ་གྱི་ཚོང་རྫས་འདི་དག་འཕུད་དགོས།

(གཅིག) འཛད་སྤྱོད་པས་མངགས་བཟོ་བྱས་པའི་ཚོང་རྫས།

(གཉིས) གསར་བ་དང་གསོན་པོའི་རིགས་རུལ་སླ་བ།

(གསུམ) དྲ་ཐོག་ནས་ཕབ་ལེན་བྱས་པའམ་འཛད་སྤྱོད་པས་ཁ་ཕྱེས་བའི་སྒྲ་ཕབ་བཟོས་རྫས་དང་གློག་ཀླད་མཉེན་ཆས་སོགས་ཨང་ཀི་རིགས་ཀྱི་ཚོང་རྫས།

(བཞི) ཚགས་པར་དུས་དེབ་བཅས་ཡིན།

གོང་དུ་བཀོད་པའི་ཚོང་རྫས་ལས་གཞན་ད་རུང་ཚོང་རྫས་ཀྱི་རིགས་དང་འཛད་སྤྱོད་པས་ཉོ་བའི་སྐབས་སུ་ཕྱིར་སློག་བྱ་མི་འོས་པ་ཤེས་པའི་ཚོང་རྫས་རྣམས་རྒྱུ་མཚན་མེད་པར་ཕྱིར་སློག་བྱ་མི་རུང་།

འཛད་སྤྱོད་པས་ཕྱིར་སློག་བྱེད་པའི་ཚོང་རྫས་དེ་ངེས་པར་ཆ་ཚང་ཡིན་དགོས་པ་དང་། ཚོང་གཉེར་པས་ཕྱིར་སློག་ཚོང་རྫས་འབྱོར་བའི་ཉིན་དེ་ནས་བཟུང་ཉིན་བདུན་གྱི་ནང་འཛད་སྤྱོད་པས་སྤྲད་པའི་རིན་སྒོར་ཕྱིར་སློག་བྱ་དགོས། ཕྱིར་སློག་ཚོང་རྫས་ཀྱི་སྐྱེལ་འདྲེན་གྲོན་དངུལ་དེ་འཛད་སྤྱོད་པས་འཁུར་དགོས་པ་དང་། བདག་གཉེར་པ་དང་འཛད་སྤྱོད་པར་ཁ་ཆད་གཞན་པ་ཡོད་ན། ཁ་ཆད་ལྟར་བསྒྲུབ་དགོས།

དོན་ཚན་ཉེར་དྲུག་པ། ཚོང་གཉེར་པས་ཚོང་གཉེར་བྱ་འགུལ་ཁྲོད་ཚད་གཞིའི་ཁོད་ཚན་བཀོལ་སྤྱོད་བྱས་ན། མངོན་གསལ་དོད་པོའི་བྱེད་སྟངས་ཀྱིས་འཛད་སྤྱོད་པར་ཚོང་རྫས་སམ་ཞབས་ཞུའི་གྲངས་འབོར་དང་སྤུས་ཀ རིན་གོང་། གྲོན་དངུལ། ལག་བསྟར་དུས་ཡུན་དང་ཐབས་ལམ། དོ་སྣང་བྱ་ཡུལ་དང་ཉེན་ཁའི་དྲན་སྐུལ། ཉོས་རྗེས་ཀྱི་ཞབས་ཞུ། དམངས་དོན་འགན་འཁྲི་སོགས་འཛད་སྤྱོད་པ་དང་ཁེ་ཕན་གྱི་འབྲེལ་བ་ཆེན་པོ་ཡོད་པའི་ནང་དོན་མཉམ་འཇོག་དགོས་པའི་དྲན་སྐུལ་བྱ་དགོས་པར་མ་ཟད། འཛད་སྤྱོད་པའི་རེ་བ་ལྟར་གསལ་བཤད་བྱ་དགོས།

ཚོང་གཉེར་པས་ཚད་གཞིའི་ཁོད་ཚན་དང་བརྡ་སྦྱོར། གསལ་བསྒྲགས། ཚོང་ཁང་གི་རྩ་ཚིགས་སོགས་ཀྱི་རྣམ་པ་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་ལ་ཚོད་འཛིན་དང་མེད་པར་བཟོ་བའམ་ཡང་ན་བདག་གཉེར་པའི་འགན་འཁྲི་ཇེ་ཡང་དང་མེད་པར་བཟོ་བ། འཛད་སྤྱོད་པའི་འགན་འཁྲི་ཇེ་ལྗིད་དུ་གཏོང་བ་སོགས་འཛད་སྤྱོད་པར་དྲང་གཞག་དང་ལུགས་མཐུན་མ་ཡིན་པའི་གཏན་འཁེལ་བཟོ་མི་ཆོག་པ་དང་། ཚད་གཞིའི་ཁོད་ཚན་སྤྱད་པ་དང་ཡང་ན་ལག་རྩལ་དང་ཐབས་ལམ་སྤྱད་དེ་བཙན་ཤེད་ཀྱི་ཉོ་ཚོང་བྱེད་དུ་འཇུག་མི་ཆོག

ཚད་གཞིའི་ཁོད་ཚན་དང་བརྡ་སྦྱོར། གསལ་བསྒྲགས། ཚོང་ཁང་གི་རྩ་ཚིག་སོགས་ཁོད་ཚན་སྔོན་མའི་ནང་དུ་འདུས་པའི་ནང་དོན་ལྡན་ན། ནང་དོན་དེ་ནི་ནུས་མེད་ཡིན།

དོན་ཚན་ཉེར་བདུན་པ། ཚོང་གཉེར་པས་འཛད་སྤྱོད་པར་བརྙས་བཅོས་དང་སྐུར་འདེབས་བྱེད་མི་ཆོག་པ་དང་། འཛད་སྤྱོད་པར་ལུས་བཤེར་དང་དེས་ཁྱེར་བའི་དངོས་པོར་སྔོག་བཤེར་བྱེད་མི་ཆོག་ལ། འཛད་སྤྱོད་པའི་མི་ལུས་རང་དབང་ལ་གནོད་འཚེ་བཏང་མི་ཆོག

དོན་ཚན་ཉེར་བརྒྱད་པ། དྲ་བ་དང་བརྙན་འཕྲིན། ཁ་པར། སྦྲག་སྲིད་སོགས་སྤྱད་དེ་ཚོང་རྫས་སམ་ཡང་ན་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་པའི་ཚོང་གཉེར་པ་དང་། གཞན་ད་རུང་དངུལ་འཛིན་དང་ཉེན་སྲུང་། དངུལ་ཁང་སོགས་ཀྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་པའི་བདག་གཉེར་པས་འཛད་སྤྱོད་པར་བདག་གཉེར་ས་གནས་དང་འབྲེལ་གཏུག་བྱེད་ཐབས། ཚོང་རྫས་སམ་ཞབས་ཞུའི་གྲངས་འབོར་དང་སྤུས་ཀ རིན་གོང་། གྲོན་དངུལ། ལག་བསྟར་དུས་ཡུན་དང་ཐབས་ལམ། དོ་སྣང་བྱ་ཡུལ་དང་ཉེན་ཁའི་དྲན་སྐུལ། ཉོས་རྗེས་ཀྱི་ཞབས་ཞུ། དམངས་དོན་འགན་འཁྲི་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་དགུ་པ། ཚོང་གཉེར་པས་འཛད་སྤྱོད་པའི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱ་དགོས་ན། ངེས་པར་ཁྲིམས་མཐུན་དང་ལུགས་མཐུན། ཡང་དག་བཅས་ཀྱི་རྩ་དོན་དང་མཐུན་དགོས་ལ། ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་པའི་དམིགས་ཡུལ་དང་ཐབས་ལམ། ཁྱབ་ཁོངས་སོགས་གསལ་བོར་བཤད་དགོས་པར་མ་ཟད། འཛད་སྤྱོད་པ་འཐད་པ་འབྱུང་དགོས། ཚོང་གཉེར་པས་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱ་སྐབས། ངེས་པར་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་སྟངས་གསལ་བསྒྲགས་བྱ་དགོས་པ་ལས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་དང་ཡང་ན་ཕྱོགས་གཉིས་ཀྱི་ཁ་ཆད་དང་འགལ་བའི་སྒོ་ནས་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་མི་ཆོག

ཚོང་གཉེར་པ་དང་དེའི་ལས་བྱེད་མི་སྣས་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱས་རྗེས་ངེས་པར་གསང་དགོས་པ་ལས་ཕྱི་རུ་བསྒྲགས་མི་ཆོག་པ་དང་། བཙོང་བའམ་ཡང་ན་ཁྲིམས་འགལ་སྒོས་མི་གཞན་ལ་འདོན་སྤྲོད་བྱ་མི་ཆོག ཚོང་གཉེར་པས་ལག་རྩལ་གྱི་ཐབས་ལམ་དང་ཡང་ན་དགོས་ངེས་ཀྱི་ཐབས་ལམ་གཞན་པ་སྤྱད་དེ། ཆ་འཕྲིན་བདེ་འཇགས་ཡོང་བར་འགན་སྲུང་བྱ་དགོས་པ་དང་འཛད་སྤྱོད་པའི་སྒེར་གྱི་ཆ་འཕྲིན་ཕྱི་རུ་ཤོར་བའམ་བོར་བརླག་མི་འབྱུང་བར་ཁག་ཐེག་བྱ་དགོས། ཆ་འཕྲིན་ཕྱི་རུ་ཤོར་བའམ་ཡང་ན་བོར་སྲིད་པ་ཡིན་ན་ངེས་པར་ཁ་གསབ་ཀྱི་བྱེད་ཐབས་སྤྱད་དགོས།

ཚོང་གཉེར་པས་འཛད་སྤྱོད་པ་མི་འཐད་པའམ་འཛད་སྤྱོད་པའི་བསམ་འཆར་སྡུད་ལེན་མི་བྱེད་པ་དང་། ཡང་ན་འཛད་སྤྱོད་པས་དགག་ལེན་གསལ་བོ་བྱིན་རྗེས། དེ་ལ་ཚོང་ལས་རང་བཞིན་གྱི་ཆ་འཕྲིན་བསྐུར་མི་ཆོག

5 ལེའུ་བཞི་པ། རྒྱལ་ཁབ་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། 

དོན་ཚན་སུམ་ཅུ་པ། རྒྱལ་ཁབ་ཀྱིས་འཛད་སྤྱོད་པའི་ཁེ་དབང་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་བཟོ་དུས། འཛད་སྤྱོད་པ་དང་འཛད་སྤྱོད་པའི་མཐུན་ཚོགས་སོགས་རྩ་འཛུགས་ཀྱི་བསམ་འཆར་ལ་ཉན་དགོས།

དོན་ཚན་སོ་གཅིག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་བ་ལེགས་སྒྲུབ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་པར་རྩ་འཛུགས་དང་མཐུན་སྦྱོར། སྐུལ་འདེད་བཅས་བྱ་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་འབྱུང་བ་སྔོན་འགོག་དང་། འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དུས་ལྟར་བཀག་འགོག་བྱ་དགོས།

དོན་ཚན་སོ་གཉིས་པ། རིམ་པ་སོ་སོའི་མི་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གཞན་དག་གིས་ངེས་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་འཛད་སྤྱོད་པ་དང་འཛད་སྤྱོད་པའི་མཐུན་ཚོགས་སོགས་རྩ་འཛུགས་ཀྱིས་བཏོན་པའི་ཚོང་གཉེར་པའི་ཉོ་ཚོང་བྱ་སྤྱོད་དང་ཚོང་རྫས་སམ་ཞབས་ཞུའི་སྤུས་ཀའི་གནད་དོན་ཐད་ཀྱི་བསམ་འཆར་ལ་ལེགས་པར་མཉན་ནས། དུས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་དགོས།

དོན་ཚན་སོ་གསུམ་པ། འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་། དུས་བཅད་དང་ཡང་ན་དུས་བཅད་མ་ཡིན་པའི་སྒོ་ནས་ཚོང་གཉེར་པས་འདོན་སྤྲོད་བྱེད་ཀྱིན་པའི་ཚོང་རྫས་སམ་ཞབས་ཞུ་སྐོང་འཐེན་ཞིབ་བཤེར་བྱ་དགོས་པར་མ་ཟད། སྐོང་འཐེན་ཞིབ་བཤེར་བྱས་པའི་མཇུག་འབྲས་དུས་ལྟར་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས།

འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ཚོང་གཉེར་པས་འདོན་སྤྲོད་བྱེད་ཀྱིན་པའི་ཚོང་རྫས་སམ་ཞབས་ཞུ་ལ་སྐྱོན་ཆ་ཡོད་པ་དང་། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ལྡན་པ་ཤེས་ན། ཚོང་གཉེར་པ་ལ་མྱུར་དུ་ཕྱིར་འཚོང་བྱེད་མཚམས་འཇོག་པ་དང་ཉེན་བརྡ་གཏོང་བ། ཕྱིར་སྡུད་པ། སྤྱི་གནོད་མེད་པའི་ཐག་གཅོད་བྱེད་པ། མེད་པར་བཟོ་བ། ཐོན་སྐྱེད་དང་ཞབས་ཞུ་བྱེད་མཚམས་འཇོག་པ་བཅས་བྱ་དགོས་པའི་བཀའ་འབེབས་དགོས།

དོན་ཚན་སོ་བཞི་པ། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། ཚོང་གཉེར་པས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཆད་པ་གཅོད་དགོས།

དོན་ཚན་སོ་ལྔ་པ། མི་དམངས་ཁྲིམས་ཁང་གིས་བྱེད་ཐབས་སྤྱད་དེ། འཛད་སྤྱོད་པས་ཞུ་གཏུག་བྱེད་པར་སྟབས་བདེ་བཟོ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཞུ་གཏུག་བཅའ་ཁྲིམས》ཀྱི་ཞུ་གཏུག་ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་པའི་ཁེ་དབང་རྩོད་གཞི་ངེས་པར་བདག་སྤྲོད་དང་དུས་ལྟར་འདྲི་གཅོད་བྱ་དགོས།

6  ལེའུ་ལྔ་པ། འཛད་སྤྱོད་པའི་རྩ་འཛུགས།

དོན་ཚན་སོ་དྲུག་པ། འཛད་སྤྱོད་པའི་མཐུན་ཚོགས་དང་འཛད་སྤྱོད་པའི་རྩ་འཛུགས་གཞན་དག་ནི་ཁྲིམས་ལྟར་བཙུགས་པའི་ཚོང་རྫས་སམ་ཞབས་ཞུ་ལ་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཡིན།

དོན་ཚན་སོ་བདུན་པ། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གཤམ་གྱི་སྤྱི་ཕན་རང་བཞིན་གྱི་འགན་འཁྲི་འདི་དག་ལག་བསྟར་བྱ་དགོས་ཏེ།

(གཅིག) འཛད་སྤྱོད་པར་འཛད་སྤྱོད་ཆ་འཕྲིན་དང་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱ་དགོས་པ་དང་། འཛད་སྤྱོད་པ་རང་སྟེང་གི་ཁྲིམས་མཐུན་ཁེ་དབང་སྲུང་བའི་ནུས་པ་མཐོར་འདེགས་དང་། དཔལ་ཡོན་དང་སྐྱོན་བྲལ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འཛད་སྤྱོད་བྱེད་སྟངས་ལ་ཁྲིད་སྟོན་བྱ་དགོས།

(གཉིས) འཛད་སྤྱོད་པའི་ཁེ་དབང་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ། བཙན་ཤེད་རང་བཞིན་གྱི་ཚད་གཞི་བཅས་བཟོ་བར་ཞུགས་པ།

(གསུམ) འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ཚོང་རྫས་དང་ཞབས་ཞུ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཞུགས་པ།

(བཞི) འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་དང་འབྲེལ་བའི་གནད་དོན་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་དང་རྩད་གཅོད་བྱེད་པ་དང་། གྲོས་གཞི་འདོན་དགོས།

(ལྔ) འཛད་སྤྱོད་པའི་ཞུ་གཏུག་བདག་སྤྲོད་བྱ་དགོས་པར་མ་ཟད། ཞུ་གཏུག་བྱས་པའི་དོན་བྱར་ཞིབ་བཤེར་དང་འདུམ་སྒྲིག་བྱ་དགོས།

(དྲུག) ཞུ་གཏུག་དོན་བྱ་དེ་ཚོང་རྫས་སམ་ཞབས་ཞུའི་སྤུས་ཀའི་གནད་དོན་དང་འབྲེལ་ཡོད་ན། ཐོབ་ཐང་ཡོད་པའི་གསལ་འབྱེད་མཁན་ཞིག་ལ་གསལ་འབྱེད་བྱེད་དུ་འཇུག་ཆོག་པ་དང་། གསལ་འབྱེད་མཁན་གྱིས་གསལ་འབྱེད་བསམ་འཆར་ཕྱི་རུ་བསྒྲགས་ནས་ཤེས་སུ་འཇུག་དགོས།

(བདུན) འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལྡན་ན། གྱོང་གུན་ཐེབས་པའི་འཛད་སྤྱོད་པས་ཞུ་གཏུག་བྱེད་པར་རྒྱབ་སྐྱོར་དང་ཡང་ན་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཞུ་གཏུག་བྱ་དགོས།

(བརྒྱད) འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྨྱན་བྱེད་བརྒྱུད་དེ་ཐེར་འདོན་དང་སྐྱོན་བརྗོད་བྱ་དགོས་པ་བཅས་ཡིན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པར་མཁོ་བའི་གྲོན་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱ་དགོས།

འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ངེས་པར་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་དང་། འཛད་སྤྱོད་པའི་བསམ་འཆར་དང་གྲོས་གཞི་ལ་མཉན་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ཁྲིམས་ལྟར་གྲུབ་པའི་འཛད་སྤྱོད་པའི་རྩ་འཛུགས་གཞན་དག་གིས་བཅའ་ཁྲིམས་ཁྲིམས་སྲོལ་དང་དེའི་སྒྲིག་ཁྲིམས་ཀྱི་གཏན་འཁེལ་ལྟར། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱ་འགུལ་སྤེལ་དགོས།

དོན་ཚན་སོ་བརྒྱད་པ། འཛད་སྤྱོད་པའི་རྩ་འཛུགས་དེ་ཚོང་རྫས་བདག་གཉེར་བྱེད་པ་དང་ཁེ་ཕན་ལྡན་པའི་ཞབས་ཞུ་ལ་ཞུགས་མི་ཆོག་པ་དང་། གྲོན་དངུལ་སྡུད་པའམ་ཡང་ན་ཁེ་ཕན་ལྡན་པའི་ཐབས་ལམ་གཞན་དག་སྤྱད་དེ་འཛད་སྤྱོད་པར་ཚོང་རྫས་སམ་ཞབས་ཞུ་མཚམས་སྦྱོར་བྱ་མི་ཆོག

7  ལེའུ་དྲུག་པ། རྩོད་གླེང་ཐག་གཅོད། 

དོན་ཚན་སོ་དགུ་པ། འཛད་སྤྱོད་པ་དང་ཚོང་གཉེར་པ་གཉིས་ལ་འཛད་སྤྱོད་ཁེ་དབང་ཐད་ཀྱི་རྩོད་གླེང་བྱུང་ན། གཤམ་གྱི་ཐབས་ལམ་འདི་དག་སྤྱད་དེ་ཐག་གཅོད་བྱེད་ཆོག་པ་སྟེ།

(གཅིག) ཚོང་གཉེར་མཁན་དང་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་ཆོག

(གཉིས) འཛད་སྤྱོད་པའི་མཐུན་ཚོགས་དང་ཡང་ན་ཁྲིམས་ལྟར་བཙུགས་པའི་འདུམ་སྒྲིག་རྩ་འཛུགས་གཞན་དག་ལ་འདུམ་སྒྲིག་བྱ་རྒྱུའི་རེ་བ་བཏོན་ཆོག

(གསུམ) འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་གཏུག་བཤེར་བྱེད་ཆོག

(བཞི) ཚོང་གཉེར་པ་དང་བཞག་པའི་འདུམ་སྒྲིག་གྲོས་འཆམ་ཡི་གེ་ལྟར་འདུམ་སྒྲིག་ལས་ཁུངས་ལ་འདུམ་སྒྲིག་བྱེད་དུ་འཇུག་ཆོག

(ལྔ) མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག་པ་བཅས་ཡིན།

དོན་ཚན་བཞི་བཅུ་པ། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་ཡང་ན་བཀོལ་སྤྱོད་བྱེད་པའི་སྐབས་སུ། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན། ཕྱིར་འཚོང་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག་པ་དང་། ཕྱིར་འཚོང་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཐོན་སྐྱེད་མཁན་གྱི་འགན་འཁྲི་ཡིན་པའམ་ཡང་ན་ཕྱིར་འཚོང་མཁན་ལ་ཚོང་རྫས་འདོན་སྤྲོད་བྱེད་མཁན་གྱི་ཕྱིར་འཚོང་པ་གཞན་དག་གི་འགན་འཁྲི་ཡིན་ན། ཕྱིར་འཚོང་མཁན་ལ་ཐོན་སྐྱེད་མཁན་དང་ཕྱིར་འཚོང་མཁན་གཞན་པ་དེ་ལ་སྐྱིན་ཚབ་འཇལ་དུ་འཇུག་པར་བདའ་འདེད་བྱ་རྒྱུའི་དབང་ཆ་ཡོད།

འཛད་སྤྱོད་པ་དང་གནོད་འཚེ་ཐེབས་མཁན་གཞན་དག་ལ་ཚོང་རྫས་ཀྱི་སྐྱོན་ཆའི་དབང་གིས་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་ན། ཕྱིར་འཚོང་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག་ལ། ཐོན་སྐྱེད་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ནའང་ཆོགཐོན་སྐྱེད་མཁན་གྱི་འགན་འཁྲི་ཡིན་ན། ཕྱིར་འཚོང་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཐོན་སྐྱེད་མཁན་གྱི་ལག་ནས་བདའ་འདེད་བྱས་ཆོག ཕྱིར་འཚོང་མཁན་གྱི་འགན་འཁྲི་ཡིན་ན། ཐོན་སྐྱེད་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཕྱིར་འཚོང་མཁན་གྱི་ལག་ནས་བདའ་འདེད་བྱས་ཆོག

འཛད་སྤྱོད་པས་ཞབས་ཞུ་དང་ལེན་བྱེད་སྐབས། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན། ཞབས་ཞུ་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག

དོན་ཚན་ཞེ་གཅིག་པ། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པ་དང་། སྔོན་གྱི་ཁེ་ལས་དེ་ཁ་གྱེས་དང་ཡང་ན་མཉམ་སྡེབ་བྱས་ན། བསྒྱུར་བཅོས་བྱས་རྗེས་ཀྱི་དབང་ཆ་དང་འོས་འགན་ཁུར་དུ་བླངས་ཡོད་པའི་ཁེ་ལས་དེ་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

དོན་ཚན་ཞེ་གཉིས་པ། མི་གཞན་གྱི་ཚོང་གཉེར་ཆོག་འཐུས་དཔང་ཡིག་སྤྱད་དེ་ཁྲིམས་འགལ་ཚོང་གཉེར་གྱིས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོས་འཚེ་བཟོས་ན། འཛད་སྤྱོད་པས་དེ་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་ལ། ཆོག་འཐུས་དཔང་ཡིག་གི་བདག་པོར་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ནའང་ཆོག

དོན་ཚན་ཞེ་གསུམ་པ། འཛད་སྤྱོད་པས་འགྲེམ་སྟོན་ཚོགས་འདུ་དང་བོགས་བླངས་སྟེགས་བུའི་སྟེང་དུ་དངོས་པོ་ཉོས་པའམ་ཞབས་ཞུ་དང་ལེན་བྱས་ཏེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན། ཕྱིར་འཚོང་མཁན་དང་ཡང་ན་ཞབས་ཞུ་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་། འགྲེམ་སྟོན་ཚོགས་འདུ་གྲོལ་བའམ་ཡང་ན་སྟེགས་བུའི་བོགས་ཡུན་ལོངས་ན། འགྲེམ་སྟོན་ཚོགས་འདུ་སྒྲུབ་མཁན་དང་སྟེགས་བུ་བོགས་གཏོང་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཕྱིར་འཚོང་མཁན་དང་ཞབས་ཞུ་མཁན་གྱི་ལག་ནས་སྐྱིན་ཚབ་བདའ་འདེད་བྱ་རྒྱུའི་དབང་ཆ་ཡོད།

དོན་ཚན་ཞེ་བཞི་བ། འཛད་སྤྱོད་པས་དྲ་རྒྱའི་ཉོ་ཚོང་སྟེགས་བུ་བརྒྱུད་དེ་ཚོང་རྫས་ཉོ་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས། རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན། ཕྱིར་འཚོང་མཁན་དང་ཡང་ན་ཞབས་ཕྱི་མཁན་ལ་སྤྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་། དྲ་བའི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་མཁན་གྱིས་ཕྱིེར་འཚོང་མཁན་དང་ཡང་ན་ཞབས་ཞུ་མཁན་གྱི་མིང་ངོ་མ་དང་འདུག་གནས། ནུས་ལྡན་གྱི་འབྲེལ་གཏུགས་བྱེད་ཐབས་སོགས་འདོན་སྤྲོད་བྱེད་མ་ཐུབ་ན། འཛད་སྤྱོད་པས་དྲ་བའི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་བྱེད་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་། དྲ་བའི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་མཁན་གྱིས་འཛད་སྤྱོད་པར་དེ་ལས་ཀྱང་ནུས་པ་ལྡན་པའི་ཁས་ལེན་བྱས་ཡོད་ན། ཁས་ལེན་ལག་བསྟར་བྱ་དགོས། དྲ་བའི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཕྱིར་འཚོང་མཁན་དང་ཞབས་ཞུ་མཁན་གྱི་ལག་ནས་སྐྱིན་ཚབ་བདའ་འདེད་བྱ་རྒྱུའི་དབང་ཆ་ཡོད། དྲ་བའི་ཉོ་ཚོང་སྟེགས་བུ་འདོན་སྤྲོད་མཁན་གྱིས་ཕྱིར་འཚོང་མཁན་དང་ཡང་ན་ཞབས་ཞུ་མཁན་གྱིས་སྟེགས་བུ་བེད་སྤྱད་དེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བཞིན་པ་ཤེས་པའམ་ཡང་ན་ཤེས་འོས་ནའང་། དགོས་ངེས་ཀྱི་བྱེད་ཐབས་གང་མང་སྤྱད་དེ། ཁྲིམས་ལྟར་ཕྱིར་འཚོང་མཁན་དང་ཞབས་ཞུ་མཁན་གཉིས་དང་མཉམ་དུ་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།

དོན་ཚན་ཞེ་ལྔ་བ། ཚོང་གཉེར་བའི་བརྡ་ཁྱབ་རྫུན་མའམ་ཡང་ན་དྲིལ་སྒྲོག་རྫུན་མ་སྤྱད་དེ་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་པ་ལས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན། འཛད་སྤྱོད་པས་ཚོང་གཉེར་པར་སྤྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་། བརྡ་ཁྱབ་བདག་གཉེར་མཁན་དང་དྲིལ་བསྒྲགས་མཁན་གྱིས་བརྡ་ཁྱབ་རྫུན་མ་སྤེལ་ན། འཛད་སྤྱོད་པས་སྲིད་འཛིན་སྡེ་ཁག་ལ་དེར་ཆད་པ་གཅོད་རྒྱུའི་རེ་བ་བཏོན་ཆོག  བརྡ་ཁྱབ་བདག་གཉེར་མཁན་དང་དྲིལ་སྒྲོག་མཁན་གྱིས་ཚོང་གཉེར་བའི་མིང་ངོ་མ་དང་འདུག་གནས། ནུས་ལྡན་གྱིས་འབྲེལ་གཏུག་ཐབས་ལམ་བཅས་འདོན་སྤྲོད་བྱ་མ་ཐུབ་ཚེ། དེར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས། བརྡ་ཁྱབ་བདག་གཉེར་མཁན་དང་དྲིལ་སྒྲོག་མཁན་གྱིས་འཛད་སྤྱོད་པའི་ཚེ་སྲོག་བདེ་འཇགས་དང་འབྲེལ་བའི་ཚོང་རྫས་སམ་ཞབས་ཞུ་ལ་བརྡ་ཁྱབ་རྫུན་མ་ཇུས་འགོད་དང་སྒྲིག་བཟོ། ཁྱབ་སྒྲོག་བཅས་བྱེད་རོགས་བྱས་ཏེ། འཛད་སྤྱོད་པར་གནོེད་འཚེ་བཏང་ན། ཚོང་རྫས་སམ་ཡང་ན་ཞབས་ཞུ་དེ་འདོན་སྤྲོད་བྱེད་མཁན་གྱིས་ཚོང་གཉེར་བ་དང་མཉམ་དུ་འབྲེལ་ཐེབས་འགན་འཁྲི་འཁུར་དགོས། སྤྱི་ཚོགས་ཚོགས་པ་དང་རྩ་འཛུགས་གཞན་པ། མི་སྒེར་བཅས་ཀྱི་འཛད་སྤྱོད་པའི་ཚེ་སྲོག་བདེ་འཇགས་དང་འབྲེལ་བའི་ཚོང་རྫས་སམ་ཞབས་ཞུ་ལ་བརྡ་ཁྱབ་རྫུན་མ་སྤེལ་བའམ་ཡང་ན་དྲིལ་སྒྲོག་རྫུན་མ་གཞན་དག་གི་ཁྲོད་འཛད་སྤྱོད་པར་ཚོང་རྫས་སམ་ཞབས་ཞུ་དེ་མཚམས་སྦྱོར་བྱས་ཏེ། འཛད་སྤྱོད་པར་གནོད་འཚེ་ཐེབས་སུ་བཅུག་ན། ཚོང་རྫས་སམ་ཡང་ན་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་ཚོང་གཉེར་མཁན་དང་མཉམ་དུ་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།

དོན་ཚན་ཞེ་དྲུག་པ། འཛད་སྤྱོད་པས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་གཏུག་བཤེར་བྱས་ན། སྡེ་ཁག་དེས་གཏུག་བཤེར་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་བདུན་གྱི་ནང་ཐག་གཅོད་བྱེད་དགོས་པར་མ་ཟད་འཛད་སྤྱོད་པར་ཤེས་སུ་འཇུག་དགོས། དོན་ཚན་ཞེ་བདུན་པ། འཛད་སྤྱོད་པ་མང་བོ་ཞིག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་དང་གཞན་ད་རུང་ཞིང་ཆེན་དང་རང་སྐྱོངས་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་བཙུགས་པའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག

8  ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་བརྒྱད་པ། ཚོང་གཉེར་བའི་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། བཅའ་ཁྲིམས་འདིའི་ནང་དུ་གཏན་འཁེལ་གཞན་ཡོད་པ་ཕུད། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་གཞན་པ་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པ་སྟེ།

གཅིག ཚོང་རྫས་སམ་ཞབས་ཞུ་ལ་སྐྱོན་ཆ་ཡོད་པ།

གཉིས། ཚོང་རྫས་ལ་ཚང་དགོས་པའི་བྱེད་ནུས་མི་ཚང་བ་དང་ཕྱིར་འཚོང་བྱེད་སྐབས་གསལ་བྱེད་ཀྱང་མ་བྱས་པ།

གསུམ། ཚོང་རྫས་སམ་ཡང་ན་དེའི་ཕྱི་ཐུམ་སྟེང་དུ་གསལ་བོར་བཀོད་ཡོད་པའི་ཚོང་རྫས་ཀྱི་ཚད་གཞི་དང་མི་མཐུན་པ

བཞི། ཚོང་རྫས་ཀྱི་གསལ་བྱེད་དང་དངོས་དཔེ་སོགས་ཀྱི་རྣམ་པས་གསལ་བོར་བཤད་ཡོད་པའི་སྤུས་ཀའི་གནས་ཚུལ་དང་མི་མཐུན་པ།

ལྔ། རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱེད་འཚམས་འཇོག་དགོས་པར་བཀའ་ཕབ་ཡོད་པའི་ཚོང་རྫས་ཐོན་སྐྱེད་བྱེད་པའམ་ཡང་ན་ནུས་པ་ཤོར་བ་དང་ངོ་བོ་འགྱུར་པའི་ཚོང་རྫས་ཕྱིར་འཚོང་བྱེད་པ།

དྲུག ཕྱིར་འཚོང་བྱས་པའི་ཚོང་རྫས་ཀྱི་གྲངས་འབོར་མི་འདང་བ།

བདུན། ཞབས་ཞུའི་ནང་དོན་དང་གྲོན་དངུལ་ཁ་ཆད་དང་འགལ་བ།

བརྒྱད་པ། འཛད་སྤྱོད་པར་བཏོན་པའི་ཞིག་གསོ་དང་བསྐྱར་བཟོ། བརྗེ་སྤོར། ཕྱིར་སློགཚོང་རྫས་ཀྱི་གྲངས་འབོར་ཁ་གསབ། ཚོང་རྫས་ཀྱི་རིན་གོང་དང་ཞབས་ཞུའི་གྲོན་དངུལ་ཕྱིར་སློག་བཅས་དང་། གཞན་ད་རུང་གྱོང་གུད་སྐྱིན་ཚབ་འཇལ་རྒྱུའི་རེ་འདུན་སོགས་འགོར་འགྱངས་བྱེད་པའམ་ཡང་ན་ཁ་ཡ་མི་བྱེད་པ།

དགུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་ཡོད་པའི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བའི་གནས་ཚུལ་གཞན་དག་བཅས་ཡིན། ཚོང་གཉེར་པས་འཛད་སྤྱོད་པར་བདེ་འཇགས་འགན་སྲུང་གི་འོས་འགན་མ་ཁུར་པར། འཛད་སྤྱོད་པར་གནོད་འཚེ་ཐེབས་ན། གནོད་འཚེ་བཏང་བའི་འགན་འཁྲི་འཁུར་དགོས།

དོན་ཚན་ཞེ་དགུ་བ། ཚོང་གཉེར་པས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་། འཛད་སྤྱོད་པ་དང་གནོད་འཚེ་ཐེབས་མཁན་གཞན་དག་གི་མི་ལུས་ལ་གནོད་འཚེ་བཏང་ན། ངེས་པར་དུ་སྨན་བཅོས་གྲོན་དངུལ་དང་ནད་གཡོག་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ་སོགས་སྨན་བཅོས་དང་བདེ་སྲུང་ཐད་བཏང་བའི་ལུགས་མཐུན་གྱི་གྲོན་དངུལ་ཡོངས་རྫོགས་དང་། གཞན་ད་རུང་ལས་ཆག་གི་དབང་གིས་ཇེ་ཉུང་དུ་སོང་བའི་གྲོན་དངུལ་བཅས་ལ་སྐྱིན་ཚབ་འཇལ་དགོས་པ་དང་། དབང་བོ་སྐྱོན་ཅན་དུ་བཏང་ན། ད་རུང་དབང་བོ་སྐྱོན་ཅན་གྱི་འཚོ་བར་མཁོ་བའི་རོགས་སྐྱོར་འཕྲུལ་ཆས་ཀྱི་གྲོན་དངུལ་དང་དབང་བོ་སྐྱོན་ཅན་གྱི་སྐྱིན་ཚབ་གྲོན་དངུལ་བཅས་སྤྲོད་དགོས་པ་དང་། ཤི་རྨས་བྱུང་ན། ད་རུང་དུར་འཇུག་གྲོན་དངུལ་དང་ཤི་བའི་སྐྱིན་ཚབ་གྲོན་དངུལ་སོགས་སྤྲོད་དགོས།

དོན་ཚན་ལྔ་བཅུ་བ། ཚོང་གཉེར་བས་འཛད་སྤྱོད་པའི་མི་གཤིས་ཐོབ་ཐང་དང་མི་ལས་རང་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཁྲིམས་ལྟར་སྲུང་སྐྱོང་ཐོབ་འོས་པའི་མི་སྒེར་གྱི་ཆ་འཕྲིན་སོགས་ལ་གནོས་འཚེ་བཏང་ན། ངེས་པར་མྱུར་དུ་གནོད་འཚེ་གཏོང་འཚམས་འཇོ་པ་དང་། མཚན་སྙན་སླར་གསོ་དང་ཤུགས་རྐྱེན་མེད་པར་བཟོས་ནས། དགོངས་དག་ཞུ་དགོས་པར་མ་ཟད་གྱོང་གུད་ཀྱི་སྐྱིན་ཚབ་ཀྱང་འཇལ་དགོས།

དོན་ཚན་ང་གཅིག་པ། ཚོང་གཉེར་བ་ལ་བརྙས་བཅོས་བསྙོན་འཛུགས་དང་མི་ལུས་ལ་སྔོག་གཤེར་བྱེད་པ། མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་འཛད་སྤྱོད་པར་གནོད་འཚེ་གཏོང་བའམ་ཡང་ན་གནོད་འཚེ་ཐེབས་མཁན་གཞན་དག་གི་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལྡན་པ་དང་། བསམ་བློའི་གནོད་འཚེ་ཚབས་ཆེན་བཟོས་ཡོད་ན། གནོད་འཚེ་ཐེབས་མཁན་གྱིས་བསམ་བློའི་གནོད་འཚེའི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

དོན་ཚན་ང་གཉིས་པ། ཚོང་གཉེར་བས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་པ་ལས་འཛད་སྤྱོད་པའི་རྒྱུ་ནོར་ལ་གྱོང་གུད་བཟོས་ན། བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཡང་ན་དོ་བདག་པའི་ཁ་ཆད་ལྟར་ཞིག་གསོ་དང་བསྐྱར་བཟོ། བརྗེ་སྤོར། ཕྱིར་སློགགྲངས་འབོར་ཁ་གསབ། རིན་གོང་དང་ཞབས་ཞུའི་གྲོན་དངུལ་ཕྱིར་སློག་དང་། གྱོང་གུད་ལ་སྐྱིན་ཚབ་འཇལ་བ་སོགས་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་ང་གསུམ་པ། ཚོང་གཉེར་པས་རིན་དངུལ་སྔོན་ལ་ལེན་པའི་ཐབས་ཀྱིས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱེད་པར། ངེས་པར་དུ་ཁ་ཆད་ལྟར་འདོན་སྤྲོད་བྱེད་དགོས་པ་དང་། འཛད་སྤྱོད་པའི་རེ་བ་ལྟར་ཁ་ཆད་ལག་བསྟར་དང་ཡང་ན་སྔོན་བླངས་རིན་དངུག་ཕྱིར་སློག་བྱ་དགོས་པར་མ་ཟད། སྔོན་བླངས་རིན་དངུལ་གྱི་སྐྱེད་ཀ་དང་འཛད་སྤྱོད་པས་ངེས་པར་དུ་སྤྲོད་དགོས་པའི་ལུགས་མཐུན་གྲོན་དངུལ་སོགས་ཀྱི་འགན་འཁྲི་འཁུར་དགོས།

དོན་ཚན་ང་བཞི་བ། ཁྲིམས་ལྟར་འབྲེལ་ཡོལ་སྲིད་འཛིན་སྡེ་ཁག་གིས་ཚད་ལྡན་མིན་པར་ངོས་བཟུང་བྱས་པའི་ཚོང་རྫས་དེ་འཛད་སྤྱོད་པས་ཕྱིར་སློག་བྱ་རྒྱུའི་རེ་བ་བཏོན་ན། ཚོང་གཉེར་བས་ཕྱིར་སློག་བྱ་དགོས།

དོན་ཚན་ང་ལྔ་བ། ཚོང་གཉེར་བས་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་མགོ་སྐོར་གཏོང་བའི་བྱ་སྤྱོད་ལྡན་ན། འཛད་སྤྱོད་པའི་རེ་བ་ལྟར་དེ་ལ་གྱོང་གུད་ཁ་གསབ་འཕར་མ་བྱ་དགོས་པ་དང་། ཁ་གསབ་འཕར་མ་བྱས་པའི་དངུལ་གྲངས་དེ་འཛད་སྤྱོད་པའི་ཚོང་རྫས་ཉོས་པའི་རིན་གོང་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་གྲོན་དངུལ་གྱི་ལྡབ་གསུམ་ཡིན་དགོས། ཁ་གསབ་འཕར་མའི་དངུལ་གྲངས་སྒོར་ལྔ་བརྒྱར་མི་ལོངས་པ་ཡིན་ན་སྒོར་ལྔ་བརྒྱ་ལྟར་འཇལ་དགོས། བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན་གཏན་འཁེལ་དེ་གཞིར་འཛིན་དགོས། ཚོང་གཉེར་བས་ཚོང་རྫས་སམ་ཞབས་ཞུ་ལ་སྐྱོན་ཡོད་པ་ཤེས་བཞིན་དུ་འཛད་སྤྱོད་པར་འདོན་སྤྲོད་བྱས་ཏེ། འཛད་སྤྱོད་པ་དང་གནོད་འཚེ་ཐེབས་མཁན་གཞན་དག་ལ་ཤི་རྨོས་བཟོས་པའམ་ཡང་ན་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་ན། གནོད་འཚེ་ཐེབས་མཁན་ལ་བདག་གཉེར་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཞེ་དགུ་བ་དང་དོན་ཚན་ང་གཅིག་པའི་གཏན་འཁེལ་ལྟར་གྱོང་གུད་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་རྒྱུའི་དབང་ཆ་ཡོད་པར་མ་ཟད། ཐེབས་པའི་གྱོང་གུད་དེའི་ལྡབ་གཉིས་མན་གྱི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

དོན་ཚན་ང་དྲུག་པ། ཚོང་གཉེར་བ་ལ་གཤམ་གྱི་གནས་ཚུལ་ལས་གཅིག་ལྡན་ན། དེར་བསྟུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས་པ་ལས་གཞན། ད་རུང་འབྲེལ་ཡོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ཏུ་ཆད་གཅོད་ལས་ཁུངས་དང་ཆད་གཅོད་ཐབས་ལམ་ཐད་གཏན་འཁེལ་གཞན་པ་ཡོད་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་མེད་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་འབྲེལ་ཡོལ་སྲིད་འཛིན་དོ་དམ་སྡེ་ཁག་གཞན་དག་གིས་བསྒྱུར་བཅོས་བྱ་དགོས་པའི་བཀའ་འབེབས་པ་དང་། གནས་ཚུལ་ལྟར་ཉེན་བརྡ་གཏོང་བ་དང་ཁྲིམས་འགལ་ཡོང་སྒོ་གཞུང་བཞེས་བྱས་ཆོག་ལ། ཁྲིམས་འགལ་ཡོང་སྒོའི་ལྡབ་གཅིག་ཡན་དང་ལྡབ་བཅུའི་མན་གྱི་ཆད་པ་བཅད་ཆོགཁྲིམས་འགལ་ཡོང་སྒོ་མེད་ན། སྒོར་ཁྲི་ལྔ་བཅུ་མན་གྱི་ཆད་པ་བཅད་ཆོག་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། ལས་མཚམས་བཞག་ནས་ལེགས་སྒྲིགས་བྱ་དགོས་པའི་བཀའ་འབེབས་པ་དང་བདག་གཉེར་དཔང་ཡིག་ཕྱིར་འཐེན་བྱས་ཆོག་པ་སྟེ།

གཅིག འདོན་སྤྲོད་བྱས་པའི་ཚོང་རྫས་སམ་ཞབས་ཞུ་དེ་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་བླང་བྱ་དང་མི་མཐུན་པ།

གཉིས། ཚོང་རྫས་ཀྱི་ནང་དུ་དངོས་བོ་གཞན་པ་བསྲེས་པ་དང་། རྫུན་མའི་དངོས་མའི་ཚབ་བྱེད་པ་དང་། སྤུས་ཞན་གྱིས་སྤུས་ལེགས་ཀྱི་ཚབ་བྱེད་པ། ཚད་ལྡན་མིན་པའི་ཚོང་རྫས་ཀྱིས་ཚད་ལྡན་གྱི་ཚབ་བྱེད་པ་སོགས།

གསུམ། རྒྱལ་ཁབ་ཀྱིས་འདོར་བསྐྱུར་བྱ་རྒྱུའི་བཀའ་ཕབ་པའི་ཚོང་རྫས་ཐོན་སྐྱེད་བྱེད་པའམ་ཡང་ན་ནུས་པ་མེད་པའམ་ངོ་བོ་འགྱུར་བའི་ཚོང་རྫས་ཕྱིར་འཚོང་བྱེད་པ།

བཞི། ཚོང་རྫས་ཀྱི་ཐོན་ཡུལ་རྫུན་བཟོ་དང་བཟོ་གྲྭ་དང་བཟོ་གྲྭའི་གནས་རྫུན་བཟོ་བྱེད་པ། ཐོན་སྐྱེད་ཉིན་མོ་བསྒྱུར་བཅོས་བྱེད་པ། སྤུས་ཀའི་མཚོན་རྟགས་རྫུན་བཟོ་བྱེད་པ་སོགས།

ལྔ། ཕྱིར་འཚོང་བྱེད་ཀྱིན་པའི་ཚོང་རྫས་ལ་ཞིབ་བཤེར་དང་འགོ་ནད་ཞིབ་གཤེར་བྱ་དགོས་རུང་ཞིབ་གཤེར་མ་བྱས་པའམ་ཡང་ན་ཞིབ་གཤེར་དང་འགོ་ནད་ཞིབ་གཤེར་གྱི་མཇུག་འབྲས་རྫུན་བཟོ་བྱེད་པ།

དྲུག ཚོང་རྫས་སམ་ཞབས་ཞུ་ལ་དྲིལ་སྒྲོག་རྫུན་མ་དང་ཡང་ན་གོ་ནོར་ཐེབས་སླ་བའི་དྲིལ་བསྒྲགས་བྱེད་པ།

བདུན། ཚོང་རྫས་སམ་ཞབས་ཞུ་ལ་སྐྱོན་ཆ་ཡོད་པའི་དབང་གིས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ཕྱིར་འཚོང་བྱེད་འཚམས་འཇོག་དགོས་པ་དང་ཉེན་བརྡ་བཏང་བ། ཕྱིར་བསྡུ་བྱ་དགོས་པ། སྤྱི་གནོག་མེད་པའི་ཐག་གཅོད་བྱ་དགོས་པ། མེད་པར་བཟོ་བ། ཐོན་སྐྱེད་དང་ཞབས་ཞུ་བྱེད་འཚམས་འཇོག་དགོས་པ་བཅས་ཀྱི་བཀའ་ཕབ་པར་དགག་ལན་སློག་པའམ་ཡང་ན་འགོར་འགྱངས་བྱེད་པ།

བརྒྱད། འཛད་སྤྱོད་པས་བཏོན་པའི་ཞིག་གསོ་དང་བསྐྱར་བཟོ། བརྗེ་སྤོར། ཕྱིར་སློག ཕྱིར་བསྡུ། གྲངས་འབོར་ཁ་གསབ། དངོས་རིན་དང་ཞབས་ཞུའི་གྲོན་དངུལ་ཕྱིར་སློག་དང་། གྱོང་གུད་སྐྱིན་ཚབ་འཇལ་བ་བཅས་ཀྱི་རེ་འདུན་བསམ་བཞིན་དུ་འགོར་འགྱངས་དང་ཡང་ན་གནས་ལུགས་མེད་པར་དགག་ལན་སློག་པ།

དགུ། འཛད་སྤྱོད་པའི་མི་གཤིས་ཐོབ་ཐང་ལ་གནོད་འཚེ་དང་འཛད་སྤྱོད་པའི་མི་ལུས་རང་དབང་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་འོས་པའི་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བ།

བཅུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་ཡོད་པའི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བར་ཆད་པ་གཅོད་དགོས་པའི་གནས་ཚུལ་གཞན་དག་བཅས་ཡིན། ཚོང་གཉེར་བ་ལ་གོང་གི་གནས་ཚུལ་འདི་དག་ལྡན་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅོད་དགོས་པ་ལས་གཞན། ད་རུང་ཆད་གཅོད་ལས་ཁུངས་ཀྱིས་ཡིན་རྟོན་ཡིག་ཚགས་སུ་བཀོད་དེ། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས།

དོན་ཚན་ང་བདུན་པ། ཚོང་གཉེར་པས་བཅའ་ཁྲིམས་འདིའི་གཏན་འཁེལ་དང་འགལ་ནས་ཚོང་རྫས་སམ་ཞབས་ཞུ་འདོན་སྤྲོད་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་དང་། ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་ང་བརྒྱད་པ། ཚོང་གཉེར་བ་བཅའ་ཁྲིམས་འདིའི་གཏན་འཁེལ་དང་འགལ་ན། དམངས་དོན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་དང་དངུལ་ཆད་སྤྲོད་དགོས། དངུལ་ཆད་སྤྲོད་མི་ཐུབ་ཚེ། སྔོན་ལ་དམངས་དོན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

དོན་ཚན་ང་དགུ་བ། ཚོང་གཉེར་པ་དེ་སྲིད་འཛིན་ཐག་གཅོད་ཀྱི་ཐག་བཅད་ལ་མི་འཐད་ན། ཁྲིམས་ལྟར་བསྐྱར་གྲོས་བྱ་དགོས་པའི་རེ་འདུན་ཞུ་བའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱས་ཆོག

དོན་ཚན་དྲུག་བཅུ་བ། གཏུམ་སྤྱོད་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ཀྱིས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་ཁྲིམས་སྐྱོང་འགན་འཁྲི་འཁུར་བར་བར་ཆད་བཟོས་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་པ་དང་། འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་བཀག་འགོག་དང་བར་ཆད་བཟོས་པ་དང་། གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱེད་ཐབས་མ་སྤྱད་ན། སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས།》ཀྱི་གཏན་འཁེལ་ལྟར་ཆད་པ་གཅོད་དགོས།

དོན་ཚན་རེ་གཅིག་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའམ་ཡང་ན་ཚོང་གཉེར་བས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏོང་བའི་བྱ་སྤྱོད་འགེབས་སྲུང་བྱས་ན། དེ་གནས་སའི་ལས་ཁུངས་དང་གོང་རིམ་ལས་ཁུངས་ཀྱིས་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་པ་དང་ཉེས་བ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས། 

9 ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་རེ་གཉིས་པ། ཞིང་པས་ཐད་ཀར་ཞིང་ལས་ཐོན་སྐྱེད་ཐད་བཀོལ་བའི་ཐོན་སྐྱེད་རྒྱུ་ཆ་ཉོ་བའམ་ཡང་ན་བཀོལ་སྤྱོད་བྱེད་སྐབས། བཅའ་ཁྲིམས་འདི་ཟུར་ལྟ་བྱས་ནས་ལག་བསྟར་བྱས་ཆོག

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདི་སྤྱི་ལོ1994ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན།

དཔྱད་གཞིའི་ཡིག་ཆ།