ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་རྒྱག་ཕྱོགས་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:35ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་རྒྱག་ཕྱོགས་སྐོར་གྱི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་རྒྱག་ཕྱོགས་སྐོར་གྱི་བཅའ་ཁྲིམས།
ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་བསྡོམས་རྩིས་ལས་ཀ་སྒྲིག་འཛུགས་བྱས་ཏེ་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་བདེན་པ་དང་། ཡང་དག་པ། ཆ་ཚང་རང་བཞིན། དུས་ཐོག་རང་བཞིན་བཅས་ལ་འགན་སྲུང་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤེས་རྟོགས་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བའི་ཁྲོད་བསྡོམས་རྩིས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国统计法
ཕྱི་ཡིག་གི་མིང་།
The statistics law of the People's Republic of China
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ལག་བསྟར་དུས་ཚོད།
སྤྱི་ལོ2010ལོའི་ཟླ1པོའི་ཚེས1ཉིན
1 ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་བསྡོམས་རྩིས་ལས་ཀ་སྒྲིག་འཛུགས་བྱས་ཏེ་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་བདེན་པ་དང་། ཡང་དག་པ། ཆ་ཚང་རང་བཞིན། དུས་ཐོག་རང་བཞིན་བཅས་ལ་འགན་སྲུང་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤེས་རྟོགས་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བའི་ཁྲོད་བསྡོམས་རྩིས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདི་མི་དམངས་སྲིད་གཞུང་རིམ་པ་ཁག་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བའི་བསྡོམས་རྩིས་ཀྱི་བྱེད་སྒོར་སྤྱད་འཐུས།

བསྡོམས་རྩིས་ཀྱི་གཞི་རྩའི་ལས་འགན་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཚུལ་ལ་བསྡོམས་རྩིས་བརྟག་དཔྱད་དང་བསྡོམས་རྩིས་དབྱེ་ཞིབ་བྱ་རྒྱུ་དང་། བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་དང་བསྡོམས་རྩིས་ཀྱི་བློ་འདྲིའི་བསམ་འཆར་འདོན་རྒྱུ། བསྡོམས་རྩིས་ལ་ལྟ་སྐུལ་བྱ་རྒྱུ་བཅས་ཡིན།

དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་གཅིག་སྡུད་དང་གཅིག་གྱུར་གྱི་བསྡོམས་རྩིས་མ་ལག་བཙུགས་ནས་གཅིག་གྱུར་གྱིས་འགོ་ཁྲིད་དང་རིམ་བགོས་འགན་འཁུར་གྱི་བསྡོམས་རྩིས་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་རྒྱུ།

དོན་ཚན་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་། འབྲེལ་ཡོད་སྡེ་ཁག་ཁག་གིས་བསྡོམས་རྩིས་ལས་ཀར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་བསྡོམས་རྩིས་ལས་ཀར་དགོས་ངེས་ཀྱི་འགན་སྲུང་བྱ་དགོས།

དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་བསྡོམས་རྩིས་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཚན་རིག་དང་མཐུན་པའི་བསྡོམས་རྩིས་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། བསྡོམས་རྩིས་བརྟག་དཔྱད་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་བསྡོམས་རྩིས་ཀྱི་ཚན་རིག་རང་བཞིན་ཆེ་རུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་བསྡོམས་རྩིས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བསྡོམས་རྩིས་ཆ་འཕྲིན་འཚོལ་སྡུད་དང་། ཐག་གཅོད། བརྒྱུད་གཏོང་། མཉམ་སྤྱོད། གསོག་ཉར་བཅས་ཀྱི་ལག་རྩལ་དང་བསྡོམས་རྩིས་གཞི་གྲངས་མཛོད་ཀྱི་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

དོན་ཚན་དྲུག་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིས་བཅའ་ཁྲིམས་འདིར་འཁོད་གཏན་འབེབས་ལྟར་རང་ཚུགས་ཀྱིས་བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུ་དང་། བསྡོམས་རྩིས་ཀྱི་སྙན་ཞུ་འབུལ་རྒྱུ། བསྡོམས་རྩིས་ལ་ལྟ་སྐུལ་བྱ་རྒྱུ་བཅས་ཀྱི་འགན་བབ་དབང་ཆ་སྤྱོད་པར་གཞན་སུས་ཀྱང་བཙན་གནོད་བྱས་མི་ཆོག 

ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་དང་། སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས། འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་སྡེ་ཚན་ཁག་གི་འགན་འཁུར་པ་བཅས་ཀྱིས་བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིས་ཁྲིམས་ལྟར་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་སྡུད་དང་ལེགས་སྒྲིག་བྱས་རིགས་ལ་བཟོ་བཅོས་བརྒྱབ་མི་ཆོག་པ་དང་། བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་བསྡོམས་རྩིས་ལས་ཁུངས་དང་། བསྡོམས་རྩིས་རྒྱག་མི། དེ་བཞིན་ལས་ཁུངས་དང་མི་སྣ་གཞན་དག་བཅས་ལ་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་གཡོ་བཅོས་བྱེད་དུ་འཇུག་མི་ཆོག་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའམ་བསྡོམས་རྩིས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཁས་མི་ལེན་པ་དང་བཀག་འགོག་བྱེད་པའི་བསྡོམས་རྩིས་རྒྱག་མིར་རྡུང་རྡེག་འཁོན་སློག་བྱས་མི་ཆོག 

དོན་ཚན་བདུན་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། རྩ་འཛུགས་གཞན་དགདེ་བཞིན་ཁེར་གཉེར་བཟོ་ཚོང་ཐེམ་དུད་དང་མི་སྒེར་སོགས་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱིས་ངེས་པར་དུ་བཅའ་ཁྲིམས་འདི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྡོམས་རྩིས་བརྟག་དཔྱད་བྱེད་པར་མཁོ་བའི་ཡིག་རིགས་བདེན་པ་དང་། ཡང་དག་པ། ཆ་ཚང་བ་བཅས་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས་པ་ལས། བདེན་པ་མ་ཡིན་པའམ་ཡང་ན་ཆ་ཚང་བ་མིན་པའི་བསྡོམས་རྩིས་ཡིག་རིགས་འདོན་སྤྲོད་བྱས་མི་ཆོག་པ་དང་། བསྡོམས་རྩིས་ཡིག་རིགས་ཞུ་འགྱངས་སམ་མི་དགོས་པ་བྱས་མི་ཆོག 

དོན་ཚན་བརྒྱད་པ། བསྡོམས་རྩིས་ལས་ཀས་སྤྱི་ཚོགས་ཀྱི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། བསྡོམས་རྩིས་ཁྲོད་མི་བདེན་རྫུན་སྒྲིག་སོགས་ཁྲིམས་འགལ་བྱ་སྤྱོད་སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ལ་ཐེར་འདོན་བྱེད་དབང་ཡོད། ཐེར་འདོན་ལ་བྱས་རྗེས་ཡོད་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

དོན་ཚན་དགུ་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིས་བསྡོམས་རྩིས་ལས་ཀའི་ནང་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་བཅས་དམ་སྲུང་བྱ་དགོས།

དོན་ཚན་བཅུ་པ། སྡེ་ཚན་གང་དང་མི་སྒེར་སུ་ཞིག་གིས་ཀྱང་བསྡོམས་རྩིས་ཡིག་རིགས་རྫུན་མར་བརྟེན་ནས་གཟི་བརྗིད་ཀྱི་མཚན་སྙན་དང་དངོས་པོའི་ཁེ་ཕན་ནམ་ཡང་ན་གོ་གནས་སྤར་བ་བཅས་གཡོ་ལེན་བྱས་མི་ཆོག 

2 ལེའུ་གཉིས་པ། བསྡོམས་རྩིས་བརྟག་དཔྱད་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་གཅིག་པ། བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ནང་རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་དང་། སྡེ་ཚན་གྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས། ས་གནས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་བཅས་ཚུད་ཡོད།

རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ནི་རྒྱལ་ཡོངས་ཀྱི་གཞི་རྩའི་གནས་ཚུལ་གྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ལ་ཟེར། སྡེ་ཁག་གི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་ཆེད་ལས་རང་བཞིན་གྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ལ་ཟེར། ས་གནས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ཞེས་པ་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གི་ས་གནས་རང་བཞིན་གྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ལ་ཟེར།

རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་དང་། སྡེ་ཁག་གི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས། ས་གནས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་བཅས་ལ་ལས་བགོས་ཁ་གསལ་དང་ཕན་ཚུན་འབྲེལ་མཐུད་བྱ་དགོས་པ་ལས་བསྐྱར་ཟློས་བྱེད་མི་རུང་།

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུའི་རྣམ་གྲངས་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་གཏན་འབེབས་བྱ་རྒྱུའམ་ཡང་ན་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་གཏན་འབེབས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་། རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་གལ་ཆེ་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ།

སྡེ་ཁག་གི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་དེ་སྡེ་ཁག་དེ་གའི་བདག་སྐྱོང་བྱེད་ཁོངས་སུ་གཏོགས་རིགས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་སྡེ་ཁག་དེ་གའི་བདག་སྐྱོང་བྱེད་ཁོངས་ལས་བརྒལ་རིགས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།

ས་གནས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་སོ་སོར་གཏན་འབེབས་བྱེད་པའམ་ཡང་ན་མཉམ་དུ་གཏན་འབེབས་བྱ་རྒྱུ། དེའི་ནང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་གཅིག་པུས་གཏན་འབེབས་བྱས་པའམ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱས་རིགས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ་དང་། ཞིང་ཆེན་རིམ་པ་མན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ལོགས་སུ་གཏན་འབེབས་བྱས་པའམ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱས་རིགས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱས་རིགས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ།

དོན་ཚན་བཅུ་གསུམ་པ། བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་ལ་ཞིབ་མཆན་འགོད་མཁན་ལས་ཁུངས་ཀྱིས་བརྟག་དཔྱད་རྣམ་གྲངས་ཀྱི་དགོས་ངེས་རང་བཞིན་དང་། ལག་བསྟར་བྱེད་ཐུབ་མིན། ཚན་རིག་རང་བཞིན་བཅས་ལ་ཞིབ་བཤེར་བྱ་དགོས་པ་དང་། ཁྲིམས་བཀོད་ཆ་རྐྱེན་དང་མཐུན་རིགས་ལ་ཡིག་ཐོག་ནས་ཆོག་མཆན་འགོད་རྒྱུའི་ཐག་གཅོད་བྱ་དགོས་པ་མ་ཟད་སྤྱི་བསྒྲགས་ཀྱང་བྱ་དགོས་པ་དང་། ཁྲིམས་བཀོད་ཆ་རྐྱེན་དང་མི་མཐུན་རིགས་ལ་ཡིག་ཐོག་ནས་ཆོག་མཆན་མི་འགོད་རྒྱུའི་ཐག་གཅོད་བྱ་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་ཀྱང་བྱ་དགོས།

དོན་ཚན་བཅུ་བཞི་པ། བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུའི་རྣམ་གྲངས་གཏན་འབེབས་བྱེད་པར་རྣམ་གྲངས་དེའི་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་དུས་གཅིག་ཏུ་གཏན་འབེབས་བྱ་དགོས་པ་མ་ཟད། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་འབུལ་བའམ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ནང་བརྟག་དཔྱད་ཀྱི་དམིགས་ཡུལ་དང་། བརྟག་དཔྱད་ཀྱི་ནང་དོན། བརྟག་དཔྱད་བྱེད་ཐབས། བརྟག་དཔྱད་བྱ་ཡུལ། བརྟག་དཔྱད་སྒྲིག་འཛུགས་བྱེད་སྟངས། བརྟག་དཔྱད་རེའུ་མིག་གི་དཔེ་རིས། བསྡོམས་རྩིས་ཡིག་རིགས་བཅས་འབུལ་བ་དང་ཡོངས་བསྒྲགས་བྱ་རྒྱུ་སོགས་ཀྱི་ཐད་གཏན་འབེབས་བྱ་དགོས།

བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུ་དེ་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ལྟར་ལག་བསྟར་སྒྲིག་འཛུགས་བྱ་དགོས། བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ཀྱི་ནང་དོན་བསྒྱུར་དགོས་ན། དེ་སྔའི་ཞིབ་བཤེར་ཆོག་མཆན་འགོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པའམ་ཡང་ན་དེ་སྔའི་ཐོ་འགོད་སྙན་སེང་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཅོ་ལྔ་པ། བསྡོམས་རྩིས་བརྟག་དཔྱད་རེའུ་མིག་ནང་རེའུ་མིག་གི་ཨང་རྟགས་དང་། བཟོ་མཁན་ལས་ཁུངས། ཆོག་མཆན་ནམ་ཐོ་འགོད་སྙན་ཞུའི་ཡིག་ཆའི་ཨང་གྲངས། གོ་ཆོད་དུས་བཀག་སོགས་ཀྱི་མཚོན་རྟགས་གསལ་པོར་འགོད་དགོས།

གོང་གསལ་ནང་གསེས་དོན་ཚན་དུ་གཏན་འབེབས་བྱས་པའི་མཚོན་རྟགས་གསལ་འགོད་བྱས་མེད་པའམ་ཡང་ན་གོ་ཆོད་པའི་དུས་ཚད་ལས་བརྒལ་བའི་བསྡོམས་རྩིས་བརྟག་དཔྱད་རེའུ་མིག་ལ་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱིས་ཐོ་འགོད་མི་བྱེད་པའི་དབང་ཆ་ཡོད་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས།

དོན་ཚན་བཅུ་དྲུག་པ། བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པར་དུས་འཁོར་རང་བཞིན་གྱི་ཡོངས་ཁྱབ་ཞིབ་བཤེར་རྨང་གཞིར་བྱེད་པ་དང་། རྒྱུན་ལྡན་རང་བཞིན་གྱི་དཔེ་འདེམས་བརྟག་དཔྱད་གཙོ་བོར་བྱས་ཏེ། ཁྱོན་ཡོངས་ནས་བརྟག་དཔྱད་དང་གཙོ་གནད་དུ་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱོད་དགོས་པ་མ་ཟད། སྲིད་འཛིན་ཟིན་ཐོ་སོགས་ཀྱི་དཔྱད་ཡིག་བེད་སྤྱོད་གང་ལེགས་བྱ་དགོས།

རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཡོངས་ཁྱབ་ཞིབ་བཤེར་གལ་ཆེན་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་གིས་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་བསྡོམས་རྩིས་ཚད་གཞི་གཏན་འབེབས་བྱས་ནས་བསྡོམས་རྩིས་བརྟག་དཔྱད་བྱེད་པར་སྤྱོད་པའི་དམིགས་ཚད་ཀྱི་ནང་དོན་དང་། རྩིས་རྒྱག་སྟངས། རིགས་དབྱེའི་དཀར་ཆགབརྟག་དཔྱད་རེའུ་མིག་གི་ཚད་གཞི། བསྡོམས་རྩིས་ཨང་སྒྲིག་སོགས་ཚད་ལྡན་ཅན་དུ་འགྱུར་བའི་འགན་སྲུང་བྱ་རྒྱུ།

རྒྱལ་ཁབ་ཀྱི་བསྡོམས་རྩིས་ཚད་གཞི་ནི་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཅུས་ནས་གཏན་ལ་འབེབས་རྒྱུའམ་ཡང་ན་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་དུ་འགྱུར་བའི་གཙོ་སྐྱོང་སྡེ་ཁག་གིས་མཉམ་དུ་གཏན་ལ་འབེབས་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཁ་གསབ་རང་བཞིན་ལྡན་པའི་སྡེ་ཁག་གི་བསྡོམས་རྩིས་ཚད་གཞི་གཏན་འབེབས་བྱས་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། སྡེ་ཁག་གི་བསྡོམས་རྩིས་ཚད་གཞི་དེ་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཚད་གཞི་དང་འགལ་མི་ཆོག 

དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བསྡོམས་རྩིས་ལས་འགན་གྱི་དགོས་མཁོར་གཞིགས་ནས་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱི་ཁྲོད་དུ་རྩིས་འཁོར་དྲ་སྦྲེལ་སྤྱད་དེ་བསྡོམས་རྩིས་ཡིག་རིགས་འབུལ་སྐྱེལ་བྱ་རྒྱུ་ཁྱབ་སྤེལ་བྱས་ཆོག 

དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བསྡོམས་རྩིས་ལས་ཀར་མཁོ་བའི་འགྲོ་གྲོན་དག་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས།

རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཡོངས་ཁྱབ་ཞིབ་བཤེར་གལ་ཆེན་བྱེད་པར་མཁོ་བའི་གྲོན་དངུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་གིས་ཐུན་མོང་དུ་འགན་འཁུར་རྒྱུ་དང་། ལོ་འཁོར་མོའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་དུས་ཐོག་ཏུ་གཏོང་སྤྲོད་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས།

3 ལེའུ་གསུམ་པ། བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ཉར་ཚགས་དང་ཁྱབ་བསྒྲགས་བྱེད་ཕྱོགས་སྐོར།

དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྡོམས་རྩིས་ཡིག་རིགས་ཉར་ཚགས་དང་དོ་དམ་བྱེད་པའི་ལམ་ལུགས་འཛུགས་དགོས་པ་དང་། བསྡོམས་རྩིས་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། རྩ་འཛུགས་གཞན་དག་སོགས་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོག་མའི་ཟིན་ཐོ་དང་བསྡོམས་རྩིས་རྩིས་ཁྲ་བཟོ་དགོས་པ་དང་། བསྡོམས་རྩིས་ཡིག་རིགས་ཞིབ་བཤེར་གཏན་འབེབས་དང་། མིང་རྟགས་འགོད་པ། རྩིས་སྤྲོད་རྩིས་ལེན། ཡིག་ཚགས་སུ་འཇུག་པ་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་གཏན་འབེབས་དང་མིང་རྟགས་འགོད་མཁན་གྱིས་རང་གིས་ཞིབ་བཤེར་གཏན་འབེབས་དང་མིང་རྟགས་བཀོད་པའི་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་བདེན་པ་དང་། ཡང་དག་པ། ཆ་ཚང་བ་བཅས་ཡོང་བར་འགན་འཁུར་དགོས།

དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་བསྡོམས་རྩིས་བྱེད་པར་མཁོ་བའི་སྲིད་འཛིན་ཟིན་ཐོའི་དཔྱད་ཡིག་དང་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་རྒྱག་པར་མཁོ་བའི་ནོར་དོན་གྱི་དཔྱད་ཡིག་དང་། ནོར་སྲིད་ཀྱི་དཔྱད་གཞིའི་ཡིག་རིགས། དེ་བཞིན་དཔྱད་ཡིག་གཞན་དག་བཅས་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས་པ་མ་ཟད། བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ཀྱི་གཏན་འབེབས་ལྟར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་སོ་སོས་བསྡོམས་རྩིས་བརྟག་དཔྱད་སྒྲིག་འཛུགས་བྱས་ནས་ཐོབ་པའི་འབྲེལ་ཡོད་དཔྱད་ཡིག་དུས་ཐོག་ཏུ་འབུལ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་བསྡོམས་རྩིས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་བཀག་ལྟར་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ཁྱབ་བསྒྲགས་བྱ་རྒྱུ།

རྒྱལ་ཁབ་ཀྱི་བསྡོམས་རྩིས་གཞི་གྲངས་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གཞིར་འཛིན་རྒྱུ།

དོན་ཚན་ཉེར་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བརྟག་དཔྱད་བྱས་ནས་ཐོབ་པའི་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་དག་སྡེ་ཁག་དེ་གས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྱབ་བསྒྲགས་བྱ་རྒྱུ།

དོན་ཚན་ཉེར་ལྔ་པ། བསྡོམས་རྩིས་བརྟག་དཔྱད་བྱེད་རིང་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་བྱེ་བྲག་པའི་ཐོབ་ཐང་དབྱེ་འབྱེད་ཐུབ་པའམ་ཡང་ན་ཚོད་དཔག་གིས་གཅོད་ཐུབ་པའི་དཔྱད་ཡིག་ཐོབ་པ་དག་སྡེ་ཚན་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཕྱི་ཕྱོགས་ལ་འདོན་སྤྲོད་དང་ཕྱིར་བསྒྲགས་བྱས་མི་ཆོག་པ་དང་། བསྡོམས་རྩིས་ལས་འདས་པའི་དམིགས་ཡུལ་དུ་སྤྱད་མི་ཆོག 

དོན་ཚན་ཉེར་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བརྟག་དཔྱད་བྱས་ནས་ཐོབ་པའི་བསྡོམས་རྩིས་ཡིག་རིགས་ལས་ཁྲིམས་ལྟར་གསང་བ་བྱ་དགོས་རིགས་ཕུད་དེ་བྱིངས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་མང་ཚོགས་ཀྱིས་འདྲི་རྩད་བྱེད་པར་མཁོ་འདོན་བྱ་དགོས།

4 ལེའུ་བཞི་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིའི་སྐོར།

དོན་ཚན་ཉེར་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཅུས་བཙུགས་ཏེ་རྒྱལ་ཡོངས་ཀྱི་བསྡོམས་རྩིས་ལས་ཀར་ཁྲིམས་ལྟར་སྒྲིག་འཛུགས་དང་འགོ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུ།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ལས་ཀའི་དགོས་མཁོ་ལྟར་བཙུགས་པའི་མངགས་གཏོང་བརྟག་དཔྱད་ལས་ཁུངས་ཀྱིས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བཀོད་སྒྲིག་བྱས་པའི་བསྡོམས་རྩིས་བརྟག་དཔྱད་སོགས་ཀྱི་ལས་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་ཚུགས་ཀྱི་བསྡོམས་རྩིས་ལས་ཁུངས་འཛུགས་རྒྱུ་དང་། ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གིས་བསྡོམས་རྩིས་ལས་ཀའི་ལས་གནས་འཛུགས་རྒྱུ། ཆེད་གཉེར་རམ་ཡང་ན་ཞོར་འཛིན་བསྡོམས་རྩིས་རྒྱག་མཁན་བཀོད་སྒྲིག་བྱས་ནས་བསྡོམས་རྩིས་ལས་ཀར་ཁྲིམས་ལྟར་དོ་དམ་དང་སྤེལ་རྒྱུ་དང་། བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་ལས་འགན་གྱི་དགོས་མཁོར་གཞིགས་ནས་བསྡོམས་རྩིས་ལས་ཁུངས་འཛུགས་རྒྱུའམ་ཡང་ན་འབྲེལ་ཡོད་ལས་ཁུངས་སུ་བསྡོམས་རྩིས་རྒྱག་མི་འཛུགས་རྒྱུ་མ་ཟད། བསྡོམས་རྩིས་ཀྱི་འགན་འཁུར་པ་དམིགས་འཛུགས་བྱས་ནས་སྡེ་ཁག་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་བསྡོམས་རྩིས་ལས་ཀར་ཁྲིམས་ལྟར་སྒྲིག་འཛུགས་དང་དོ་དམ་བྱ་རྒྱུ་དང་། བསྡོམས་རྩིས་བརྟག་དཔྱད་བྱ་རྒྱུ་དང་། བསྡོམས་རྩིས་ཀྱི་ལས་སྒོའི་ཐད་ལ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཁྲིད་སྟོན་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ཇི་མ་ཇི་བཞིན་འཚོལ་སྡུད་དང་གོང་ལ་འབུལ་དགོས་པ་ལས། བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་གཡོ་བཅོས་བྱས་མི་ཆོག་པ་དང་། བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་སྡེ་ཚན་དང་མི་སྒེར་སུ་ཞིག་ལ་བདེན་པ་མ་ཡིན་པའི་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དུ་འཇུག་མི་ཆོག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག 

བསྡོམས་རྩིས་རྒྱག་མཁན་གྱིས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་བྱས་ཏེ། རང་གིས་འཚོལ་སྡུད་དང་། ཞིབ་བཤེར། ཕབ་འཇུག་བཅས་བྱེད་འགན་འཁུར་བའི་བསྡོམས་རྩིས་ཡིག་རིགས་དང་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱིས་ཕུལ་བའི་བསྡོམས་རྩིས་ཡིག་རིགས་ཀྱི་གཅིག་མཐུན་རང་བཞིན་ལ་འགན་འཁུར་དགོས།

དོན་ཚན་སུམ་ཅུ་པ། བསྡོམས་རྩིས་རྒྱག་མཁན་གྱིས་བསྡོམས་རྩིས་བརྟག་དཔྱད་བྱེད་སྐབས་བསྡོམས་རྩིས་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་འབྲེལ་ཡོད་མི་སྣར་འདྲི་རྩད་བྱས་ནས་དེར་འབྲེལ་ཡོད་གནས་ཚུལ་དང་དཔྱད་གཞིའི་ཡིག་རིགས་ཇི་མ་ཇི་བཞིན་འདོན་སྤྲོད་བྱེད་དུ་འཇུག་པ་དང་འབྲེལ་བདེན་པ་མིན་པ་དང་ཡང་དག་པ་མིན་པའི་དཔྱད་གཞིའི་ཡིག་རིགས་ཡོ་བསྲང་བྱེད་དུ་འཇུག་དབང་ཡོད།

བསྡོམས་རྩིས་རྒྱག་མཁན་གྱིས་བསྡོམས་རྩིས་བརྟག་དཔྱད་བྱེད་སྐབས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་སམ་འབྲེལ་ཡོད་སྡེ་ཁག་གིས་སྤྲད་པའི་ལས་ཀའི་ལག་ཁྱེར་བསྟན་དགོས་པ་དང་། མ་བསྟན་ན་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་ལ་བརྟག་དཔྱད་མི་བྱེད་པའི་དབང་ཆ་ཡོད།

དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་བསྡོམས་རྩིས་ཆེད་ལས་ལག་རྩལ་གྱི་གོ་གནས་ཐོབ་ཐང་རྒྱུགས་ལེན་དང་དཔྱད་བསྡུར་དང་གདན་ཞུ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་བསྡོམས་རྩིས་རྒྱག་མཁན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། བསྡོམས་རྩིས་དཔུང་ཁག་བརྟན་པོའི་རང་བཞིན་ལ་འགན་སྲུང་བྱ་རྒྱུ།

བསྡོམས་རྩིས་རྒྱག་མཁན་ལ་རང་གིས་སྒྲུབ་པའི་བསྡོམས་རྩིས་ལས་ཀ་དང་འཚམ་པའི་ཆེད་ལས་ཤེས་བྱ་དང་ལས་སྒོའི་ནུས་པ་ཡོད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་རྒྱག་མིར་ཆེད་ལས་གསོ་སྐྱོང་སྦྱོང་བརྡར་དང་ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས།

5 ལེའུ་ལྔ་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ལྟ་ཞིབ་ལས་ཁུངས་ཀྱིས་འོག་རིམ་མི་དམངས་སྲིད་གཞུང་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་བཅའ་ཁྲིམས་འདི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།

དོན་ཚན་སོ་གསུམ་པ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་བསྡོམས་རྩིས་ལས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་དང་དོ་དམ་བྱ་རྒྱུ་དང་། བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གར་བྱུང་བའི་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། འོན་ཀྱང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་མངག་གཏོང་བྱས་པའི་བརྟག་དཔྱད་ལས་ཁུངས་ཀྱིས་ལག་བསྟར་སྒྲིག་འཛུགས་བྱས་པའི་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོའི་ནང་བྱུང་བའི་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་བསྡོམས་རྩིས་བརྟག་དཔྱད་དེ་ཉིད་ལག་བསྟར་སྒྲིག་འཛུགས་བྱེད་མཁན་བརྟག་དཔྱད་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱེད་འགན་འཁུར་རྒྱུ།

འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱ་རྒྱུའི་ཐད་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་གྱོད་དོན་སྐོར་གྱི་དཔྱད་ཡིག་དུས་ཐོག་ཏུ་སྤོ་སྐྱེལ་བྱ་དགོས།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་བརྟག་དཔྱད་བྱེད་པའམ་ཡང་ན་བསྡོམས་རྩིས་ཀྱི་གཞི་གྲངས་ལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དབང་ཡོད་པ་སྟེ།

(གཅིག) བསྡོམས་རྩིས་ཞིབ་བཤེར་གྱི་འདྲི་རྩད་ཡི་གེ་བཏང་ནས་ཞིབ་བཤེར་བྱ་ཡུལ་ལ་འབྲེལ་ཡོད་དོན་དག་འདྲི་རྩད་བྱེད་པ་དང་།

(གཉིས། ) ཞིབ་བཤེར་བྱ་ཡུལ་ལ་འབྲེལ་ཡོད་ཀྱི་ཐོག་མའི་ཟིན་ཐོ་དང་དཔང་ཡིགབསྡོམས་རྩིས་རྩིས་ཐོ། བསྡོམས་རྩིས་བརྟག་དཔྱད་རེའུ་མིགརྩིས་གཉེར་དཔྱད་ཡིག་བཅས་དང་འབྲེལ་ཡོད་ཀྱི་དཔང་ཡིག་དང་དཔྱད་ཡིག་གཞན་དག་མཁོ་འདོན་བྱེད་དུ་འཇུག་པ།

(གསུམ) ཞིབ་བཤེར་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་དོན་དག་སྐོར་འབྲེལ་ཡོད་མི་སྣར་འདྲི་རྩད་བྱ་རྒྱུ།

(བཞི) ཞིབ་བཤེར་བྱ་ཡུལ་གྱི་ལས་སྒོ་སྤེལ་ས་དང་བསྡོམས་རྩིས་གཞི་གྲངས་ཐག་གཅོད་ཆ་འཕྲིན་མ་ལག་ཏུ་བསྐྱོད་དེ་ཞིབ་བཤེར་དང་ཞིབ་བསྡུར་བྱ་རྒྱུ།

(ལྔ)ལས་ཁུངས་དེ་གའི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་ཞིབ་བཤེར་བྱ་ཡུལ་གྱི་འབྲེལ་ཡོད་ཐོག་མའི་ཟིན་ཐོ་དང་། དཔང་ཡིགབསྡོམས་རྩིས་རྩིས་ཐོ། བསྡོམས་རྩིས་བརྟག་དཔྱད་རེའུ་མིགརྩིས་གཉེར་དཔྱད་ཡིག་བཅས་དང་འབྲེལ་ཡོད་ཀྱི་དཔང་ཡིག་དང་དཔྱད་ཡིག་གཞན་དག་ཐོ་འགོད་དང་ཉར་ཚགས་བྱ་རྒྱུ།

(དྲུག) ཞིབ་བཤེར་བྱེད་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་དཔྱད་ཡིག་ཟིན་ཐོར་འགོད་པ་དང་། སྒྲ་ཕབ་དང་བརྙན་ཕབ། པར་ལེན། འདྲ་བཟོ་བཅས་བྱེད་པ་བཅས་ཡིན།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་ལྟ་སྐུལ་དང་ཞིབ་བཤེར་བྱེད་མཁན་མི་གཉིས་ལས་ཉུང་མི་རུང་བ་མ་ཟད། ཁྲིམས་བསྟར་ལག་ཁྱེར་ཡང་བསྟན་དགོས། མ་བསྟན་ན་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཞིབ་བཤེར་དང་ལེན་མི་བྱེད་པའི་དབང་ཆ་ཡོད།

དོན་ཚན་སོ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ་དང་། འབྲེལ་ཡོད་དཔང་ཡིག་དང་དཔྱད་ཡིག་མཁོ་འདོན་བྱ་དགོས་པ་ལས། ཞིབ་བཤེར་དང་ལེན་མི་བྱེད་པ་དང་དེར་བཀག་འགོག་བྱས་མི་ཆོག་པ་དང་། ཐོག་མའི་ཟིན་ཐོ་དང་། འཛིན་ཡིགབསྡོམས་རྩིས་རྩིས་ཐོ། བསྡོམས་རྩིས་བརྟག་དཔྱད་རེའུ་མིགརྩིས་གཉེར་དཔྱད་ཡིག་བཅས་དང་འབྲེལ་ཡོད་ཀྱི་དཔང་ཡིག་དང་དཔྱད་ཡིག་གཞན་དག་སྤོ་སྒྱུར་དང་། སྦས་སྐུང་། གཡོ་བཅོས། རྩ་བརླག་བཅས་བྱས་མི་ཆོག 

6 ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་སོ་བདུན་པ། ས་གནས་མི་དམངས་སྲིད་གཞུང་དང་། སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱི་འགན་འཁུར་པར་གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་བྱུང་ན། བསྐོ་འཐེན་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་འབྲེལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བརྡ་ཁྱབ་ཀྱང་གཏོང་རྒྱུ་སྟེ།

(གཅིག) བསྡོམས་རྩིས་ཡིག་རིགས་ལ་བཟོ་བཅོས་བརྒྱབ་པ་དང་བསྡོམས་རྩིས་ཀྱི་གཞི་གྲངས་རྫུན་མ་སྒྲིག་བཟོ་བྱས་རིགས་དང་།

(གཉིས) བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མཁན་ནམ་ཡང་ན་ལས་ཁུངས་དང་མི་སྣ་གཞན་དག་ལ་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་གཡོ་བཅོས་བྱེད་དུ་བཅུག་རིགས།

(གསུམ) ཁྲིམས་ལྟར་འགན་འཁྲི་སྒྲུབ་པའམ་ཡང་ན་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་པའི་བསྡོམས་རྩིས་རྒྱག་མིར་རྡུང་རྡེག་འཁོན་སློག་བྱས་རིགས།

(བཞི) ས་གནས་དེ་ག་དང་། སྡེ་ཁག་དེ་ག། སྡེ་ཚན་དེ་ག་བཅས་སུ་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་བྱུང་བར་ལྟ་ཞིབ་མ་བྱས་པའི་རིགས་བཅས་ཡིན།

དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོ་སྒྲིག་འཛུགས་དང་ལག་བསྟར་བྱེད་རིང་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། གོང་རིམ་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་སམ་ཡང་ན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་བརྡ་ཁྱབ་གཏོང་རྒྱུ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་བསྐོ་འཐེན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།

(གཅིག)ཆོག་མཆན་མ་ཐོབ་པར་བསྡོམས་རྩིས་བརྟག་དཔྱད་བྱ་བ་རང་དགར་སྒྲིག་འཛུགས་བྱས་རིགས་དང་།

(གཉིས) ཆོག་མཆན་མ་ཐོབ་པར་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ཀྱི་ནང་དོན་རང་དགར་བསྒྱུར་རིགས།

(གསུམ) བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུན་བཟོ་དང་གཡོ་བཅོས་བྱས་རིགས།

(བཞི) བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་ལམ་ཡང་ན་ལས་ཁུངས་དང་མི་སྣ་གཞན་དག་ལ་བདེན་པ་མིན་པའི་བསྡོམས་རྩིས་ཡིག་རིགས་འདོན་སྤྲོད་བྱེད་དུ་བཅུག་རིགས།

(ལྔ) བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་ཀྱི་གཏན་འབེབས་ལྟར་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་མ་ཕུལ་བ་བཅས་སོ།

བསྡོམས་རྩིས་རྒྱག་མཁན་ལ་ནང་གསེས་དོན་ཚན་གོང་མའི་ཡང་གསེས་དོན་ཚན་གསུམ་པ་ནས་ལྔ་པའི་བར་གྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་སོ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཁག་ལ་གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ན། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་བསྐོ་འཐེན་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།

(གཅིག) ཁྲིམས་འགལ་གྱིས་བསྡོམས་རྩིས་ཡིག་རིགས་སྤྱི་བསྒྲགས་བྱས་རིགས་དང་།

(གཉིས) བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་གྱི་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་པའམ་ཡང་ན་བསྡོམས་རྩིས་བརྟག་དཔྱད་བྱེད་རིང་ཐོབ་པའི་བསྡོམས་རྩིས་བྱ་ཡུལ་བྱེ་བྲག་པའི་ཐོབ་ཐང་དབྱེ་འབྱེད་ཐུབ་པའམ་ཡང་ན་ཚོད་དཔག་གིས་གཅོད་ཐུབ་པའི་ཡིག་རིགས་འདོན་སྤྲོད་དང་ཕྱིར་བསྒྲགས་བྱས་རིགས།

(གསུམ)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་བསྡོམས་རྩིས་ཡིག་རིགས་གཏོར་བརླག་སོང་བ་དང་རྩ་བརླག་ཏུ་སོང་བ།

བསྡོམས་རྩིས་རྒྱག་མཁན་ལ་ནང་གསེས་དོན་ཚན་གོང་མའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་བཞི་བཅུ་པ། བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་རྒྱག་མིས་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་བྱས་ན། བཅའ་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་ཞེ་གཅིག་པ། བསྡོམས་རྩིས་བྱ་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་བརྡ་ཁྱབ་བཏང་ཆོགདེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁོངས་སུ་གཏོགས་ན། བསྐོ་འཐེན་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།

(གཅིག) བསྡོམས་རྩིས་ཡིག་རིགས་འདོན་སྤྲོད་མི་བྱེད་པའམ་ཡང་ན་བསྡོམས་རྩིས་ཡིག་རིགས་ཞུ་རྒྱུའི་སྐུལ་འདེད་བཏང་རུང་ད་དུང་དུས་ཐོག་ཏུ་འདོན་སྤྲོད་མི་བྱེད་པའི་རིགས་དང་།

(གཉིས) བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ངོ་མ་མིན་པའམ་ཆ་མི་ཚང་བ་འདོན་སྤྲོད་བྱས་རིགས།

(གསུམ) བསྡོམས་རྩིས་ཞིབ་བཤེར་འདྲི་རྩད་ཡིག་ཆར་ལན་མི་འདེབས་པའམ་ཡང་ན་ཇི་མ་ཇི་བཞིན་ལན་མི་འདེབས་པ།

(བཞི) བསྡོམས་རྩིས་བརྟག་དཔྱད་དང་བསྡོམས་རྩིས་ཞིབ་བཤེར་དང་ལེན་མི་བྱེད་པ་དང་བཀག་འགོག་བྱས་རིགས།

(ལྔ) ཐོག་མའི་ཟིན་ཐོ་དང་། འཛིན་ཤོགབསྡོམས་རྩིས་རྩིས་ཐོ། བསྡོམས་རྩིས་བརྟག་དཔྱད་རེའུ་མིགའབྲེལ་ཡོད་ཀྱི་དཔང་ཡིག་དང་དཔྱད་གཞིའི་ཡིག་རིགས་གཞན་དག་བཅས་སྤོ་སྒྱུར་དང་། སྦས་སྐུང་། གཡོ་བཅོས། རྩ་བརླག་གཏོང་བའམ་ཡང་ན་འདོན་སྤྲོད་མི་བྱེད་པའི་རིགས་བཅས་ཡིན།

ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་ནང་གསེས་དོན་ཚན་གོང་མའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་དང་། ཉེས་ཚབས་ཆེ་རིགས་ལ་སྒོར་ཁྲི་ལྔ་ཡན་ནས་སྒོར་འབུམ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

སྒེར་གཉེར་བཟོ་ཚོང་ཐེམ་དུད་ལ་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་འབྲེལ་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག 

དོན་ཚན་ཞེ་གཉིས་པ། བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་བསྡོམས་རྩིས་ཡིག་རིགས་འགྱངས་ཞུ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོག་མའི་ཟིན་ཐོ་དང་བསྡོམས་རྩིས་རྩིས་ཐོ་མ་བཟོས་པའི་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ།

ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་ལ་དོན་ཚན་གོང་མའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག 

སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱིས་བསྡོམས་རྩིས་ཡིག་རིགས་ཞུ་འགྱངས་བྱས་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་འབྲེལ་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག 

དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བསྡོམས་རྩིས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་སྐབས། འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས་སྙམ་ན། ཆད་པ་གཅོད་རྒྱུའི་གྲོས་འགོ་འདོན་དགོས་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དེ་བསྐོ་འཐེན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་ཐོག་ཏུ་ཆོད་དོན་འཇོག་དགོས་པ་མ་ཟད། མཇུག་འབྲས་དེ་ཡིག་ཐོག་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་བརྡ་ཐོ་ཡང་གཏོང་དགོས།

དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཡོངས་ཁྱབ་ཞིབ་བཤེར་གལ་ཆེན་བྱེད་པའི་བྱེད་སྒོ་སྤེལ་རིང་བསྡོམས་རྩིས་བརྟག་དཔྱད་བྱ་ཡུལ་དུ་གྱུར་པའི་མི་སྒེར་གྱིས་བསྡོམས་རྩིས་བརྟག་དཔྱད་དང་ལེན་མི་བྱེད་པ་དང་བཀག་འགོག་བྱས་པའམ་ཡང་ན་བདེན་པ་མིན་པའམ་ཡང་ན་ཆ་ཚང་མིན་པའི་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་འདོན་སྤྲོད་བྱས་པ་ཡིན་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྐྱོན་བརྗོད་དང་སློབ་གསོ་གཏོང་རྒྱུ།

དོན་ཚན་ཞེ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བསྡོམས་རྩིས་ཡིག་རིགས་རྫུན་མར་བརྟེན་ནས་གཟི་བརྗིད་ཀྱི་མཚན་སྙན་དང་དངོས་པོའི་ཁེ་ཕན་ནམ་ཡང་ན་གོ་གནས་སྤར་བ་བཅས་གཡོ་ལེན་བྱས་ན། བསྡོམས་རྩིས་ཡིག་རིགས་རྫུན་མ་སྒྲིག་བཟོ་བྱེད་པའམ་ཡང་ན་མི་གཞན་ལ་བསྡོམས་རྩིས་ཡིག་རིགས་རྫུན་མ་སྒྲིག་བཟོ་བྱེད་དུ་བཅུག་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ་ཕུད། འབྲེལ་ཡོད་ཆོད་དོན་འཇོག་མཁན་སྡེ་ཚན་ནམ་དེའི་གོང་རིམ་སྡེ་ཚན་དང་ལྟ་ཞིབ་ལས་ཁུངས་ཀྱིས་དེའི་གཟི་བརྗིད་ཀྱི་མཚན་སྙན་རྩིས་མེད་དུ་གཏོང་རྒྱུ་དང་། དངོས་པོའི་ཁེ་ཕན་བདའ་འདེད་གཏོང་རྒྱུ།

དོན་ཚན་ཞེ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་དོ་བདག་གི་བློར་མ་བབས་ན། ཁྲིམས་ལྟར་སྲིད་འཛིན་ཐོག་ནས་བསྐྱར་གྲོས་ཡོང་རེ་ཞུ་བའམ་ཡང་ན་སྲིད་འཛིན་ཐོག་གི་གཏུག་བཤེར་བྱས་ཆོགདེའི་ནང་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སུ་མངག་གཏོང་བྱས་པའི་བརྟག་དཔྱད་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་བློར་མ་བབས་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ལ་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་རྒྱུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་མངག་གཏོང་བྱས་པའི་བརྟག་དཔྱད་ལས་ཁུངས་གཞན་དག་གིས་སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་བློར་མ་བབས་ན། མངགས་གཏོང་ལས་ཁུངས་དེ་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་མངག་གཏོང་བྱས་པའི་བརྟག་དཔྱད་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་རྒྱུ།

དོན་ཚན་ཞེ་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

7 ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བརྒྱད་པ། བཅའ་ཁྲིམས་འདིར་འཁོད་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཞེས་པ་ནི་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་དེས་མངག་གཏོང་བྱས་པའི་བརྟག་དཔྱད་ལས་ཁུངས་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་ཟེར།

དོན་ཚན་ཞེ་དགུ་པ། དམངས་ཁྲོད་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོར་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་གྱི་རྩ་འཛུགས་དང་མི་སྒེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡོམས་རྩིས་བརྟག་དཔྱད་བྱེད་སྒོ་སྤེལ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་ཞུ་དགོས།

བསྡོམས་རྩིས་བརྟག་དཔྱད་བྱེད་པར་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའམ་ཡང་ན་མགོ་སྐོར་གཡོ་འཕྲུལ་གྱི་བྱ་སྤྱོད་སྤེལ་བ་ཡིན་ན། ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་ལྔ་བཅུ་པ། བཅའ་ཁྲིམས་འདི་སྤྱི་ལོ2010ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

དཔྱད་གཞིའི་ཡིག་ཆ།