ཧྥི་ལི་པིན་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-26 08:46ལ་འགྲུབ།

ཧྥི་ལི་པིན་སློབ་ཆེན།

ཧྥི་ལི་པིན་སློབ་ཆེན།
ཧྥི་ལི་པིན་སློབ་ཆེན་ནི་ཧྥི་ལི་པིན་གྱི་སྐབས་དང་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྤྲད་པའི་བཀའ་ཁྲིམས་ཨང1870པ(སློབ་ཆེན་གྱི་རྩ་ཁྲིམས་ཀྱང་ཟེར)དེ་སྤྱི་ལོ1908ལོའི་ཟླ6པའི་ཚེས18ཉིན་བཙུགས་པ་ཞིག་ཡིན་པ་དང་། དོན་དངོས་ཐོག་ཨ་རིར་བརྟེན་པ་དང་འབྲེལ་ལན་ཏེ་ཀུང་སིས་སློབ་ཆེན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ལྟར་བཙུགས་པའི་སློབ་ཆེན་ཞིག་ཡིན། སློབ་གྲྭ་དེའི་སྐབས་དང་པོའི་སློབ་གཙོ་ནི་ཨ་རིའི་འབུམ་རམས་པ་མོ་ལི•པ་ཐུ་ལི་ཐུMurray Bartlettཡིན། ལོ་བརྒྱ་ལྷག་གི་འཕེལ་རྒྱས་བརྒྱུད་ད་ལྟ་ཧྥི་ལི་པིན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་བཙུགས་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
菲律宾大学
ཕྱི་ཡིག་གི་མིང་།
University of the Philippines
བཙུགས་ལོ།
སྤྱི་ལོ1908ལོའི་ཟླ6པའི་ཚེས18ཉིན་བཙུགས།
ངོ་བོ།
ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་བཙུགས་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སློབ་གྲྭ་ཆེན་མོའི་མནའ་འབྲེལ་གྱི་ཁོངས་མི།
སློབ་གླིང་དང་སྡེ་ཁག་གཙོ་བོ།
མཛེས་རྩལ་སློབ་གླིང་དང་། ཞིང་ལས་རིག་པའི་སློབ་གླིང་། གསོ་རིག་སློབ་གླིང་སོགས་ཡོད།
1 སློབ་གཉེར་ལོ་རྒྱུས།

སློབ་གྲྭ་བཙུགས་པའི་དུས་འགོར་སློབ་གྲྭ་ཡོངས་སུ་སློབ་ཁྲིད་ཚན་པ་གཉིས་ལས་མེད་པ་སྟེ། སྤྱི་ལོ1908ལོར་བཙུགས་པའི་མཛེས་རྩལ་སློབ་གླིང་དང་ཞིང་ལས་སློབ་གླིང་ལས་མེད། སྤྱི་ལོ1910ལོར་ཧྥི་ལི་པིན་གྱི་གསོ་རིག་སློབ་གྲྭ་(སྤྱི་ལོ1907ལོར་བཙུགས་པ)ཧྥི་ལི་པིན་སློབ་ཆེན་དང་ཟླ་སྒྲིལ་བཏང་བ་མ་ཟད། སྤྱི་ལོ1923ལོར་གསོ་རིག་སློབ་གླིང་དུ་རྒྱ་སྐྱེད་བཏང་།

སློབ་གྲྭ་བཙུགས་རྗེས་ཀྱི་ཐོག་མའི་ལོ་བཅུའི་ནང་སློབ་གྲྭ་དེས་སྔ་རྗེས་སུ་གསོ་རིག་སྡེ་ཁག་དང་། བཟོ་སྐྲུན་སློབ་གླིང་། སློབ་གསོ་སློབ་གླིང་། རོལ་དབྱངས་སློབ་གླིང་། ཁྲིམས་རིག་སློབ་གླིང་། རྩོམ་རིག་སྡེ་ཁག ཕྱུགས་རིགས་སྨན་པའི་སྡེ་ཁག་སོགས་སློབ་གླིང་དང་སྡེ་ཁག་བདུན་བཙུགས་པ་དང་། སློབ་གཙོ་གཉིས་པ་ནི་ཧྥི་ལི་པིན་གྱི་མི་དབྱི་ཀེ་ན་ཞེས་ཨའོ•པི་ལི་ཡ་མོ་ཨེརIgnacio Villamorཡིན། ཁོང་གིས་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་མཐོང་ཆེན་གནང་ནས་སློབ་ཁྲིད་དང་ཚན་ཞིབ་ཁྱབ་ཁོངས་སུ་འགྲན་རྩོད་རང་བཞིན་གྱི་དགེ་རྒན་དཔུང་ཁག་ཅིག་འཛུགས་པར་ཤུགས་བརྒྱབ། 

ཧྥི་ལི་པིན་སློབ་ཆེན་གྱི་སྐབས་བཞི་པའི་སློབ་གཙོ་ལཱ་ཧྥེ་ཨེར•ཕར་མRafael Palmaཡིས་འགན་བཞེས་པའི་རིང་(སྤྱི་ལོ1923ལོ་ནས་སྤྱི་ལོ1934ལོའི་བར)འཕེལ་རྒྱས་མགྱོགས་ཙམ་བྱུང་ཡོད་དེ། སློབ་གཙོས་རིག་གཞུང་རང་མོས་ལ་སྲུང་སྐྱོང་ཧུར་ཐག་བྱས། 

སྤྱི་ལོ1941ལོའི་ཟླ12པར་འཇར་པན་གྱིས་བཙན་བཟུང་བྱས་པ་དང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་སློབ་གྲྭ་དེའི་སློབ་གྲྭའི་ཁང་པ་གཏོར་བརླག་ཐེབས་པ་དང་། རྒྱུན་ལྡན་གྱི་སློབ་ཁྲིད་བྱ་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས། སྐབས་དེར་སློབ་གླིང་དང་སྡེ་ཁག་ཁ་ཤས་ཀྱིས་མ་གཏོགས་སློབ་ཁྲིད་བྱེད་མཚམས་བཞག 

སྤྱི་ལོ1945ལོའི་ཟླ6པར། པི་ཨེན་ཝེ་ཉི་ཏུའོ•M•འབུམ་རམས་པ་ཀང་ས་ལེ་སི(Bienvenido M Gonzalez)སླར་ཡང་སློབ་གཙོར་བདམས་ཐོན་བྱུང་རྗེས།(ཁོང་གིས་སྤྱི་ལོ1939ལོ་ནས་བཟུང་སློབ་གཙོའི་འགན་བཞེས་པ་དང་། སྤྱི་ལོ1943ལོར་ལས་གནས་དགོངས་ཞུ་མི་བྱེད་ཐབས་མེད་བྱུང)གནས་སྤོས་སློབ་གྲྭའི་གནས་ཡུལ་གྱི་འཆར་གཞི་བཟོ་འགོ་བརྩམས། སྤྱི་ལོ1948ལོའི་ཟླ12པ་སྟེ་སློབ་གྲྭ་བཙུགས་ནས་ལོ་འཁོར40ལོན་པའི་སྐབས་སུ་མ་ནི་ལ་གྲོང་ཁྱེར་དུ་བཙུགས་པའི་ཧྥི་ལི་པིན་སློབ་ཆེན་གྱི་གསོ་རིག་སློབ་གླིང་དང་འཕྲོད་བསྟེན་ཞིབ་འཇུག་སུའོ་ཕུད་ཚང་མ་མ་ཉི་ལ་གྲོང་ཁྱེར་གྱི་གྲོང་རྡལ་གལ་ཆེན་གཞན་ཞིག་ཁུའེ་སུང་གྲོང་ཁྱེར་གྱི་ཏི་ལི་མན་དུ་གནས་སྤོས། 

སྤྱི་ལོ1953ལོར་སློབ་གྲྭ་དེས་ཁེ་ལ་ཁེའི་མཁའ་དམག་རྟེན་གཞི(རྒྱལ་ཡོངས་ཀྱི་མཁའ་དམག་རྟེན་གཞི་ཆེ་ཤོས)ཡི་བླང་བྱ་ལྟར་མཉམ་དུ་ཧྥི་ལི་པིན་སློབ་ཆེན་གྱི་ཁེ་ལ་ཁེ་མཁའ་དམག་རྟེན་གཞིའི་སློབ་གླིང་བཙུགས་པ་རེད། ད་ལྟ་དངོས་གཞིའི་སྡེ་ཁག་གི་ཆེད་ལས3དང་ཞིབ་འཇུག་སློབ་མའི་ཆེད་ལས3བཙུགས་ཡོད།

སྤྱི་ལོ1968ལོར་ཧྥི་ལི་པིན་སློབ་ཆེན་ལ་སློབ་གླིང28(སློབ་གྲྭ་གསུམ་དུ་ཁ་ཐོར་བ)དང་ས་གནས་རང་བཞིན་གྱི་སློབ་གླིང5(དེའི་ནང་པི་ཡའོ་སློབ་གླིང་གི་གཞི་ཁྱོན་ཆེ་ཤོས་ཡིན་པ་དང་། སྤྱི་ལོ1961ལོར་བསྐྱར་དུ་བཙུགས་རྗེས་སྔ་རྗེས་སུ་དངོས་གཞིའི་སྡེ་ཁག་གི་ཆེད་ལས9དང་རབ་འབྱམས་པའི་བསླབ་གནས་ཆེད་ལས་གཉིས་བཙུགས)ཡོད།

སྤྱི་ལོ1972ལོའི་ཟླ11པའི་ཚེས20ཉིན། སྐབས་དེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཁོ་སིས་ཧྥི་ལི་པིན་སློབ་ཆེན་ལ་བཅོས་སྒྲིག་ཆེན་པོ་བྱེད་དགོས་པའི་བཀའ་ཕབ་པ་དང་། དེའི་དམིགས་ཡུལ་ནི་སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་སློབ་ཆེན་ཡག་ཤོས་སུ་གཉེར་རྒྱུ་དེ་ཡིན་པ་དང་། དུས་མཚུངས་སུ་གཅིག་གྱུར་དང་ཁ་འགྲེམས་ཟུང་འབྲེལ་གྱི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས་པས། རིག་གཞུང་ལས་ཁུངས་ཁ་ཤས་ལ་རང་བདག་དབང་ཆ་ཐོབ་པ་རེད། སྐབས་བཅུ་གཅིག་པའི་སློབ་གཙོ་སཱ་ཨེར་ཝ་ཏོལ•P•ལུའོ་ཕེ་སི(Salvador P Lopez)སྤྱི་ལོ1969ལོར་ལས་འགན་བཞེས་རྗེས་དམངས་གཙོའི་གྲོས་མོལ་ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་ནས་སློབ་ཁྲིད་དང་ཚན་ཞིབ་སྒྲིག་བཀོད་རྒྱ་ཆེར་བཏང་བ་དང་། དགེ་རྒན་དང་ལས་བཟོའི་གླ་ཕོགས་མང་དུ་གཏོང་བ། སློབ་ཞུགས་རོགས་དངུལ་ལམ་ལུགས་བཅས་བཙུགས་ནས་སློབ་གྲྭའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད། སྤྱི་ལོ1973ལོའི་ཟླ1པོའི་ཚེས1ཉིན་སློབ་ཆེན་ལས་འཛིན་ལྷན་ཚོགས་ཀྱིས་ཡན་ལག་སློབ་གྲྭ་དང་པོ་སྟེ་ལུའོ་སི་པ་ཉི་ཨའོ་སི་ཡན་ལག་སློབ་གྲྭ་འཛུགས་རྒྱུར་དངོས་སུ་ཆོག་མཆན་སྤྲད་པ་དང་། ཁ་ཐོར་དོ་དམ་དང་ཡན་ལག་སློབ་གྲྭའི་རང་སྐྱོང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་ཞིབ་ཕྲ་བྱས། ཡན་ལག་སློབ་གྲྭ་དེ་ནི་མ་ནི་ལའི་ལྷོ་རྒྱུད་ཀྱི་སྤྱི་ལེ80ཡི་སར་ཡོད་པ་དང་། དེ་ནི་ཧྥི་ལི་པིན་གྱི་ཞིང་ལས་ཁུལ་གཙོ་བོ་དང་རྒྱལ་ཡོངས་ཀྱི་ནགས་ཚལ་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་ཡིན་ལ། ཞིང་ནགས་ཆེད་ལས་སློབ་ཁྲིད་དང་ཚན་རིག་ཚོད་ལྟ་བྱེད་པའི་ས་ཁུལ་ཡག་ཤོས་ཤིག་ཀྱང་ཡིན།

སྤྱི་ལོ1977ལོར་སློབ་ཆེན་ལས་འཛིན་ལྷན་ཚོགས་ཀྱིས་མ་ནི་ལ་གྲོང་ཁྱེར་དུ་བདེ་སྲུང་ཚན་རིག་ལྟེ་གནས་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་། སྤྱི་ལོ1979ལོར་ཧྥི་ལི་པིན་སློབ་ཆེན་མ་ནི་ལ་ཡན་ལག་སློབ་གྲྭ་དངོས་སུ་བཙུགས་པ་རེད།མཱ་ཉི་ལཱ་སློབ་གྲྭ་དང་ཏི་ལི་མན་སློབ་གྲྭ་དེ་རྒྱལ་ས་རུ་གནས་ཡོད་པས་སློབ་ཁྲིད་དང་ཚན་ཞིབ་ནི་མི་ཆོས་ཚན་རིག་དང་། སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག ལག་རྩལ་ཚན་རིག གསོ་རིག་བཅས་གཙོ་བོར་བྱེད་བཞིན་ཡོད། ལོ་དེའི་ཟླ་ལྔ་བར་ཡན་ལག་སློབ་གྲྭ་གསུམ་པ་སྟེ་སྨི་ཧྲ་ཡན་ཡན་ལག་སློབ་གྲྭ་འཛུགས་པའི་ཁྱབ་བསྒྲགས་བྱས་པ་དང་ཡན་ལག་སློབ་གྲྭ་དེ་ནི་མ་ནི་ལའི་ཤར་ལྷོར་གནས་པ་དང་ཉ་ར་དང་ཆུ་ཐོན་གསོ་ཚགས་རྟེན་གཞི་ཡིན་པས་ཉ་ལས་དང་ཆུའི་ཐོན་ལས་སོགས་ཆེད་ལས་གཙོ་བོར་འཛིན་བཞིན་ཡོད། ཡུལ་བབ་དང་བསྟུན་པའི་སློབ་གཉེར་བྱེད་ཕྱོགས་དེ་རིགས་ཀྱིས་ས་གནས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་དུ་འཕེལ་བར་ཕན་ཐོགས་ཡོད་ལ། ས་གནས་སོ་སོའི་ན་གཞོན་རྣམས་ཀྱི་སློབ་ཞུགས་རེ་འདུན་དང་ཡང་མཐུན་པ་རེད།

ཧྥི་ལི་པིན་སློབ་ཆེན་གྱིས་སྤྱི་ལོ1979ལོར་པང་པན་ཡ་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་སློབ་ཁྲིད་ཁྱབ་གདལ་གཏོང་བའི་འཆར་གཞིར་མིང་རྟགས་བཀོད་ནས་ཞིང་ཆེན་དེའི་ཞིང་ཆེན་ལྟེ་གནས་ཧྲེང་ཧྥེར་ནན་ཏུའོ་གྲོང་ཁྱེར་དུ་དངོས་གཞིའི་སྡེ་ཁག་གི་སློབ་མ117དང་ཞིབ་འཇུག་སློབ་མ40བསྡུ་རྒྱུ་ཡིན་པ་དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས་ནང་དཔལ་འབྱོར་རིག་པ་དང་། བཟོ་ཚོང་དོ་དམ། སེམས་ཁམས་རིག་པ་བཅས་ཚུད་ཡོད་པ་དང་རབ་འབྱམས་པའི་ཆེད་ལས་ནི་དོ་དམ་རིག་པ་ཡིན།

སྤྱི་ལོ1982ལོའི་ཟླ4བའི་ཚེས26ཉིན། ཡན་ལག་སློབ་གྲྭ་ཡིན་ལ་སྤྱི་ཁྱབ་པུའུ་གནས་སའི་ཏི་ལི་མན་སློབ་གྲྭ་དངོས་སུ་བསྐྲུན་འགོ་བརྩམས།

སྤྱི་ལོ1984ལོར་ཁྱབ་གདལ་སློབ་ཁྲིད་ས་ཚིགས་གཉིས་པས་ཨའོ་ལུང་ཅ་པོ་གྲོང་ཁྱེར་དུ་རབ་འབྱམས་པའི་བསླབ་གནས་དོ་དམ་བྱེད་པའི་ཆེད་ལས་བཙུགས།

2 དགེ་སློབ་ཀྱི་གྲངས། 

སྤྱི་ལོ1990ལོ་ནས་སྤྱི་ལོ1991ལོའི་བར་ཧྥི་ལི་པིན་སློབ་ཆེན(ཡན་ལག་སློབ་གྲྭ4)ལ་སློབ་གླིང51ཡོད་པ་དང་སློབ་གྲྭར་ད་ཡོད་ཀྱི་སློབ་མ33800ཟིན་ཡོད།

ཧྥི་ལི་པིན་དུ་སློབ་ཆེན་གྱི་དགེ་རྒན་སྤྱིར་ན་རིམ་པ་བཞི་རུ་དབྱེ་ཡོད་པ་སྟེ། ལས་རོགས་དགེ་རྒན་དང་། འཆད་ཁྲིད་དགེ་རྒན། དགེ་རྒན་ཆེན་མོ་གཞོན་པ། དགེ་རྒན་ཆེ་མོ་བ་བཅས་ཡིན། ཧྥི་ལི་པིན་སློབ་ཆེན་གྱིས“སློབ་ཆེན་གྱི་དགེ་རྒན་ཆེན་མོ”ཞེས་པའི་དམིགས་བསལ་རིམ་པའི་དགེ་རྒན་གྱི་གོ་གནས་བསྣན་ཡོད་པ་རེད། སློབ་གྲྭ་ཡོངས་ཀྱི་དགེ་རྒན3720ནང“སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ”5དང་། དགེ་རྒན་ཆེན་མོ463 དགེ་རྒན་ཆེན་མོ་གཞོན་པ527 འཆད་ཁྲིད་དགེ་རྒན1134 ལས་རོགས་དགེ་རྒན1141བཅས་ཡོད། དགེ་རྒན་གྱི་སྤྱིའི་མི་གྲངས་ཀྲུང་ཏི་ལི་མན་ཡན་ལག་སློབ་གྲྭ་དང་ཧྥི་ལི་པིན་སློབ་ཆེན་གཉིས་སུ་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས་མཁན1450ཡོད་པ་དང་མ་ནི་ལ་ཡན་ལག་སློབ་གྲྭ་དང་། སྨི་ཧྲ་ཡན་ཡན་ལག་སློབ་གྲྭ། ལུའོ་སི་པ་ཉི་ཨའོ་སི་ཡན་ལག་སློབ་གྲྭའི་དགེ་རྒན་བཅས་ཀྱི་མི་གྲངས་སོ་སོར་546དང456 818བཅས་ཡོད། 

ཧྥི་ལི་པིན་སློབ་ཆེན་གྱི་སློབ་མར་དངོས་གཞི་དང་དངོས་གཞི་མ་ཡིན་པའི་རིགས་ཆེན་པོ་གཉིས་ཡོད་པ་དང་། སྔ་མའི་ནང་དངོས་གཞིའི་སྡེ་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ་ཚུད་ཡོད། ཕྱི་མའི་ནང་བསླབ་གནས་མིན་པའི་སློབ་མ་དང་། སློབ་གྲྭ་ལས་བརྒལ་བའི་ཐོ་འགོད་སློབ་མ། དམིགས་བསལ་སློབ་མ་བཅས་ཚུད་ཡོད། སློབ་གྲྭ་ཡོངས་ཀྱི་སློབ་མ33800ཡི་ནང་དངོས་གཞིའི་སྡེ་ཁག་གི་སློབ་མ27177དང་ཞིབ་འཇུག་སློབ་མ5918 དངོས་གཞི་མ་ཡིན་པའི་སློབ་མ705བཅས་ཡོད། དེའི་ནང་ཕྱི་རྒྱལ་གྱི་སློབ་མ646ཚུད་ཡོད། གཞན་ད་དུང་དངོས་གཞི་མིན་པའི་ཕྱི་རྒྱལ་གྱི་སློབ་མ1112ཡོད་པ་དང་ཁོང་ཚོ་མང་ཆེ་བ་ཨ་རི་དང་། དབྱིན་ཇི། འཇར་པན། རྒྱ་གར། ཀྲུང་གོ། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ། བྷང་ག་ལ། དབྱི་རན་སོགས་ནས་ཡོང་བའི་ཕྱི་འགྲིམ་སློབ་མ་ཡིན། 

3 དཔེ་མཛོད་ཁང་། 

ཏེ་ལི་མན་ཡན་ལག་སློབ་གྲྭའི་དཔེ་མཛོད་ཁང་ནི་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་ཆེ་ཤོས་དང་པོ་ཡིན་པ་དང་། ལྟེ་བའི་དཔེ་མཛོད་ཁང་དང་། སློབ་གླིང21གི་དཔེ་མཛོད་ཁང་། སྒེར་ཚུགས་དཔེ་མཛོད་ཁང5བཅས་ལས་གྲུབ་པ་ཞིག་ཡིན། སྤྱི་ལོ1990ལོའི་ཟླ12པར་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི76.9དང་། དུས་དེབ་རིགས14900ཡོད། ཧྥི་ལི་པིན་སློབ་ཆེན་གྱིས་དུས་མཚུངས་སུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི་116དང་། མཱ་ཉི་ལཱ་ཡན་ལག་སློབ་གྲྭར་དཔེ་དེབ་ཁྲི12.5 སྨི་ཧྲ་ཡན་ཡན་ལག་སློབ་གྲྭར་ཁྲི8.4 ལུའོ་སི་པ་ཉི་ཨའོ་སི་ཡན་ལག་སློབ་གྲྭར་དཔེ་དེབ་ཁྲི18.2བཅས་ཉར་ཚགས་བྱས་ཡོད། 

4 རིག་གཞུང་ལས་ཁུངས། 

ཏི་ལི་མན་ཡན་ལག་སློབ་གྲྭར་ད་དུང་རིག་གཞུང་ལས་ཁུངས9ཡོད་པ་སྟེ། ཧྥི་ལི་པིན་སློབ་ཆེན་ཁྲིམས་ལུགས་རིག་པའི་ལྟེ་གནས་(སྤྱི་ལོ1963ལོར་བཙུགས)དང་། ས་གནས་སྲིད་གཞུང་ལྟེ་གནས།(སྤྱི་ལོ1963ལོར་བཙུགས)སློབ་ཆེན་རྩིས་འཁོར་ལྟེ་གནས།(སྤྱི་ལོ1966ལོར་བཙུགས)ཁེ་ལས་ཆུང་གྲས་ཞིབ་འཇུག་ལྟེ་གནས།(སྤྱི་ལོ1966ལོར་བཙུགས)ཧྥི་ལི་པིན་སློབ་ཆེན་གློག་བརྙན་ལྟེ་གནས།(སྤྱི་ལོ1976ལོར་བཙུགས)འཛམ་གླིང་གསུམ་པའི་ཞིབ་འཇུག་ལྟེ་གནས།(སྤྱི་ལོ1977ལོར་བཙུགས)རྒྱལ་ཡོངས་བཟོ་སྐྲུན་རིག་པའི་ལྟེ་གནས།(སྤྱི་ལོ1978ལོར་བཙུགས)སློབ་ཆེན་ཕྱོགས་བསྡུས་གསར་སྤེལ་ཞིབ་འཇུག་ལྟེ་གནས(སྤྱི་ལོ1985ལོར་བཙུགས)སོགས་ཡོད། 

5 ཞིབ་འཇུག་ལས་ཁུངས། 

ཧྥི་ལི་པིན་སློབ་ཆེན་གྱི་ཞིབ་འཇུག་ལས་དོན་དེ་མིའི་རིགས་ཀྱི་བསམ་བློ་དང་དེའི་བྱེད་སྒོའི་ཁྱབ་ཁོངས་ཚང་མ་དང་འབྲེལ་བ་ཡོད་དེ། སློབ་གླིང་ཚང་མས་ཚན་རིག་ཞིབ་འཇུག་ཧུར་ཐག་བྱས་ཏེ་ཞིབ་འཇུག་ལས་ཁུངས་ཀྱིས་འགན་འཁུར་བའི་ལས་གཞི་ཡོད་ལ་དགེ་སློབ་མཉམ་དུ་ཞུགས་པའི་ཞིབ་འཇུག་བྱ་གཞིའང་ཡོད། དེའི་ནང་དམིགས་སུ་བཀར་ནས་ངོ་སྤྲོད་བྱེད་རིན་ཡོད་པའི་ཞིབ་འཇུག་ལས་ཁུངས་གཤམ་གསལ།

5_1 དཔལ་འབྱོར་ཞིབ་འཇུག་ལྟེ་གནས།

དཔལ་འབྱོར་སློབ་གླིང་དུ་དཔལ་འབྱོར་རིག་པའི་སྲོལ་རྒྱུན་ཞིབ་འཇུག་ལས་གཞི་སྤེལ་བ་ཕུད།ད་དུང་ལས་ཞུགས་དང་། ཡོང་འབབ་བགོ་བཤའ། བདེ་ཐང་དང་འཚོ་བཅུད། སློབ་གསོ། མི་འབོར་སོགས་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་དམིགས་སུ་བཀར་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཞིབ་འཇུག་བྱ་བར་སྐུལ་འདེད་གཏོང་ཆེད། ལྟེ་གནས་དེས་གཟའ་འཁོར་རེར་གྲོས་བསྡུར་ཚོགས་འདུ་ཐེངས་རེ་འཚོགས་ཤིང་། དགེ་རྒན་དང་ཞིབ་འཇུག་སློབ་མ། ཆེད་བསྐོས་མི་སྣ་བཅས་ཀྱིས་ཞིབ་འཇུག་གི་གྲུབ་འབྲས་སམ་སྒྲུབ་བཞིན་པའི་ཞིབ་འཇུག་བྱ་གཞི་གྲོས་བསྡུར་བྱེད་བཞིན་ཡོད།

5_2 རྒྱལ་ཡོངས་ཆུ་ཤུགས་ཐོན་ཁུངས་ཞིབ་འཇུག་ལྟེ་གནས།

སྲིད་གཞུང་ཆུ་ཤུགས་ཐོན་ཁུངས་ཅུས་ཀྱི་གྲོས་འགོ་གཞིར་བཟུང་ནས་སྤྱི་ལོ1973ལོར་བཙུགས་པ་དང་གཙོ་བོ་ཕྱོགས་གཉིས་ཀྱི་ལས་དོན་སྤེལ་རྒྱུ་དང་། དངོས་ལུགས་དང་རྩིས་རིག་གི་དཔེ་དབྱིབས་ཞིབ་འཇུག་བྱས་གྲུབ་འབྲས་ལ་གཞིགས་ནས་འཆར་འགོད་དང་ཇུས་འགོད་སྡེ་ཁག་ལ་གྲོས་འགོ་དང་བློ་འདོན་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་མ་ཟད་རང་ངོས་ཀྱི་ཚན་རིག་དང་མཐུན་པའི་དཔྱད་དཔོག བྱེད་ནུས་ཆེ་རུ་གཏོང་དགོས། ལྟེ་གནས་དེའི་ཁང་པའི་ནང་གི་དཔེ་དབྱིབས་ཚོད་ལྟའི་ཐོག་ཁང་ཆེན་མོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3500ཡོད་པ་དང་། དཔེ་དབྱིབས་ཚོད་ལྟ་ཆེ་གྲས་རྟག་ཏུ་ཕྱི་རོལ་དུ་བྱེད་བཞིན་ཡོད། ཚན་རིག་ཞིབ་འཇུག་གི་ལས་དོན་གཙོ་བོ་ཕུད་ལྟེ་གནས་དེས་ད་དུང་བཟོ་སྐྲུན་སློབ་གླིང་གི་དངོས་གཞིའི་སྡེ་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མར་ཆུ་ཤུགས་ཐོན་ཁུངས་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་བཞིན་ཡོད། 

5_3 བཟོ་ལས་ཞིབ་འཇུག་ལྟེ་གནས། 

སློབ་གྲྭའི་ལས་འཛིན་པའི་ལྷན་ཚོགས་ཀྱིས་སྤྱི་ལོ1954ལོའི་ཟླ10བའི་གྲོས་ཆོད་ལྟར་བཙུགས་པ་དང་། ཐོག་མར་བཟོ་སྐྲུན་སློབ་གླིང་གིས་དོ་དམ་བྱས་ཤིང་། སྤྱི་ལོ1978ལོར་རྒྱལ་ཡོངས་བཟོ་སྐྲུན་རིག་པའི་ལྟེ་གནས་ཀྱི་ཁོངས་མིར་གྱུར། ལྟེ་གནས་དེའི་འགན་ནུས་གཙོ་བོ་ནི་བཟོ་ལས་ལས་རིགས་ལ་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་དང་། བཟོ་ལས་སྡེ་ཁག་ལ་དམིགས་བསལ་གྱི་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་འདོན་སྤྲོད་བྱ་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཚོང་རར་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཐོན་རྫས་དང་ཐོན་སྐྱེད་བཟོ་རྩལ་གསར་གཏོད་བྱ་རྒྱུ། ལག་རྩལ་ཞབས་ཞུ་སྣ་ཚོགས(དཔེར་ན་རྒྱུ་ཆ་དང་སྒྲིག་ཆས། ཐོན་སྐྱེད་མ་ལག་བཅས་ཀྱི་ནུས་པ་དང་བདེ་འཇགས་ཚད་གཞིར་ཚོད་ལྟ་བྱེད་པ)འདོན་སྤྲོད་བྱེད་དགོས།

5_4 རང་བྱུང་ཚན་རིག་ཞིབ་འཇུག་ཁང་། 

སྤྱི་ལོ1983ལོར་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་སྐྱེ་དངོས་རིག་པ་དང་། རྫས་འགྱུར་རིག་པ། རྩིས་རིག གནམ་གཤིས་རིག་པ། རྒྱ་མཚོ་རིག་པ་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལྟེ་གནས་ཡིན་ལ། རྗེས་སུ་ཞིབ་འཇུག་གི་ཁྱབ་ཁོངས་དེ་ཆ་རྡུལ་སྐྱེ་དངོས་རིག་པ་དང་སྐྱེ་དངོས་བཟོ་རྩལ་རིག་པ། ཁོར་ཡུག་ཚན་རིག དངོས་སྤྱོད་གྲངས་རིག རྒྱུ་ཆའི་ཚན་རིག་བཅས་སུ་རྒྱ་བསྐྱེད། སྤྱི་ལོ1990ལོ་ནས་སྤྱི་ལོ1991ལོའི་བར་སྤེལ་བཞིན་པའི་ཞིབ་འཇུག་ལས་གཞི49ཟིན་པ་དང་གཞན་ཡང་སློབ་གསོ་དང་། བློ་འདྲི། གསོ་སྦྱོང་སོགས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཡོད།

དཔྱད་གཞིའི་ཡིག་ཆ།