ལྗང་མདོག་འཛད་སྤྱོད།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:38ལ་འགྲུབ།

ལྗང་མདོག་འཛད་སྤྱོད།

ལྗང་མདོག་འཛད་སྤྱོད།
ལྗང་མདོག་འཛད་སྤྱོད་ལ་རྒྱུན་མཐུད་འཛད་སྤྱོད་ཀྱང་ཟེར་ཞིང་། དེ་ནི་འཛད་སྤྱོད་ཚོད་འཛིན་འོས་འཚམ་བྱས་ཏེ་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བའམ་ཉུང་དུ་གཏོང་བ་དང་། རང་བྱུང་ལ་བརྩི་མཐོང་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱད་ཆོས་སུ་བྱེད་པའི་འཛད་སྤྱོད་བྱ་སྤྱོད་དང་བརྒྱུད་རིམ་གསར་བ་ཞིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿色消费
ཕྱི་ཡིག་གི་མིང་།
Green Consumption
མིང་གཞན།
རྒྱུན་མཐུད་འཛད་སྤྱོད།
རྩ་དོན།
5Rརྩ་དོན།
ངོ་བོ།
སྐྱེ་ཁམས་སྲུང་སྐྱོང་ཁྱད་ཆོས་སུ་འཛིན་པའི་འཛད་སྤྱོད་ཀྱི་བྱ་སྤྱོད་གསར་བ།
1 ངོ་སྤྲོད།

ལྗང་མདོག་འཛད་སྤྱོད་ལ“རྒྱུན་མཐུད་འཛད་སྤྱོད”ཀྱང་ཟེར། དེ་ནི་སྐྱེ་ཁམས་ཀྱི་དགོས་མཁོ་སྐོང་རྒྱུ་ནས་མགོ་བརྩམས་ཏེ། བདེ་ཐང་ལ་ཕན་པ་ཡོད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གཞི་རྩའི་ནང་དོན་དུ་འཛིན་པ་དང་། མིའི་བདེ་ཐང་དང་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་མཐུན་པའི་འཛད་སྤྱོད་བྱ་སྤྱོད་དང་འཛད་སྤྱོད་བྱེད་སྟངས་སྣ་ཚོགས་ཀྱི་སྤྱི་མིང་ཡིན། ལྗང་མདོག་འཛད་སྤྱོད་ཀྱི་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་། དེའི་ནང་ལྗང་མདོག་ཐོན་རྫས་ཚུད་པ་མ་ཟད། ད་དུང་དངོས་ཟོག་ཚུར་བསྡུ་བེད་སྤྱོད་དང་། ནུས་རྒྱུ་ནུས་ལྡན་བེད་སྤྱོད། འཚོ་གནས་ཁོར་ཡུག་དང་དངོས་རིགས་སྲུང་སྐྱོང་སོགས་ཚུད་ཡོད་པས་ཐོན་སྐྱེད་བྱ་སྤྱོད་དང་འཛད་སྤྱོད་བྱ་སྤྱོད་ཀྱི་ཕྱོགས་གང་ཅིའི་ཐད་ཚུད་ཡོད་ཅེས་བཤད་ཆོག ལྗང་མདོག་འཛད་སྤྱོད་ནི་འཛད་སྤྱོད་ཚོད་འཛིན་འོས་འཚམ་བྱས་ཏེ་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བའམ་ཉུང་དུ་གཏོང་བ་དང་། རང་བྱུང་ལ་བརྩི་མཐོང་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱད་ཆོས་སུ་བྱེད་པའི་འཛད་སྤྱོད་བྱ་སྤྱོད་དང་བརྒྱུད་རིམ་གསར་བ་ཞིག་ཡིན། 

2 དོན་འགྲེལ།

ལྗང་མདོག་འཛད་སྤྱོད་ལ་རྒྱུན་མཐུད་འཛད་སྤྱོད་ཀྱང་ཟེར་ཞིང་། དེ་ནི་འཛད་སྤྱོད་ཚོད་འཛིན་འོས་འཚམ་བྱས་ཏེ་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བའམ་ཉུང་དུ་གཏོང་བ་དང་། རང་བྱུང་ལ་བརྩི་མཐོང་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱད་ཆོས་སུ་བྱེད་པའི་འཛད་སྤྱོད་བྱ་སྤྱོད་དང་བརྒྱུད་རིམ་གསར་བ་ཞིག་ལ་ཟེར། ལྗང་མདོག་འཛད་སྤྱོད་ནང་ལྗང་མདོག་ཐོན་རྫས་ཚུད་པ་མ་ཟད། ད་དུང་དངོས་ཟོག་ཚུར་བསྡུ་བེད་སྤྱོད་དང་། ནུས་རྒྱུ་བེད་སྤྱོད་ནུས་ལྡན། འཚོ་གནས་ཁོར་ཡུག་དང་དངོས་རིགས་ཁོར་ཡུག་སྲུང་སྐྱོང་སོགས་ཚུད་ཡོད། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བའི་གཙོ་གནད་ནི“ལྗང་མདོག་འཚོ་བ་དང་ཁོར་ཡུག་སྲུང་སྐྱོང་འདེམས་ཉོ”ཡིན། བྱེ་བྲག་ཏུ་བཤད་ན། དེར་གོ་དོན་གསུམ་ཡོད་དེ། གཅིག་ནི་འཛད་སྤྱོད་དར་སྤེལ་གཏོང་སྐབས། སྦགས་བཙོག་ཐེབས་མེད་པའམ་ཡང་ན་སྤྱི་དམངས་ཀྱི་བདེ་ཐང་ལ་ཕན་པའི་ལྗང་མདོག་ཐོན་རྫས་གདམ་དགོས། གཉིས་ནི་འཛད་སྤྱོད་པས་འཛད་སྤྱོད་ཀྱི་འདུ་ཤེས་བསྒྱུར་བ་དང་། རང་བྱུང་ལ་བརྩི་མཐོང་དང་བདེ་ཐང་དོན་གཉེར་བྱེད་པ། འཚོ་བ་སྐྱིད་པོ་ཡོང་བར་བརྩོན་ལེན་བྱེད་པ་བཅས་ཀྱི་དུས་མཚུངས་སུ། ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་། ཐོན་ཁུངས་དང་ནུས་ཁུངས་གྲོན་ཆུང་བྱས་ཏེ། རྒྱུན་མཐུད་འཛད་སྤྱོད་མངོན་འགྱུར་བྱེད་དགོས། གསུམ་ནི་འཛད་སྤྱོད་བྱེད་རིང་གད་སྙིགས་ཐག་གཅོད་བྱ་རྒྱུར་དོ་སྣང་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ།

3 ཁྱད་ཆོས།

(1) ཐོན་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་དུ་གཏོང་བ།

(2) ལྗང་མདོག་འཚོ་བ་དང་ཁོར་ཡུག་སྲུང་སྐྱོང་འདེམས་ཉོ་བྱེད་པ།

(3) ཡང་བསྐྱར་བཀོལ་སྤྱོད་བྱེད་པ། ཐེངས་མང་བཀོལ་སྤྱོད་བྱེད་པ།

(4) རིགས་དབྱེ་ཚུར་བསྡུ་དང་འཁོར་རྒྱུག་བསྐྱར་སྐྱེ།

(5) རང་བྱུང་ཁམས་སྲུང་སྐྱོང་བྱས་ནས་བྱ་དངོས་ཡོད་ཚད་ཐུན་མོང་དུ་དབང་བ།

4 དཔེ་དབྱིབས།
4_1 མཚན་ཉིད།

ལྗང་མདོག་འཛད་སྤྱོད་བྱེད་སྟངས་ལ་རིམ་པ་ལྔ་ཚུད་དགོས་པ་སྟེ། གཅིག་ནི་དྲོད་ཚད་བརྟན་པོའི་འཛད་སྤྱོད་ཡིན་པ་སྟེ། འཛད་སྤྱོད་བྱེད་རིམ་ཁྲོད་ཀྱི་དྲོད་ཁང་རླངས་གཟུགས་འབུད་ཚད་དམའ་ཤོས་སུ་གཏོང་དགོས་པ་དང་། གཉིས་ནི“དཔལ་འབྱོར་འཛད་སྤྱོད”ཡིན་ཏེ། ཐོན་ཁུངས་དང་ནུས་ཁུངས་ཟད་གྲོན་བྱེད་ཚད་ཆེས་ཆུང་བ་དང་གྲོན་ཆུང་ཆེ་ཤོས་ཡིན། གསུམ་ནི“བདེ་འཇགས་འཛད་སྤྱོད”ཡིན་པ་སྟེ། འཛད་སྤྱོད་བྱས་འབྲས་ཀྱིས་འཛད་སྤྱོད་བྱེད་པོ་དང་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་གི་བདེ་ཐང་ལ་གནོད་འཚེ་གཏོང་ཚད་ཆུང་ཤོས་སུ་གཏོང་དགོས་པ། བཞི་ནི“རྒྱུན་མཐུད་ངང་འཛད་སྤྱོད་བྱེད”པ་སྟེ། རང་ངོས་ཀྱི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྗེས་རབས་པའི་འཛད་སྤྱོད་ནུས་པར་གནོད་འཚེ་མི་གཏོང་བ། ལྔ་ནི“ཁྱབ་ཁོངས་གསར་པའི་འཛད་སྤྱོད”ཡིན་པ་སྟེ། ཐཱན་ཉུང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། དྭངས་གཙང་ནུས་རྒྱུ་བེད་སྤྱོད། ཐཱན་ཉུང་ཐོན་རྫས་ཁྱབ་གདལ་བཅས་བྱས་ནས་ཐཱན་ཉུང་འཛད་སྤྱོད་ཀྱི་ཁྱབ་ཁོངས་གསར་བ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་དེ་ཡིན།

4_2 མཚོན་ཚུལ།

ལྗང་མདོག་འཛད་སྤྱོད་བྱེད་སྟངས་ཀྱི་མཚོན་ཚུལ་གཙོ་བོ་ནི། འཚོ་བཅུད་བདེ་ཐང་ཁྲིད་སྟོན་དུ་བྱེད་པའི་ཐཱན་ཉུང་བཟའ་བཏུང་མཐའ་འཁྱོངས་བྱེད་པ་དང་། སྣོད་བཅུད་ནུས་རྒྱུ་གྲོན་ཆུང་གིས་ཁྲིད་སྟོན་བྱེད་པའི་ཐཱན་ཉུང་ཨར་སྐྲུན་གསར་སྤེལ་བྱ་རྒྱུ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཁྲིད་སྟོན་དུ་བྱེད་པའི་ཐཱན་ཉུང་འགྲིམ་འགྲུལ་གཏོད་དགོས་པ། དཔལ་འབྱོར་འོས་འཚམ་གྱིས་ཁྲིད་སྟོན་བྱེད་པའི་ཐཱན་ཉུང་འཚོ་བ་དྲིལ་བསྒྲགས་བྱེད་པ་སོགས་ཚུད་ཡོད།

4_3 གསོ་སྐྱོང་བྱེད་སྟངས།

དང་པོ། སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གིས་ལྗང་མདོག་འཛད་སྤྱོད་ལ་ཁྲིད་སྟོན་ཧུར་ཐག་བྱེད་དུ་འཇུག་དགོས། ལྗང་མདོག་འཛད་སྤྱོད་དོན་འཁྱོལ་གནད་ལ་འཁེལ་བར་སྲིད་གཞུང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱོགས་གཅིག་ནས་སྲིད་གཞུང་གིས་ལྗང་མདོག་འཛད་སྤྱོད་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་ནང་ལྗང་མདོག་འཛད་སྤྱོད་བྱེད་སྟངས་སུ་བསྒྱུར་བའི་ལམ་ལུགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གི་འཛད་སྤྱོད་ནི་སྤྱི་ཚོགས་འཛད་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྲིད་གཞུང་རང་ངོས་ཀྱི་འཁོར་སྐྱོད་ཀྱང་ངེས་པར་དུ་ཐཱན་དམའ་ཅན་དུ་འགྱུར་བ་བྱེད་དགོས་པ་དང་། སྲིད་འཛིན་ལས་ཕྱོད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱུན་གཏན་གྱི་གཞུང་དོན་སྒྲུབ་པ་དང་སྲིད་གཞུང་གི་ཉོ་སྒྲུབ་བྱེད་རིང་ལྗང་མདོག་འཛད་སྤྱོད་ལག་ལེན་ཧུར་ཐག་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

གཉིས་ནས་ལག་རྩལ་གསར་བཅོས་ལ་སྐུལ་མ་བཏང་ནས་ཁེ་ལས་ཀྱིས་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཇུས་འགོད། ཐོན་སྐྱེད། གཉེར་ཚོང་སོགས་ལྷུ་ཚིགས་ཁག་གི་ལས་མིར་བརྒྱུད་རིམ་ཧྲིལ་པོར་ཐཱན་ཉུང་ཅན་དུ་ཚོད་འཛིན་བྱས་ཏེ་ཐཱན་ཉུང་ཐོན་རྫས་ངོ་མ་ཐོན་སྐྱེད་བྱས་ནས་ཁྲོམ་རའི་དགོས་མཁོ་སྐོང་བ་དང་། དེ་ནས་ཐོན་རྫས་ཐཱན་ཉུང་ཅན་དུ་འགྱུར་བར་བརྟེན་ནས་འཛད་སྤྱོད་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་ཁྲིད་བྱེད་དགོས།

གཞན་ཡང་འཛད་སྤྱོད་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་འཛད་སྤྱོད་པ་ལྗང་མདོག་འཛད་སྤྱོད་ནང་ཧུར་ཐག་ཞུགས་སུ་འཇུག་དགོས། སྤྱི་དམངས་ནི་ཐཱན་ཉུང་ཐོན་རྫས་ཀྱི་མཐའ་མའི་འཛད་སྤྱོད་པ་ཡིན་པས་ལྗང་མདོག་འཛད་སྤྱོད་བྱེད་སྟངས་འཛུགས་སྐྱོང་དང་ཁྱབ་གདལ་གཏོང་རྒྱུ་དེ་སྤྱི་དམངས་ཞུགས་པ་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཕྱོགས་གཅིག་ནས་སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་འཛད་སྤྱོད་ལྟ་བ་འཛུགས་དགོས། འཛད་སྤྱོད་པས་ངེས་པར་དུ་རང་རྟོགས་ཀྱིས་འཛད་སྤྱོད་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་བཀག་འགོག་བྱས་ཏེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་འཛད་སྤྱོད་འདུ་ཤེས་གསོ་སྐྱོང་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་འཛད་སྤྱོད་ལྟ་བ་འཛུགས་དགོས། འཛད་སྤྱོད་ངོམ་པ་དང་འཛད་སྤྱོད་བསྡུར་རེས་བྱེད་པ་སོགས་ཚུལ་མིན་འཛད་སྤྱོད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་དགོས་ལ། བསམ་པའི་འཛད་སྤྱོད་དང་རིག་གནས་འཛད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཐཱན་མཐོ་ཞིང་ཕན་ནུས་ཆུང་བའི་འཛད་སྤྱོད་སྲོལ་ངན་འགྱུར་ལྡོག་ཏན་ཏིག་གཏོང་དགོས། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་སྤྱི་དམངས་ལ་དྲིལ་བསྒྲགས་སློབ་གསོར་མཐོང་ཆེན་བྱས་ཏེ་ལྗང་མདོག་འཛད་སྤྱོད་ཀྱི་རིག་གནས་རྣམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་བསྐྲུན་ནས་ལྗང་མདོག་འཛད་སྤྱོད་དེ་འཛད་སྤྱོད་པ་ཚང་མའི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས། དེ་དང་ཆབས་ཅིག་སློབ་གསོའི་སྒྲིག་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་འཛད་སྤྱོད་ཁོར་ཡུག་སྲུང་སྐྱོང་ཅན་གྱི་སློབ་གསོ་དེ་སློབ་གསོའི་མ་ལག་ཧྲིལ་པོའི་ནང་བཅུག་ནས་སློབ་གྲྭའི་སློབ་གསོའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗང་མདོག་འཛད་སྤྱོད་ཁྱིམ་ཚང་ཀུན་གྱིས་ཤེས་པ་བྱེད་དགོས།   

ལྗང་མདོག་འཛད་སྤྱོད་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་རྩ་བའི་བླང་བྱ་ཡིན་ལ། ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཡང་ཡིན། ལྗང་མདོག་འཛད་སྤྱོད་ཀྱིས་ང་ཚོར་འཛད་སྤྱོད་བྱེད་སྟངས་དང་བྱ་ཡུལ་ཇི་ལྟར་ཡོད་པ་དང་ཡོད་པ་དང་། དེ་བཞིན་དེ་དག་ཇི་ལྟར་སྤྱད་དེ་ང་ཚོའི་རིམ་པ་མི་འདྲ་བའི་དགོས་མཁོ་སྐོང་བའི་གནད་དོན་ལ་ལན་བཏབ་པ་ཡིན་ལ། དུས་མཚུངས་སུ་དེས་དེང་རབས་ཀྱི་འཛད་སྤྱོད་པས་སྤྱི་ཚོགས་དང་རྗེས་རབས་པར་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འཛད་སྤྱོད་བྱེད་རིང་ནུས་ཁུངས་ཟད་གྲོན་ཆུང་བ་དང་། སྦགས་བཙོག་ཉུང་བ། བཙོག་འབུད་བྱེད་ཚད་དམའ་བ་བཅས་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད་པ་གང་ལེགས་མཚོན་ཡོད། དོན་སྙིང་འདིའི་ཐོག་ནས་བཤད་ན། རང་ཕན་གཞན་ཕན་གྱི་འཛད་སྤྱོད་བྱེད་སྟངས་འདི་རིགས་དར་སྲོལ་དང་དངོས་ཕན་གྱི་འཚོ་བའི་འདུ་ཤེས་སུ་བརྩིས་ནས་དར་སྤེལ་བྱེད་དགོས་པ་མ་ཟད། ཀུན་གྱིས་ཁས་ལེན་པའི་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ཞིག་ཏུ་འགྱུར་བར་དེ་བས་ཀྱང་གཟེངས་བསྟོད་ཐོབ་དགོས། ལྗང་མདོག་འཛད་སྤྱོད་བྱེད་སྟངས་དེ་གཟི་བརྗིད་དུ་བརྩིས་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་གཉེར་ཕྱོགས་དང་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་ནང་ལྡན་དགོས་པའི་དོན་སྙིང་དུ་འགྱུར་བ་བྱེད་དགོས།

5 ​གོ་དོན།

(1) ལྗང་མདོག་འཛད་སྤྱོད་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མངོན་འགྱུར་ལམ་སྲོལ་ཡིན།

རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། ཡུན་རིང་རང་བཞིན་བཅས་ནན་བཤད་བྱེད་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། ཐོན་ཁུངས་ཁོར་ཡུག་བཅས་འཆམ་མཐུན་དང་གཅིག་གྱུར་ཡོང་བར་བྱེད་དགོས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་རྒྱུན་མཐུད་ངང་ཐོན་སྐྱེད་དང་རྒྱུན་མཐུད་ངང་འཛད་སྤྱོད་བྱེད་པར་བརྟེན་དགོས། འཛད་སྤྱོད་དེ་མི་ཚང་མ་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་འཇུག་དགོས་པ་གསལ་པོ་རེད། ལྗང་མདོག་འཛད་སྤྱོད་ནི་སྦགས་བཙོག་མེད་པ་དང་། སྤྱི་གནོད་མེད་པ། སྤུས་ཚད་ལེགས་པ། མཛེས་བཟོ་བཅས་ཀྱི་ཐོན་རྫས་འཛད་སྤྱོད་བྱེད་པ་མ་ཟད། ད་དུང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཅིག་སྲུང་སྐྱོང་དང་སྐྱེད་སྲིང་བྱེད་པ་དང་། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ཏེ། གོ་རིམ་ལྡན་པའི་ངང་རྒྱུན་མཐུད་ངང་འཛད་སྤྱོད་བྱེད་པ(འདིར་གཙོ་བོ་རྒྱུན་མཐུད་ཐུབ་པའི་ཚོང་ཟོག་འཛད་སྤྱོད་དང་ངལ་ལས་འཛད་སྤྱོད་ལ་ཟེར)སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་ངེས་པར་དུ་དོ་སྣང་བྱེད་པའི་ཐོག་ནས་བལྟས་ན། ལྗང་མདོག་འཛད་སྤྱོད་དང་རྒྱུན་མཐུད་འཛད་སྤྱོད་གཉིས་ངོ་བོའི་ཐོག་གཅིག་མཐུན་ཡིན་པ་རེད། མི་རྣམས་ཀྱི་འཛད་སྤྱོད་དགོས་མཁོ་ལ་དངོས་པོའི་དགོས་མཁོ་ཡོད་ལ་བསམ་པའི་རིག་གནས་ཀྱི་དགོས་མཁོའང་ཡོད་པ་དང་དུས་མཚུངས་སུ་སྐྱེ་ཁམས་ཀྱི་དགོས་མཁོ་ཡང་ཡོད། ལྗང་མདོག་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུ་ནི་མི་རྣམས་ཀྱི་དངོས་པོའི་དགོས་མཁོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱི་སྐྱེ་ཁམས་ཀྱི་དགོས་མཁོ་སྐོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ལྗང་མདོག་འཛད་སྤྱོད་འཕེལ་རྒྱས་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ། མིའི་སྐྱེ་ཁམས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ་བཅས་བྱས་ན། རྒྱུན་མཐུད་ངང་འཛད་སྤྱོད་བྱེད་ཐུབ་པ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ཐུབ་པ། རྩ་བའི་ཐོག་ནས་མི་རྣམས་ཀྱི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་ཐུབ། དེར་བརྟེན་ལྗང་མདོག་འཛད་སྤྱོད་ཀྱིས“རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཞིབ་ཕྲ་མཚོན་ཡོད”  

(2) ལྗང་མདོག་འཛད་སྤྱོད་ནི་འཛད་སྤྱོད་གྲུབ་ཚུལ་ལེགས་སྒྱུར་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

བཟོ་ལས་སྤྱི་ཚོགས་སུ་སྐྱེ་ཁམས་དོ་མཉམ་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཁོར་ཡུག་སྦགས་བཙོག་གིས་མིའི་འཚོ་གནས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་མ་ཟད། དཔལ་འབྱོར་ཐད་གྱོང་གུན་ཚབས་ཆེན་བཟོས་པ་རེད། ལྗང་མདོག་འཛད་སྤྱོད་འཕེལ་རྒྱས་བཏང་ན། ཁོར་ཡུག་སྦགས་བཙོག་དང་དཔལ་འབྱོར་གྱི་གྱོང་གུན་སེལ་ཐུབ་པ་མ་ཟད། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། དེའི་རྒྱུ་མཚན་ནི་ལྗང་མདོག་འཛད་སྤྱོད་དར་རྒྱས་དང་འཕེལ་རྒྱས་བྱུང་བ་དེས་དོན་དངོས་དང་མཐུན་པའི་སྒོ་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མཐོ་གསར་ཚན་རྩལ་གྱི་གྲུབ་འབྲས་བེད་སྤྱད་དེ་མི་རྣམས་ཀྱི་དངོས་པོ་དང་། རིག་གནས་ཀྱི་དགོས་མཁོ། སྐྱེ་ཁམས་ཀྱི་དགོས་མཁོ་བཅས་དང་འཚམ་པའི་ལྗང་མདོག་ཐོན་རྫས་སྣ་ཚོགས་དང་ཐོན་རྫས་གསར་པ་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ལྗང་མདོག་ཐོན་ལས་ཐོན་པ་དེས་འཛད་སྤྱོད་གྲུབ་ཚུལ་ལེགས་སྒྱུར་དང་རིམ་སྤོར་ལ་ཐད་ཀར་སྐུལ་འདེད་གཏོང་བ་དང་། དེ་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་དང་རིམ་སྤོར་ལ་གཞན་བརྒྱུད་ཀྱིས་སྐུལ་འདེད་བཏང་སྟེ། ཐོན་ལས་སྲོག་ཤིང་གསར་པ་ཆགས་པ་དང་། དཔལ་འབྱོར་འཕར་གཞི་གསར་བ་ཆགས་པ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱིན་ཡོད། དེང་རབས་དང་ལྷག་པར་དུ་དུས་རབས20བའི་ལོ་རབས70བ་ནས་བཟུང་འཛམ་གླིང་རྒྱལ་ཁབ་ཁག་གིས་ལྗང་མདོག་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བཞིན་ཡོད། རྒྱལ་ཁབ་ཁག་དབར་གྱི་ཚོང་ཟོག་འཁོར་རྒྱུག་བྱེད་སྐབས་ལྗང་མདོག་ཐོན་རྫས་ཀྱི་ཚད་གཞི་དང་མཐུན་པའི་ནན་བཤད་བྱས་ཡོད། རྒྱལ་སྤྱིའི་ཁོར་ཡུག་གི་ཚད་གཞི་དང་མི་མཐུན་པའི་ཚོང་ཟོག་རྣམས་རྒྱལ་སྤྱིའི་ཚོང་རར་ཞུགས་མི་ཆོག དཔེར་ན། ཡོ་རོབ་མནའ་འབྲེལ་གྱིས་དུས་རབས20བའི་ལོ་རབས90བའི་དུས་མཇུག་ཏུ་སྤེལ་འགོ་ཚུགས་པའིISO 14000ཁོར་ཡུག་དོ་དམ་མ་ལག་གིས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐོན་རྫས་ཐོན་སྐྱེད་མ་བྱས་གོང་ནས་བཟོ་སྐྲུན(ཐོན་སྐྱེད་དང་ལས་སྣོན)དང་། ཕྱིར་ཚོང་། བེད་སྤྱོད། མཐའ་མའི་བེད་མེད་དུ་འགྱུར་བ་བཅས་ཀྱི་བླང་བྱ་བཏོན་པ་དང་། ཚུར་བསྡུ་བེད་སྤྱོད་བྱེད་པའི་དུས་མཚམས་སུ་གཏན་འབེབས་བྱས་པའི་ལག་རྩལ་ཚད་གཞིར་སླེབས་དགོས། རྒྱལ་ཁབ་ཁག་གི“ལྗང་མདོག་ནད་ཡམས་ཞིབ་བཤེར”ཡང་ཧ་ཅང་ནན་པོ་ཡོད། འཛད་སྤྱོད་པ་མང་པོ་ཞིག་གིས་ལྗང་མདོག་གི་བདེན་དཔང་མེད་པའི་ཐོན་རྫས་ལ་རང་རྟོགས་ཀྱིས་བཀག་འགོག་བྱས། རྒྱལ་སྤྱིའི་ཚད་གཞིའི་བླང་བྱ་དང་མཐུན་པའི་ལྗང་མདོག་ཐོན་རྫས་ཐོན་སྐྱེད་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད“ལྗང་མདོག་གི་བཀག་རྒྱ”མེད་པར་བཟོ་བ་དང་། ཕྱིར་གཏོང་གིས་ཕྱི་དངུལ་བརྗེ་ནུས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ཚོང་ར་གསར་འབྱེད་བཅས་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་སྔར་ལས་ཆེ་བ་གཏོང་ཐུབ།  

(3) ལྗང་མདོག་འཛད་སྤྱོད་ནི་མིའི་བྱང་ཚད་མཐོ་རུ་གཏོང་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན།

ལྗང་མདོག་འཛད་སྤྱོད་དར་རྒྱས་དང་འཕེལ་རྒྱས་བྱུང་བ་དེས་མིའི་རིན་ཐང་གི་འདུ་ཤེས་དང་། འཛད་སྤྱོད་ཀྱི་འདུ་ཤེས། འཛད་སྤྱོད་བྱེད་སྟངས། ཐ་ན་མིའི་འཚོ་གནས་བྱེད་སྟངས་བཅས་རྩ་བའི་འཕོ་འགྱུར་ཡོང་ངེས་ཡིན་པས། མིའི་འཕེལ་རྒྱས་ལ་འབྲེལ་བ་གལ་ཆེན་ཡོད། ལྗང་མདོག་འཛད་སྤྱོད་འཕེལ་རྒྱས་གཏོང་བར་ཤེས་དཔལ་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་། ལྗང་མདོག་ཐོན་རྫས་འཛད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། འཛད་སྤྱོད་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་རིམ་སྤོར་བྱེད་ཐུབ་པ་དང་། འཛད་སྤྱོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་ཐུབ་པ། བདེ་འཇགས་འཛད་སྤྱོད་མངོན་འགྱུར་ཐུབ་པ་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱསདེ་ལྟར་བྱས་ན་མིའི་བྱང་ཚད་མཐོ་རུ་ཆེས་ཆེར་འགྲོ་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་རབས་ནས་མི་རབས་བར་གསོ་སྐྱོང་དང་སྐྱེད་སྲིང་བྱེད་ཐུབ་ངེས་ཡིན།


དཔྱད་གཞིའི་ཡིག་ཆ།