དམངས་གཉེར་ཚན་རྩལ་ཁེ་ལས།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:00ལ་འགྲུབ།

དམངས་གཉེར་ཚན་རྩལ་ཁེ་ལས།

དམངས་གཉེར་ཚན་རྩལ་ཁེ་ལས།
དམངས་གཉེར་ཚན་རྩལ་ཁེ་ལས(དམངས་གཉེར་ཚན་རྩལ་ལས་ཁུངས)ཞེས་པ་ནི་ཚན་རྩལ་མི་སྣ་གཙོ་བོར་བྱས་ནས་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། མ་དངུལ་རང་གྲབས་དང་། རང་མོས་མཉམ་སྡེབ། རང་བདག་གཉེར་སྐྱོང་། ཁེ་གྱོང་རང་ཁུར། རང་གིས་རང་གཅུན་བྱེད་པ། རང་གིས་རང་འཕེལ་རྒྱས་གཏོང་བ་བཅས་ཀྱི་གཉེར་སྐྱོང་ལམ་སྲོལ་ལག་བསྟར་བྱས་ཏེ། གཙོ་བོ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལག་རྩལ་གསར་སྤེལ། ལག་རྩལ་བཤུག་སྤྲོད། ལག་རྩལ་བློ་འདྲི། ལག་རྩལ་ཞབས་ཞུ་བཅས་བྱེད་པའམ་ཡང་ན་ལག་རྩལ་མཐོ་གསར་དང་དེའི་ཐོན་རྫས་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད། བྲིན་འཚོང་བཅས་བྱེད་པའི་རིག་སྟོབས་དང་ལག་རྩལ་མང་འདུས་ཀྱི་དཔལ་འབྱོར་དངོས་གཟུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民营科技企业
ཕྱི་ཡིག་གི་མིང་།
private science and technology enterprises
མིང་གཞན།
དམངས་གཉེར་ཚན་རྩལ་ལས་ཁུངས།
བཙུགས་དུས།
སྤྱི་ལོ1985ལོ།
1 ​ངོ་སྤྲོད་མདོར་བསྡུས།

དེའི་ནང་ཐུན་མོང་དཔལ་འབྱོར་དང་། མཉམ་ལས་དཔལ་འབྱོར། མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར། ཁེར་རྐྱང་དཔལ་འབྱོར། སྒེར་གཉེར་དཔལ་འབྱོར་བཅས་ཀྱི་དམངས་གཉེར་ཚན་རྩལ་ཁེ་ལས་ཚུད་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ལ་དབང་བའི་ཚན་རིག་ཞིབ་འཇུག་ཁང་དང་སློབ་གླིང་། ཁེ་ལས་ཆེ་འབྲིང་བཅས་ཀྱིས་གསར་དུ་བཙུགས་པའི་རྒྱལ་ཁབ་ལ་དབང་བའི་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱང་ཚུད་ཡོད་པ་མ་ཟད། ད་དུང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་གྱི་ཚོང་པས་མ་དངུལ་འཇོག་པ། མ་དངུལ་མཉམ་འཇོག་དང་མཉམ་ལས་ཀྱིས་གཉེར་བའི་ཚན་རྩལ་ཅན་གྱི་ཁེ་ལས་ཀྱང་ཚུད་ཡོད།    

དམངས་གཉེར་ཚན་རྩལ་ཁེ་ལས་ནི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་བསྒྱུར་བཅོས་སྒོ་འབྱེད་ཁྲོད་བཙུགས་པ་དང་འཕེལ་རྒྱས་བྱུང་བ་ཞིག་རེད། ལོ16རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱིས་ལས་ཞུགས་མི་སྣ་ཡོངས་ཀྱིས་དཀའ་སྤྱད་གསར་གཏོད་དང་འབད་བརྩོན་བྱས་པ་བརྒྱུད་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་སྟོབས་ཆེར་འགྱུར་བ། སྤུས་ཚད་དང་གྲངས་འབོར་གང་ཞིག་ནས་འཕེལ་རྒྱས་མྱུར་པོ་བྱུང་ནས་རང་རྒྱལ་གྱི་ཚན་རིག་ལག་རྩལ་བྱ་གཞག་དར་རྒྱས་དང་ལག་རྩལ་མཐོ་གསར་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཆེན་པོ་ཞིག་ཏུ་གྱུར་ཡོད། 

གཅིག དམངས་གཉེར་ཚན་རྩལ་ཁེ་ལས་ཐོན་པ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་པའི་དམངས་གཉེར་ཚན་རྩལ་ཁེ་ལས་དར་རྒྱས་བྱུང་བ་དེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་ཡོད། ཆེས་སྔ་བའི“དམངས་གཉེར་ཚན་རྩལ་ལས་ཁུངས”དང“དམངས་གཉེར་ཚན་རྩལ་ཁེ་ལས”ནས་ད་ལྟའི“དམངས་གཉེར་ཚན་རྩལ་ཁེ་ལས”བར་ཕྱོགས་གཅིག་ནས་དམངས་གཉེར་ཚན་རྩལ་ཁེ་ལས་རང་ངོས་ཐོན་པ་ནས་འཕེལ་རྒྱས་རགས་ཙམ་བྱུང་བའི་བར་དང་། ཐོན་ལས་གཞི་ཁྱོན་དང་དཔལ་འབྱོར་སྟོབས་ཤུགས་ངེས་ཅན་ཞིག་ཆགས་པའི་བརྒྱུད་རིམ་ཡིན་ལ། ཕྱོགས་གཅིག་ནས་མི་རྣམས་ཀྱིས་གསར་ཐོན་བྱ་དངོས་དེར་ངོས་འཛིན་བྱེད་པ་དེ་བསྒྱུར་བཅོས་སྒོ་འབྱེད་ཁྲོད་རྒྱུན་ཆད་མེད་པར་རིམ་འགྱུར་བྱུང་བའི་བརྒྱུད་རིམ་ཡང་ཡིན། དམངས་གཉེར་ཚན་རྩལ་ཁེ་ལས་སྔ་ཤོས་ནི་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཁྲུན་ཞན་སོགས་ཀྱིས་སྤྱི་ལོ1980ལོར་བཙུགས་པའི“པེ་ཅིང་སོགས་གྱེས་རྡུལ་སློབ་ཚོགས་ཀྱི་སྔོན་ཐོན་ལག་རྩལ་འཕེལ་རྒྱས་ཀྱི་མིག་དོན་པུའུ”ཞིག་རེད། སྐབས་དེར། སྒྲིག་སྲོལ་རྙིང་པ་དང་བསྡུར་ན་དེ་དག་ནི“ཐང་བུ”ཡིན་པ་ལས་མིང་ངོ་མ་མེད། བྱ་གཞག་གསར་གཏོད་བྱེད་པའི་ཐོག་མའི་དུས་ནི་དཀའ་ཚེགས་དང་ཀྱག་ཀྱོག་ལྡན་པ་ཞིག་ཡིན་ཞིང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་རྒྱབ་སྐྱོར་འོག་གཞི་ནས་འཚོ་གནས་ཐུབ་པ་མ་ཟད་འཕེལ་རྒྱས་རགས་ཙམ་བྱུང་བ་རེད། སྤྱི་ལོ1985ལོར་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་ལག་རྩལ་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་དེའི་ནང“ཐུན་མོང་དང་མི་སྒེར་ལ་ཚན་རིག་ཞིབ་འཇུག་གམ་ལག་རྩལ་ཞབས་ཞུའི་ལས་ཁུངས་བཙུགས་ཆོག་པ་དང་། ས་གནས་སྲིད་གཞུང་གིས་ཁོ་ཚོར་དོ་དམ་དང་ཁྲིད་སྟོན་དང་རོགས་རམ་བྱ་དགོས”ཞེས་གཏན་འབེབས་གསལ་པོར་བྱས་ཡོད།འདིས་སྒྲིག་གཞི་འདི་དག་གནས་པ་དང་འཕེལ་རྒྱས་ཀྱི་ཁྲིམས་མཐུན་རང་བཞིན་དངོས་སུ་ངོས་འཛིན་བྱས།  

2 དམངས་གཉེར་ཚན་རྩལ་ཁེ་ལས་གཉེར་རེ་ཞུ་བའི་ཆ་རྐྱེན།

1.སྒྲུབ་རེ་ཞུ་བའི་དཔྱད་ཡིག་ཆ་ཚང་ཞིང་། ཚད་ལྡན། ནུས་ལྡན་བཅས་ཡིན།

2.ཚན་རྩལ་གསར་སྤེལ་གཉེར་སྐྱོང་གི་ཁ་ཕྱོགས་དང་ཁྱབ་ཁོངས་གསལ་པོ་ཡོད་པ་མ་ཟད། རྒྱལ་ཁབ་དང་པེ་ཅིང་གྲོང་ཁྱེར་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་མཐུན་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་ལག་རྩལ་སྲིད་ཇུས་དང་མཐུན་ཡོད།  

3.རྒྱལ་ཁབ་ཀྱི་འབྲེལ་ཡོད་དཔལ་འབྱོར་ལག་རྩལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱ་དགོས་པ་དང་། ཁེ་ལས་ཀྱི་སྒྲིག་ཡིག་གསལ་པོ་ཡོད་པ། ལག་རྩལ་དོ་དམ་དང་ནོར་དོན་དོ་དམ་ལམ་ལུགས་ཚད་ལྡན་ཡིན་པ་བཅས་ལ་བརྩི་སྲུང་ནན་མོ་བྱ་དགོས།  

4.ཁེ་ལས་ཀྱི་འགན་འཁུར་པ་ནི་ཚན་རིག་ལག་རྩལ་པ་ཡིན་པར་མ་ཟད། ཁེ་ལས་དེ་གའི་ཆེད་གཉེར་མི་སྣ་ཡང་ཡིན། 

5.དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་ཆེད་ཚན་སློབ་ཆེན་ཡན་གྱི་སློབ་གཉེར་བརྒྱུད་རིམ་ནམ་ཡང་ན་འབྲིང་རིམ་ཡན་གྱི་གོ་མིང་ཡོད་པའི་ཚན་རྩལ་མི་སྣས་ཁེ་ལས་ཀྱི་ལས་བཟོའི་བསྡོམས་འབོར་གྱི20%ཡན་ཟིན་དགོས། དམངས་གཉེར་ཚན་རྩལ་ཐོན་སྐྱེད་རྣམ་པའི་ཁེ་ལས་ཀྱིས་ལོ་ལྟར་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་ཐད་མ་དངུལ་འཇོག་གྲངས་ཀྱིས་ཁེ་ལས་ཀྱི་ལོའི་ཡོང་འབབ་ཀྱི3%ཡན་ཟིན་པ་དང་། ལག་རྩལ་གསར་པའི་ཐོན་རྫས་ཕྱིར་ཚོང་ཡོང་འབབ་དང་ལག་རྩལ་རང་བཞིན་གྱི་ཡོང་འབབ་གཉིས་ཀྱིས་ལོ་དེའི་སྤྱིའི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་དེ50%ལས་དམའ་མི་རུང་། 

6.གསར་དུ་གཉེར་བའི་དམངས་གཉེར་ཚན་རྩལ་ཁེ་ལས་ལ་ངེས་པར་དུ་ཐོན་དབང་གསལ་པོ་ཡོད་དགོས།

3 ཞུ་བར་མཁོ་བའི་རྒྱུ་ཆ།

ཐོབ་ཐང་གཏན་འཁེལ་བྱ་རྒྱུའི་རེ་འདུན་ཞུ་མཁན་ཁེ་ལས་ཀྱིས་གཤམ་གསལ་གྱི་ཡིག་ཆ་འདོན་སྤྲོད་བྱ་དགོས་པ་སྟེ།

1. 《དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་ཐོབ་ཐང་གཏན་འཁེལ་གྱི་རེ་ཞུའི་རེའུ་མིག》

2. 《ཁེ་ལས་ཁྲིམས་མིའི་ལས་གཉེར་ལག་ཁྱེར》རམ་ཡང་ན《ལས་གཉེར་ལག་ཁྱེར》གྱི་འདྲ་བཤུས་ངོ་བཤུས། 

3. 《ཁྲལ་དོན་ཐོ་འགོད་ལག་ཁྱེར》གྱི་འདྲ་བཤུས་ངོ་བཤུས། 

4. ཁེ་ལས་ཀྱི་སྒྲིག་ཡིག་བསྐྱར་དཔར།

5. ཁེ་ལས་ཀྱི་ཁྲིམས་མི་དང་ལས་ཞུགས་མི་སྣ་གཙོ་བོའི་གནས་ཚུལ་གྱི་བདེན་དཔང་རྒྱུ་ཆ།

6. ཆེད་ཁེ་དང་། མཉེན་ཆས་ལག་ཁྱེར། རྩོམ་གྱི་བདག་དབང་། ཆེད་གཏོགས་ལག་རྩལ་སོགས་འབྲེལ་ཡོད་ཤེས་བྱའི་ཐོན་དངོས་བདག་དབང་སོགས་ར་སྤྲོད་ཡིག་རིགས་ཀྱི་ངོ་བཤུས།

7. ཁེ་ལས་ཀྱི་ལོ་གོང་མའི་ནོར་སྲིད་སྙན་ཞུའི་བསྐྱར་དཔར་བཅས་སོ།།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དམངས་གཉེར་ཚན་རྩལ་ཁེ་ལས། ཁེ་ལས།