ཀྲུང་གོའི་ཟློས་གར་རྩོམ་རིགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-10-08 14:35ལ་འགྲུབ།

ཀྲུང་གོའི་ཟློས་གར་རྩོམ་རིག

ཀྲུང་གོའི་ཟློས་གར་རྩོམ་རིག
ཟློས་གར་རྩོམ་རིག་ནི་གར་སྟེགས་སྟེང་འཁྲབ་སྟོན་བྱེད་པར་སྤྱོད་པའི་འཁྲབ་གཞུང་ལ་ཟེར་བ་དང་། སྒྲ་ཡངས་འཇུག་གི་ཟློས་གར་རྩོམ་རིག་ལ་གླུ་གར་འཁྲབ་གཞུང་དང་ཟློས་གར་འཁྲབ་གཞུང་གཉིས་ཡོད་ཅིང་། ཟློས་གར་གདོང་གཏུག་གི་ངོ་བོར་གཞིགས་ནས་སྐྱོ་གར་དང་། སྤྲོ་གར། དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར་བཅས་སུ་དབྱེ་ཡོད། སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བར་གཞིགས་ནས་གཏམ་བརྗོད་ཟློས་གར་དང་། སྙན་ངག་ཟློས་གར། གླུ་གར་བཅས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
戏剧文学
སྒྲ་དོག་འཇུག་གི་གོ་དོན།
གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་།
སྒྲ་ཡངས་འཇུག་གི་གོ་དོན།
གཏམ་བརྗོད་ཟློས་གར་དང་། གླུ་གར། ཟློས་གར་བཅས་ཀྱི་སྤྱི་མིང་།
1 ངོ་སྤྲོད།

ཟློས་གར་རྩོམ་རིག་ནི་རྒྱུན་པར་ཟློས་གར་འཁྲབ་གཞུང་ལ་གོ་ཞིང་། ཟློས་གར་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་ཡོད་དེ། གཅིག་ནི་གཏམ་བརྗོད་ཟློས་གར་དང་གླུ་གར། ཟློས་གར་བཅས་ཀྱི་སྤྱི་མིང་དང་། གཅིག་ནི་གཏམ་བརྗོད་ཟློས་གར་ལ་ཟེར། སྒྲ་དོག་འཇུག་གི་ཟློས་གར་རྩོམ་རིག་ལ་ཡང་གཏམ་བརྗོད་ཟློས་གར་ཟེར་ཞིང་། སྒྲ་ཡངས་འཇུག་གི་ཟློས་གར་རྩོམ་རིག་ལ་གླུ་གར་འཁྲབ་གཞུང་དང་ཟློས་གར་འཁྲབ་གཞུང་ཚུད་ཡོད། ཟློས་གར་གྱི་མི་སྣའི་བདེན་དངོས་རང་བཞིན་དང་། ཟློས་གར་གདོང་གཏུག་གི་རྣོ་ངར་རང་བཞིན། ཟློས་གར་གྱི་རྣམ་པའི་གཅིག་བསྡུས་རང་བཞིན། འཁྲབ་ཚིག་གི་ཁ་སྐད་རང་བཞིན་དང་བྱ་སྤྱོད་བཅས་ཀྱིས་ཟློས་གར་རྩོམ་རིག་གི་མཛེས་དཔྱོད་ཁྱད་ཆོས་ཆེན་པོ་བཞི་གྲུབ་ཡོད།

2 རིགས་དབྱེ།

རིགས་དབྱེ་ཚད་གཞི།

ཟློས་གར་རྩོམ་རིག་ལ་རིགས་ཧ་ཅང་མང་ཞིང་ཚད་གཞི་མི་འདྲ་བ་ལྟར་ལྟ་ཕྱོགས་མི་འདྲ་བ་ནས་རིགས་དབྱེ་ཆོག་པ་སྟེ། ཤོང་ཚད་ཆེ་ཆུང་ལ་གཞིགས་ནས་འཁྲབ་ཚན་རྐྱང་པའི་ཟློས་གར་དང་འཁྲབ་ཚན་མང་བའི་ཟློས་གར་གཉིས་སུ་དབྱེ་ཆོག་ལ། མཚོན་ཚུལ་མི་འདྲ་བར་གཞིགས་ནས་གཏམ་བརྗོད་ཟློས་གར་དང་གླུ་གར་གཉིས་སུ་དབྱེ་ཆོག ཟློས་གར་རྩོམ་རིག་གིས་མཚོན་པའི་འགལ་འདུའི་གདོང་གཏུག་གི་ངོ་བོ་དང་བཀོལ་སྤྱོད་བྱེད་པའི་མཚོན་ཐབས། དེ་བཞིན་ཀློག་པ་པོའི་ཡིད་དབང་འགུག་པའི་ནུས་པ་བཅས་ལ་གཞིགས་ནས་སྐྱོ་གར་དང་སྤྲོ་གར། ཟློས་གར་དངོས་བཅས་སུ་དབྱེ་ཆོག

ཡིད་དབང་འགུག་ནུས།

ཟློས་གར་རྩོམ་རིག་གིས་མཚོན་པའི་འགལ་བའི་གདོང་གཏུག་གི་ངོ་བོ་དང་བཀོལ་སྤྱོད་བྱེད་པའི་མཚོན་ཐབས། དེ་བཞིན་ཀློག་པ་པོའི་ཡིད་དབང་འགུག་ནུས་བཅས་ལ་གཞིགས་ནས་སྐྱོ་གར་དང་། སྤྲོ་གར། ཟློས་གར་དངོས་བཅས་སུ་དབྱེ་ཡོད།

སྐྱོ་གར་དང་སྤྲོ་གར། ཟློས་གར་དངོས་བཅས་ནི་ཟློས་གར་དཔྱད་གཏམ་ཁྲོད་རྒྱུན་དུ་སྤྱོད་པའི་དོན་སྤྱི་ཞིག་ཡིན་པ་མ་ཟད། མཛེས་རིག་གི་ཁྱབ་ཁོངས་སུ་བརྩིས་ནས་སྒྱུ་རྩལ་བརྩམས་ཆོས་གཞན་དག་ལ་དབྱེ་ཞིབ་བྱེད་པར་སྤྱོད་ཀྱིན་ཡོད།

སྐྱོ་གར་མང་ཆེ་བས་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ནམ་གཏིང་ཟབ་ལྡན་པའི་འགལ་བའི་གདོང་གཏུག་མངོན་པ་དང་། དགེ་སྡིག་གི་སྟོབས་ཤུགས་གཉིས་ཀྱི་འཐབ་རྩོད་དྲག་པོའི་ཁྲོད་དུ་ངན་པའི་སྟོབས་ཤུགས་དེ་དགེ་བའི་སྟོབས་ཤུགས་ལས་གནས་སྐབས་ཀྱི་རྒྱལ་ཁ་ཐོབ་པ་ལས་མངོན་ཡོད། སྐྱོ་གར་གྱིས་མཚོན་པ་ནི་ཐག་གཅོད་མི་ཐུབ་པའམ་ཡང་ན་ཞི་ལྷོད་དུ་གཏོང་མི་ཐུབ་པའི་འགལ་བ་དེ་ཡིན་ལ། འཐབ་རྩོད་ཁྲོད་རྒྱུན་དུ་སྟོབས་ཤུགས་ཀྱི་ཁྱད་པར་གྱིས་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོའི་ཕམ་ཁ་ལ་བརྟེན་ནས་མཇུག་བསྒྲིལ་བ་རེད།

སྤྲོ་གར་ནི་སྐྱོ་གར་དང་ཏག་ཏག་ལྡོག་པ་སྟེ། སྤྱིར་སྐྱོ་གར་གྱིས་རྗེས་ལུས་ཀྱི་སྣང་ཚུལ་ལ་འཕྱ་སྨོད་དང་ཟུར་ཟ་བྱས་ནས་མཛེས་སྡུག་དང་ཡར་ཐོན་གྱི་དངོས་ཡོད་དམ་ཕུགས་བསམ་དེ་ནང་དོན་གཙོ་བོར་འཛིན་པ་ཡིན། སྤྲོ་གར་གྱི་ཆེས་གལ་ཆེ་ཤོས་ནི་སྤྲོ་གར་གྱི་གཤིས་ཀ་གསར་བཞེངས་བྱེད་པ་དང་། སྒྲིག་གཞི་དང་དགོད་བྲོ་བའི་འཁྲབ་ཚིག་ལ་བརྟེན་ནས་སྒྲོ་འདོགས་ཀྱི་བྱེད་ཐབས་དང་དགོད་བྲོ་བའི་རྣམ་པ་སྤྱད་དེ་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཕན་འབྲས་ཐོན་པར་བྱེད་དགོས། ཀྲུང་གོའི་ཟློས་གར་ལའང་རྒྱུན་རིང་བའི་སྤྲོ་གར་སྲོལ་རྒྱུན་ཡོད་དེ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྤྲོ་གར་གྱི་ནང་དོན་ལའང་འགྱུར་ལྡོག་ཕྲན་བུ་བྱུང་ཡོད་ཅིང་། དེས་ཕྱོགས་གཅིག་ནས་འཚོ་བའི་ཁྲོད་ཀྱི་རྗེས་ལུས་དང་ཉམས་ལ་ཉེ་བའི་བྱ་དངོས་ཀྱི་རིགས་ལ་སྐྱོན་བརྗོད་དང་འཕྱ་སྨོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བྱ་དངོས་གསར་བ་དང་སྔོན་ཐོན་མི་སྣར་ཁས་ལེན་དང་རྒྱབ་སྐྱོར་བྱེད་དགོས།

ཟློས་གར་དངོས་ལ་སྐྱོ་གར་དང་སྤྲོ་གར་གྱི་རྐྱེན་འདུས་ཡོད་ལ། སྐྱོ་གར་དང་སྤྲོ་གར་གྱི་བར་དུ་གནས་ཡོད་པས་དེར་སྐྱོ་སྣང་གི་སྤྲོ་གར་ཡང་ཟེར། དེས་མཚོན་པའི་འཚོ་བའི་ཕྱོགས་དེ་སྐྱོ་གར་དང་སྤྲོ་གར་གྱི་ཁྱབ་ཁོངས་ལས་བརྒལ་ཡོད། སྐྱོ་གར་ཁྲོད་ཐག་གཅོད་བྱེད་ཐབས་བྲལ་བའི་འགལ་བ་དེ་ཟློས་གར་དངོས་ཀྱི་ཁྲོད་དུ་ཐག་གཅོད་བྱེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་ནི་གནས་ཚུལ་མང་ཆེ་བའི་འོག་ཏུ་གནས་ཡོད་པ་ལས། དགའ་སྐྱོ་གཉིས་ལྡན་གྱི་རྣམ་པ་ཁོ་ན་མངོན་པ་མ་ཡིན་པར་དགའ་སྐྱོ་མཉམ་བསྲེས་ཀྱི་རྣམ་པ་ཞིག་ཡིན་ལ། དྲང་ཕྱོགས་ཀྱི་རྒྱལ་ཁ་དེ་མཇུག་འབྲས་སུ་བྱེད་པའི་ཟློས་གར་དངོས་ཀྱིས་གར་སྟེགས་ཐོག་གོ་གནས་མཐོན་པོ་བཟུང་ཡོད།

མཚོན་སྟངས།

མཚོན་ཐབས་མི་འདྲ་བར་བརྟེན་གཏམ་བརྗོད་ཟློས་གར་དང་། གླུ་གར། བྲོ་གར་བཅས་སུ་དབྱེ་ཆོག

གཏམ་བརྗོད་ཟློས་གར་ནི་འཁྲབ་སྟོན་པས་གླེང་མོལ་ལ་བརྟེན་ནས་ཟློས་གར་ཡོངས་ཀྱི་ནང་དོན་གསལ་སྟོན་བྱེད་པའི་ཟློས་གར་ཞིག་ཡིན་ལ། རང་རྒྱལ་གྱི་གཏམ་བརྗོད་ཟློས་གར་ནི་ལྔ་བཞིའི་ལས་འགུལ་ནས་བྱུང་མགོ་ཚུགས་ཤིང་། དེར་ཡོ་རོབ་གླིང་གི་གཏམ་བརྗོད་ཟློས་གར་གྱི་ཤུགས་རྐྱེན་ཐེབས་པ་དང་། རང་རྒྱལ་གྱི་སྲོལ་རྒྱུན་ཟློས་གར་ནང་གི་དགེ་མཚན་ལྡན་པའི་གྲུབ་ཆ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཡོད།

གླུ་གར་ནི་རོལ་དབྱངས་གཙོ་བོར་བྱེད་པའི་ཟློས་གར་ཞིག་ཡིན་པས་དེར་རོལ་དབྱངས་ཟློས་གར་ཡང་ཟེར་ཞིང་། གླུ་གར་ལ་ལར་གླུ་དབྱངས་མ་གཏོགས་ཆིག་ལབ་དང་མི་སྣའི་བར་གྱི་གླེང་མོལ་མེད་པ་དང་། ལ་ལར་གླུ་གཞས་དང་ཆིག་ལབ། མི་སྣའི་གླེང་མོལ་གླེང་མོལ་བཅས་གསུམ་མཉམ་དུ་འདུས་ཡོད་པ་རེད། ནུབ་གླིང་གི་གནའ་བོའི་གླུ་གར་ལ་རོལ་དབྱངས་མ་གཏོགས་མེད་པ་དང་། ཀྲུང་གོའི་གནའ་རབས་ཀྱི་ཟློས་གར་ནི་གླུ་གར་དང་བྲོ་གར་ཡིན་ལ། གླུ་གར་གྱི་གཞས་ཚིག་ནི་སྙན་ངག་དང་འདྲ་བར་དབྱངས་རྟ་དང་བརྩེ་དུང་གི་ཉམས་འགྱུར་གྱིས་ཕྱུག་པས་མི་སྣའི་སེམས་ཁམས་ཀྱི་བྱེད་སྒོ་མཚོན་པར་འཚམ་པོ་ཡོད།

བྲོ་གར་ནི་ཞབས་བྲོ་དང་རོལ་མོ། ཟློས་གར་བཅས་གསུམ་མཉམ་དུ་སྦྲེལ་བའི་ཟློས་གར་སྒྱུ་རྩལ་ཞིག་ཡིན།

གླུ་བྲོ་ཟློས་གར་ནི་སྙན་ངག་དང་། རོལ་དབྱངས། ཞབས་བྲོ། ཟློས་གར་སོགས་ཕྱོགས་བསྡུས་བྱས་ནས་གླུ་ལེན་གར་འཁྲབ་བྱེད་པའི་ཟློས་གར་སྒྱུ་རྩལ་ཞིག་ཡིན་ལ། དེ་ནི་རང་རྒྱལ་གྱི་ཆེས་སྔ་བའི་ཟློས་གར་གྱི་རྣམ་པ་ཡིན་པ་མ་ཟད། རང་རྒྱལ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན།

ཤོང་ཚད་ཆེ་ཆུང་།

ཤོང་ཚད་ཆེ་ཆུང་ལ་གཞིགས་ནས་འཁྲབ་ཚན་རྐྱང་པའི་ཟློས་གར་དང་འཁྲབ་ཚན་མང་བའི་ཟློས་གར་གཉིས་སུ་དབྱེ་ཡོད།

འཁྲབ་ཚན་རྐྱང་པའི་ཟློས་གར་ནི་ཁེར་རྐྱང་དུ་གྲུབ་པའི་ཟློས་གར་ཐུང་ངུ་ཞིག་ཡིན་ལ། དེའི་ཤོང་ཚད་ཅུང་ཆུང་བས་འཁྲབ་གཞུང་ཡོངས་ཀྱི་བྱུང་རིམ་གཅིག་ཏུ་བསྡུས་ནས་མཚོན་པ་དང་སྒྲུང་ཐུང་དང་ཅུང་འདྲ་བ་རེད། དེར་མི་སྣ་ཅུང་ཉུང་བ་དང་བྱུང་རིམ་ཡང་ཅུང་སྟབས་བདེ་ཡིན་པས། རྒྱུན་པར་གཅིག་བསྡུས་ཀྱི་འཚོ་བའི་གྲུབ་ཆ་ཞིག་བརྒྱུད་དེ་དོན་སྙིང་གལ་ཆེན་ལྡན་པའི་བརྗོད་བྱ་གཙོ་བོ་མཚོན་པ་དང་། རྣོ་ངར་ཆེ་བའི་འགལ་བ་དང་གདོང་གཏུག་དྲག་པོ་མཚོན་གྱིན་ཡོད།

འཁྲབ་ཚན་མང་བའི་ཟློས་གར་ནི་ཟློས་གར་ཆེ་གྲས་ཤིག་ཡིན་ལ། དེའི་ཤོང་ཚད་ཅུང་ཆེ་ཞིང་ཟློས་གར་གྱི་བརྒྱུད་རིམ་ཅུང་རྙོག་འཛིང་ཆེ་བ། སྒྲུང་རིང་དང་འདྲ་བར་ཡིག་ཚོགས་མང་ཞིང་། མི་སྣ་དེ་བས་མང་བ་ཤོང་ཐུབ་ལ། གཏམ་རྒྱུད་ཀྱི་བྱུང་རིམ་རྙོག་འཛིང་ཆེ་བ་ཞིག་ཡིན། དེ་འཁྲབ་ཚན་དབྱེ་ནས་འཁྲབ་ཡོལ་བརྗེ་བ་བརྒྱུད་ དུས་ཚོད་ཀྱི་བར་མཚམས་དང་བར་སྟོང་གི་སྤོ་སྒྱུར་མཚོན་ཐུབ། དེར་བརྟེན་འཁྲབ་ཚན་མང་བའི་ཟློས་གར་གྱིས་དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བ་མཚོན་ཐུབ།

གོང་གསལ་གྱི་རིགས་དབྱེ་ཚད་གཞི་གཙོ་བོ་གསུམ་ཕུད། ད་དུང་བརྗོད་བྱའི་དུས་རབས་གཞིར་བཟུང་ནས་ལོ་རྒྱུས་ཟློས་གར་དང་དེང་རབས་ཟློས་གར་གཉིས་སུ་དབྱེ་ཡོད་པ་དང་། ཡང་ན་ས་ཁོངས་ཀྱི་ཁྱད་ཆོས་ཚད་གཞིར་བཟུང་ནས་ཡུའེ་ཅུའུ་ཟློས་གར་དང་། སི་ཁྲོན་ཟློས་གར། ཅིན་ཅུའུ་ཟློས་གར། ཀོང་ཏུང་ཟློས་གར་སོགས་སུ་དབྱེ་ཡོད།

ཉེ་བའི་ལོ་ཤས་རིང་། ཀྲུང་ཕྱིའི་བར་གྱི་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཟློས་གར་རྩོམ་པ་པོ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་ལ་གཞི་བཙུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ནས་མི་རིགས་ཟློས་གར་གྱི་སྙིང་བཅུད་ཧུར་ཐག་གིས་བསྡུ་ལེན་བྱས་ཤིང་། བློ་ཁོག་ཆེན་པོས་ཕྱི་ཕྱོགས་ཀྱི་རྣམ་པ་དཔྱད་གཞིར་བཟུང་ནས་རྣམ་པ་གསར་རྐྱང་གི་འཁྲབ་གཞུང་ཁག་ཅིག་གསར་རྩོམ་བྱས་ཏེ། རང་རྒྱལ་གྱི་གཏམ་བརྗོད་ཟློས་གར་སྒྱུ་རྩལ་གྱི་རྣམ་པ་རྐྱང་པ་བསྒྱུར་ནས་སྣ་མང་ཅན་གྱི་རྣམ་པ་མངོན་ཡོད།

དཔྱད་གཞིའི་ཡིག་ཆ།