དུས་ཀྱི་འཁོར་ལོའི་ཞལ་ཐང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 08:56ལ་འགྲུབ།

དུས་ཀྱི་འཁོར་ལོའི་ཞལ་ཐང་།

དུས་ཀྱི་འཁོར་ལོའི་ཞལ་ཐང་།
འདིར་དུས་འཁོར་གྱི་ཆོ་གའི་ལྷ་བཀོད་ལས་དབང་བསྒྱུར་དུས་ཀྱི་ལྷ་བཞི་དང་འཁོར་འབྱུང་བ་དུས་ཀྱི་ལྷ་བཞི། འཁོར་སྲིད་པ་དུས་ཀྱི་ལྷ་བཞི། འཁོར་བསྐལ་པ་དུས་ཀྱི་ལྷ་བཞི། འཁོར་བསྐོས་པ་དུས་ཀྱི་ལྷ་བཞི། འཁོར་ཆགས་པ་དུས་ཀྱི་ལྷ་བཞི། འཁོར་གནས་པ་དུས་ཀྱི་ལྷ་བཞི། འཁོར་འཇིག་པ་དུས་ཀྱི་ལྷ་བཞི་སོགས་ཀྱི་སྐོར་ནས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
时轮佛
ཕྱི་ཡིག་གི་མིང་།
Due Khor
ཁོངས་གཏོགས།
ཆོས་ལུགས།
ཆོས་ལུགས།
བོན་པོ།
རིགས་དབྱེ།
ཞལ་ཐང་།
ལྷ་རིས་པ།
ཁ་ལྕེ་དྲི་མེད་རྣམ་རྒྱལ།
1 ངོ་སྤྲོད་རགས་བསྡུས།

1.དབུས། ཉི་ཟླ་པད་མའི་གདན་གྱི་སྟེང་། ཀུན་བཟང་དུས་ཀྱི་འཁོར་ལོ་འཕྲིན་ལས་མཐའ་ཡས་སྐུ་མདོག་གཡུ་ཡི་སྙིང་པོ་སྔོ། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་ཞིང་། ཕྱག་གཡས་གསེར་གྱི་ཆག་ཤིང་དང་། གཡོན་དུས་ཀྱི་འཁོར་ལོ་བསྣམས་པའོ།། 2. ཡུམ་དུས་བཞི་བ་གའི་ཀློང་ཆེན་དཀར། བདུད་རྩིའི་བུམ་པ་བསྣམས་ཤིང་གཡོན་ཕྱོགས་སུ་བཞེངས་པའོ།།

1_1 དབང་བསྒྱུར་དུས་ཀྱི་ལྷ་བཞི།

3. ཤར། ལྷ་ཆེན་གར་གསས་བཙན་པོ་དཀར། གར་མདུང་མཚམས་རིང་བསྣམས་པའོ།། 4. ལྷོ། ལྷ་ཆེན་གསས་རྗེ་རྨང་པོ་མཐིང་། སྐོས་ཀྱི་འགྱིང་དཀར་བསྣམས་པའོ།། 5.ནུབ། ལྷ་ཆེན་གནམ་གསས་དབྱིངས་རུམ་དམར། འབྲུག་གི་རྒྱལ་མཚན་བསྣམས་པའོ།། 6.བྱང་། ལྷ་ཆེན་རྒོད་གསས་ཁམ་པ་ལྗང་། རྒོད་ཀྱི་རུ་མཚོན་བསྣམས་པའོ།།

1_2 ཤར་གྱི་གླིང་ཆེན།

7.ཤར། ལྷ་ཆེན་ས་ལྷ་ཤོད་ཡངས་སེར། རིན་ཆེན་འབར་བ་བསྣམས་པའོ།། 10. ལྷོ། ལྷ་ཆེན་ཆུ་ལྷ་ཀུན་བསྡུས་སྔོ། འཁོར་ལོ་ལྔ་བསྐོར་བསྣམས་པའོ།། 11.ནུབ། ལྷ་ཆེན་མེ་ལྷ་དྲོད་ཆེན་དམར། པད་མ་འདབ་བརྒྱད་བསྣམས་པའོ།། 12. བྱང་། ལྷ་ཆེན་རླུང་ལྷ་སྟོབས་ལྡན་ལྗང་། རྡོ་རྗེ་རྒྱ་གྲམ་བསྣམས་པའོ།།

1_3 ལྷོ་ཕྱོགས་གླིང་ཆེན།

13. ཉི་ཟླ་པད་གདན་སྟེང་ལྷ་ཆེན་སྲིད་ལྷ་འོད་དཀར་སྔོ། དབུ་ལ་གསེར་གྱི་པྲོག་ཞུ་དང་། གཡས་པས་མི་ནུབ་རྒྱལ་མཚན། གཡོན་པའི་སྲིད་པའི་འཁོར་ལོ་བསྣམས་པའོ།། 14.ཡུམ་སྲིད་པའི་ལྷ་མོ་དཀར། སྲིད་པའི་རུ་མཚོན་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_4 འཁོར་སྲིད་པ་དུས་ཀྱི་ལྷ་བཞི།

15.ཤར། ལྷ་ཆེན་ཡེ་ལྷ་དཀར་པོ་དཀར། སྤྲུལ་པའི་མདའ་དར་བསྣམས་པའོ།། 16. ལྷོ། ལྷ་ཆེན་ཡོད་ལྷ་འཕེལ་ཆེན་སྔོ། མ་དྷ་ར་བ་བསྣམས་པའོ།། 17. ནུབ། ལྷ་ཆེན་སྲོག་ལྷ་སྐྱོབ་ཆེན་དམར། ཚེ་ཡི་དམུ་.jpgཐག་བསྣམས་པའོ།། 18. བྱང་། ལྷ་ཆེན་དབང་ལྷ་དཀར་པོ་ལྗང་། དབང་གི་པྲོག་ཞུ་བསྣམས་པའོ།། 19. དབུས། ཉི་ཟླ་པད་གདན་སྟེང་ལྷ་ཆེན་ཁྲི་ཁུག་རྒྱལ་པོ་དམར། དབུ་ལ་ཤེལ་གྱི་པྲོག་ཞུ་དང་། གཡས་ཡེ་ཤེས་སྒྲོན་མེ། གཡོན་རྩིས་ཀྱི་འཁོར་ལོ་བསྣམས་པའོ།། 20.ཡུམ་སྐོས་ཀྱི་ལྷ་མོ་གྲངས་འཛིན་མ་དམར། རྩིས་ཀྱི་བྱང་བུ་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_5 འཁོར་བསྐལ་པ་དུས་ཀྱི་ལྷ་བཞི།

21.ཤར། ལྷ་ཆེན་ནམ་མཁའ་མཐའ་ཡས་སྔོ། ནམ་མཁའི་བ་དན་བསྣམས་པའོ།། 22. ལྷོ། ལྷ་ཆེན་ཀུན་འབུམ་མཐའ་ཡས་སེར། ཤེས་རབ་རལ་ཀྱུ་བསྣམས་པའོ།། 23.ནུབ། ལྷ་ཆེན་སྣང་བ་མཐའ་ཡས་དམར། ཐབས་ཀྱི་ཞགས་པ་བསྣམས་པའོ།། 24.བྱང་། ལྷ་ཆེན་འདྲེན་པ་མཐའ་ཡས་སྔོ། ཐུགས་རྗེའི་ལྕགས་ཀྱུ་བསྣམས་པའོ།།

1_6 བྱང་ཕྱོགས་གླིང་ཆེན།

25.དབུས། ཉི་ཟླ་པད་གདན་སྟེང་། ལྷ་ཆེན་སྐོས་ལྷ་ཞིང་དྲུག་ལྗང་། དབུ་ལ་མུ་མེན་པྲོག་ཞུ་དང་། གཡས་སྐོས་ཀྱི་ཆག་ཤིང་དང་། གཡོན་སྐོས་ཀྱི་འཁོར་ལོ་འཛིན་པའོ།། 26. ཡུམ་སྐོས་ཀྱི་རྒྱལ་མོ་དམར་ལྗང་། སྐོས་ཀྱི་རྩིས་བྱང་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_7 འཁོར་སྐོས་པ་དུས་ཀྱི་ལྷ་བཞི། 

27. ཤར། ལྷ་ཆེན་དྲང་རྗེ་དཀར་པོ་དཀར། སྐོས་ཀྱི་དྲང་ཤིང་བསྣམས་པའོ།། 28. ལྷོ། ལྷ་ཆེན་གྲངས་འཛིན་རྩིས་མཁྱེན་སྔོ།། རྩིས་ཀྱི་ཤོད་རྡོ་བསྣམས་པའོ།། 29. ནུབ། ལྷ་ཆེན་དྲང་ཤན་བདེ་འབྱེད་དམར།། སྐོས་ཀྱི་ལྡེ་མིག་བསྣམས་པའོ།། 30. བྱང་། ལྷ་ཆེན་གཟུ་དཔང་རྒྱལ་པོ་ལྗང་། གཟུ་ཡི་དཔང་རྡོ་༼ རྡོ་ཞིག ༽བསྣམས་པའོ།།

1_8 ཤར་ལྷོའི་གླིང་ཆེན།

31. ཉི་ཟླ་པད་གདན་སྟེང་ལྷ་ཆེན་མགོན་ལྷ་དཀར་པོ་དམར་སྐྱ། དབུ་ལ་གཡུ་ཡི་ཟེའུ་པྲོག་དང་། གཡས་ནམ་མཁའི་བ་དན། གཡོན་གཡུ་ཡི་འཁོར་ལོ་བསྣམས་པའོ།། 32. ཡུམ་མཐར་རྫོགས་དུས་ཀྱི་ལྷ་མོ། སྐུ་མདོག་རིན་ཆེན་སྣ་བཞི་འབར་བ། འབྱུང་བ་རིམ་བརྩེགས་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_9 འཁོར་ཆགས་པ་དུས་ཀྱི་ལྷ་བཞི། 

33.ཤར། ལྷ་ཆེན་གཤེན་ལྷ་འོད་དཀར་སྐུ་མདོག་དཀར། ས་ཡི་བ་དན་བསྣམས་པའོ།། 34. ལྷོ། ལྷ་ཆེན་འོད་བདལ་ལྷ་དྲུག་སྔོ། ཆུ་ཡི་བ་དན་བསྣམས་པའོ།། 35.ནུབ། ལྷ་ཆེན་ནུབ་ལྷ་འཕྲུལ་ཆེན་དམར། མེ་ཡི་བ་དན་བསྣམས་པའོ།། 36.བྱང་། ལྷ་ཆེན་བྱང་ལྷ་རྡུལ་མེད་ལྗང་། རླུང་གི་བ་དན་བསྣམས་པའོ།།

1_10 ལྷོ་ནུབ་གླིང་ཆེན།

37.དབུས། ཉི་ཟླ་པད་གདན་སྟེང་། ལྷ་ཆེན་མཉམ་ལྡན་རྒྱལ་པོ། སྔོ་དམར་མེ་ཆུའི་མདོག དབུ་ལ་རིན་ཆེན་པྲོག་ཞུ་དང་། གཡས་མེ་ཏོག་ཧ་ལོ། གཡོན་ཆུ་ཡི་འཁོར་ལོ་འཛིན་པའོ།། 38. ཡུམ་མཉམ་ཉིད་ལྷ་མོ་ཀུན་སྙོམས་མ་སེར། ཚངས་རྒྱུང་འཇིག་རྟེན་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_11 འཁོར་གནས་པ་དུས་ཀྱི་ལྷ་བཞི།

39. ཤར། ལྷ་ཆེན་དིང་ཁུག་རྒྱལ་པོ་དཀར། སྐྱེ་འཕེལ་ས་སོན་བསྣམས་པའོ།། 40. ལྷོ། ལྷ་ཆེན་ཁྲི་ཤེས་དཀར་པོ་མཐིང་། ཡིད་བཞིན་ནོར་བུ་བསྣམས་པའོ།། 41. ནུབ། ལྷ་ཆེན་བ་ནམ་ཕྱུག་པོ་དམར། སྤོས་ཀྱི་གླང་པོ་བསྣམས་པའོ།།  42.བྱང་། ལྷ་ཆེན་དིང་རྩེ་སྒྲ་རྒྱལ་ལྗང་། ཚེ་ཡི་བུམ་པ་བསྣམས་པའོ།།

1_12 ནུབ་བྱང་གི་གླིང་ཆེན།

43.དབུས། ཉི་ཟླ་པད་མའི་གདན་སྟེང་ལྷ་ཆེན་མཐའ་ཡས་རྫོགས་པ་སྔོ་ལྗང་། བྱི་རུའི་པྲོག་ཞུ་དང་། གཡས་རྔ་གཤང་གོ་བན། གཡོན་རླུང་གི་འཁོར་ལོ་བསྣམས་པའོ།། 44. ཡུམ་མཐུ་ལྡན་དུག་འདུལ་རེ་ཤག་མ་མཐིང་། ལྕགས་ཀྱི་པྲ་ཕུད་བསྣམས་ཤིང་བཞེངས་པའོ།།

1_13 འཁོར་འཇིག་པ་དུས་ཀྱི་ལྷ་བཞི། 

45.ཤར། ལྷ་ཆེན་ཏིང་འཛིན་རྒྱལ་པོ་དཀར། ཐུགས་དམ་བགྲང་ཕྲེང་བསྣམས་པའོ།། 46.ལྷོ། ལྷ་ཆེན་ཉོན་མོངས་ནད་སེལ་སྔོ།། སྨན་གྱི་སྡོང་པོ་བསྣམས་པའོ།། 47. ནུབ། ལྷ་ཆེན་ཡིད་བཞིན་འདོད་སྤྱོད་དམར། འབྲས་ཀྱི་བམ་པོ་བསྣམས་པའོ།། 48. བྱང་། ལྷ་ཆེན་ཞི་བ་ངང་ལྡན་ལྗང་། སྐྱོབ་པའི་གོ་ཆ་བསྣམས་པའོ།།

1_14 བྱང་ཤར་གྱི་གླིང་ཆེན།

49. དབུས། ཉི་ཟླ་པད་གདན་སྟེང་ལྷ་ཆེན་མུ་མེད་ཁྱབ་གདལ་དཀར་ལྗང་། ཟངས་ཀྱི་པྲོག་ཞུ་ཅན། གཡས་པས་སྟོང་ཉིད་ཡི་གེ་དང་། གཡོན་པས་ནམ་མཁའི་འཁོར་ལོ་བསྣམས་པའོ།། 50. ཡུམ་མཐར་ཕྱིན་ལྷ་མོ་སྒྲོལ་མ་ལྗང་། མེ་ཏོག་ཨུཏྤལ་བསྣམས་ཤིང་གཡོན་དུ་བཞེངས་པའོ།།

1_15 འཁོར་སྟོང་པ་དུས་ཀྱི་ལྷ་བཞི།

51. ཤར། ལྷ་ཆེན་ཐབས་མཁས་རྒྱལ་པོ་དཀར། ཐབས་ཀྱི་ཞགས་པ་བསྣམས་པའོ།། 52. ལྷོ། ལྷ་ཆེན་ཐུགས་རྗེ་འདྲེན་བྱེད་སྔོ། ཐུགས་རྗེའི་ལྕགས་ཀྱུ་བསྣམས་པའོ།།  53.ནུབ། ལྷ་ཆེན་ཐར་ལམ་བདེ་བྱེད་དམར། གསལ་བའི་སྒྲོན་མེ་བསྣམས་པའོ།། 54. བྱང་། ལྷ་ཆེན་འཁོར་བ་དོང་སྤྲུགས་ལྗང་། མི་དམིགས་ཏིང་འཛིན་གྱི་ཕྱག་རྒྱ་མཛད་པའོ།།

1_16 སྒོ་འབྱེད་ལྷ་མོ་བཞི།

55.ཤར་སྒོ། ལྷ་མོ་ཐུགས་རྗེའི་ལྕགས་ཀྱུ་མ་དཀར། ཐུགས་རྗེའི་ལྕགས་ཀྱུ་བསྣམས་ཤིང་བཞེངས་པའོ།། 56. ལྷོ་སྒོ། ལྷ་མོ་གླང་རེ་གཤང་ཐོགས་མ་སེར། གླང་རེ་ཁྲོལ་མ་བསྣམས་ཤིང་བཞེངས་པའོ།། 57. ནུབ་སྒོ། ལྷ་མོ་སྤྲུལ་པའི་ལྕགས་སྒྲོག་མ་དམར། ལྕགས་སྒྲོག་བསྣམས་ཤིང་བཞེངས་པའོ།། 58. བྱང་སྒོ། ལྷ་མོ་ཐབས་ཀྱི་ཞགས་པ་མ་ལྗང་། ཐབས་ཀྱི་ཞགས་པ་བསྣམས་ཤིང་བཞེངས་པའོ།།

1_17 གཏེར་འཛིན་མཆོད་འབུལ་ལྷ་མོ་བརྒྱད།

59. ཤར། གཟུགས་ཀྱི་ལྷ་མོ་གཏེར་འཛིན་མ་དཀར། གསལ་བའི་སྒྲོན་མེ་བསྣམས་པའོ།། 60.ལྷོ། རོ་ཡི་ལྷ་མོ་གཏེར་འཛིན་མ་སྔོ། ལྷ་རྫས་དྲི་ཆབ་བསྣམས་པའོ།། 61.ནུབ། དྲི་ཡི་ལྷ་མོ་གཏེར་འཛིན་མ་དམར། དྲི་ཞིམ་སྤོས་མེ་བསྣམས་པའོ།། 62. བྱང་། སྒྲ་ཡི་ལྷ་མོ་གཏེར་འཛིན་མ་ལྗང་། སྒྲ་སྙན་རྔ་གཤང་བསྣམས་པའོ།། 63.ཤར་ལྷོ། རེག་གི་ལྷ་མོ་གཏེར་འཛིན་མ་སེར། ལྷབ་ལྷུབ་ན་བཟའ་བསྣམས་པའོ།། 64. ལྷོ་ནུབ། ཐུགས་ཀྱི་ལྷ་མོ་གཏེར་འཛིན་མ་དཀར་ལྗང་། ཡིད་བཞིན་ནོར་བུ་བསྣམས་པའོ།། 65.བྱང་ནུབ། ཡིད་བཞིན་ལྷ་མོ་གཏེར་འཛིན་མ་དམར་ལྗང་། གར་གྱི་པི་ཝང་བསྣམས་པའོ།། 66. བྱང་ཤར། གསུང་གི་ལྷ་མོ་གཏེར་འཛིན་མ་སྔོ་སྐྱ། མེ་ཏོག་ཧ་ལོ་བསྣམས་པའོ།། དེ་རྣམས་སྐུ་བཞེངས་པའོ།།

1_18 ཕྱི་སྒོའི་སྒོ་བ་ཡབ་ཡུམ་བརྒྱད།

67.ཤར། ལྷ་ཆེན་མ་ཧཱ་དཱེ་བཱ་མཐིང་ནག པྲ་ཕུད་འབར་བ་བསྣམས་པའོ།། ཁྲོ་ཆས་ཅན། 68. ཡུམ་ལྷ་མོ་དཀར་མོ་ཚེ་འཛིན་མ། ནེའུ་ལེའི་རྐྱལ་པ་བསྣམས་ཤིང་བཞེངས་པའོ།། 69. ལྷོ། གཤིན་རྗེའི་རྒྱལ་པོ་ཡ་མན་ཏི་སྔོ་སྐྱ། དཔའ་བོ་རལ་ཀྱུ་བསྣམས་པའོ།། ཁྲོ་ཆས་ཅན། 70. ཡུམ་ལྷ་མོ་འདོད་པའི་དབང་ཕྱུག་མ་སྔོ། ནེའུ་ལེའི་རྐྱལ་པ་བསྣམས་ཤིང་བཞེངས་པའོ།། 71. ནུབ། སྲིད་པའི་རྒྱལ་པོ་ཀྲོ་ཏ་ཧྲི་དམར་ནག ཐོད་དབྱུག་འབར་བ་བསྣམས་པའོ།། ཁྲོ་ཆས་ཅན། 72.ཡུམ་ལྷ་མོ་དཔལ་གྱི་སྲོག་སྐྱོབ་མ་དམར། ནེའུ་ལེའི་རྐྱལ་པ་བསྣམས་ཤིང་བཞེངས་པའོ།། 73.བྱང་། གནོད་སྦྱིན་རྒྱལ་པོ་གང་བ་བཟང་དཀར། རིན་ཆེན་དབྱུག་ཏོ་ཕྱར་བའོ།། ཁྲོ་ཆས་ཅན། 74. ཡུམ་ལྷ་མོ་ཡིད་བཞིན་ནོར་རྒྱུན་མ་སེར། ནེའུ་ལེའི་རྐྱལ་པ་བསྣམས་པའོ།།