ན་མོ་གུ་རུ་བུངྔྷ་བོ་དྷི་ས་ཏྭ་ཡ། དག་པ་རྣམ་དག་ཆོས་སྐུ་འོད་དཔག་མེད། །ངེས་པ་ལྔ་ལྡན་ལོངས་སྐུ་གངས་ཆེན་མཚོ། །མཁྱེན་པ་རྣམ་དག་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་འདུད། །གདོང་དམར་སྲིན་པོ་བོད་ཀྱི་ཡུལ་འདི་ནི། །སྟོན་པའི་ཞབས་མ་བཅགས་ཀྱང་ཐུགས་རྗེའི་མཐུས། །ཉེ་སྲས་བརྒྱད་དང་སེམས་དཔའ་སེམས་མ་ལ། །བྱིན་རླབས་བཀའ་གཏད་གནས་ཆེན་གནས་ཕྲན་ལྗོངས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྲོང་བཙན་སྒམ། །བོད་ཡུལ་སྐུ་འཁྲུངས་སྐུ་གསུང་ཐུགས་ཀྱི་རྟེན། །འཛམ་གླིངཡོངས་གྲགས་ཆོས་ཀྱི་མངོན་པར་མཐོ། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་སོགས། །ཉེ་སྲས་བརྒྱད་ཀྱི་སྤྲུལ་པ་རིམ་པར་བྱོན། །རྒྱལ་དང་མཁས་གྲུབ་ལོ་པཎ་བགྲང་ལས་འདས། །རེ་རེའི་སྒྲུབ་གནས་བྱིན་རླབས་ངོ་མཚར་ཅན། །རྒྱ་གར་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་སོགས། །འཕགས་ཡུལ་སློབ་དཔོན་བསྒྲང་འདས་བོད་དུ་བྱོན། །གནས་ཆེན་ཉེར་ལྔ་གནས་ཕྲན་བྱེ་བ་སྟོང་། །མདོ་སྟོད་མདོ་སྨད་ས་ཡི་ཁྱོན་འདི་རུ། །རྗེ་འབངས་ཉེར་ལྔ་གྲུབ་པའི་དབང་ཕྱུག་གིས། །ལྷ་སྒྲུབ་གྲུབ་བརྙེས་གཏེར་སྦས་དུ་མའི་གནས། །རེ་རེ་ལའང་དབྱེ་་ན་བསམ་མི་ཁྱབ། །ཁྱད་པར་རིག་འཛིན་པོ་ཆེན་པོ་པདྨ་འབྱུང་། །རྗེ་འབངས་འཁོར་ཚོགས་བོད་ཁམས་ཡེ་རྒྱལ་དུ། །བཀའ་དུས་ཆོས་ཀྱི་རྒྱལ་པོ་ཞལ་ཕྱེས་ནས། །རྗེ་འབངས་རྣམས་ནི་སྨིན་ཅིང་གྲོལ་བར་མཛད། །རྫུ་འཕྲུལ་མངའ་བརྙེས་ལྷ་སྲིན་བྲན་དུ་བཀོལ། །ཞི་དང་དྲག་པོ་བཀའ་བརྒྱད་ཡོངས་འདུས་ལྷ། །མི་མངོན་དབྱིངས་ནས་གནས་ཆེན་བྱིན་འབེབས་སྐབས། །རྒྱལ་ཀུན་ཡེ་ཤེས་གནས་རི་སོ་སོར་བསྟིམས། །གཏེར་སྦས་གཏེར་གནས་སྤྲུལ་དངོས་གཏེར་སྟོན་རེ། །གཏེར་སྟོན་རེ་ལ་གཏེར་ཆོས་གྲངས་ལས་འདས། །བོད་ཀྱི་རིག་འཛིན་རྗེ་འབངས་ཉེར་ལྔའི་གནས། །གངས་རི་ཙཱ་རི་བྱང་གི་གཡུ་མཚོ་ཚུན། །སྨད་ཀྱི་རོང་ཆེན་རི་བོ་རྩེ་ལྔའི་ཡན། །རི་རབ་ཕག་ཞོན་སྟག་ཚང་པདྨ་བཀོད། །གནས་ཆེན་ཉེར་ལྔ་གནས་ཕྲན་བྱེ་བ་སྟོང་། །སྐྱེས་མཆོག་དམ་པ་རེ་རེའི་ངོས་འཛིན་བཞིན། །ལྕི་རྫ་གཉིས་ཀྱི་ཆུ་བོའི་སྒང་གི་ཆར། །གནས་ལ་ཁྱད་པར་འཕགས་པ་ཉེར་ལྔ་ལས། །མ་གཤིན་ཕུར་དང་གསང་སྡེ་འཇིགས་གསུམ་དང་། །ཚེ་དཔག་སྨན་ལྷ་ཐུགས་རྗེ་ཆེན་པོ་སོགས། །བཀའ་བརྒྱད་ཞི་ཁྲོ་མ་ཚོགས་མཁའ་འགྲོའི་གནས། །དུས་བབས་སྒོ་འབྱེད་གནས་རིའི་མཚན་ཡང་གསོལ། །འབར་བའི་རྡོ་རྗེ་ནུས་ལྡན་དྲག་པོ་རྩལ། །མི་འགྱུར་རྡོ་རྗེ་རིག་འཛིན་ཆེ་མཆོག་རྩལ། །ཆོས་རྒྱལ་རྡོ་རྗེ་གཏེར་འབྱིན་གྲུབ་བརྙེས་ཀྱི། །འབུམ་རྫོང་མཁའ་འགྲོའི་གནས་དང་གུ་རུའི་གནས། །གནས་མཆོག་ཁྱད་འཕགས་ངོ་མཚར་ཆེ་བའི་ལྗོངས། །གསང་འདུས་གནས་མཆོག་ཐང་ལྷ་རི་སྐྱེས་ཞེས། །རང་བྱུང་མཆོད་རྟེན་ཚ་ཚའི་དབྱིབས་སུ་བྱོན། །རྩི་ཤིང་ནགས་ཚལ་སྨན་སྣ་འབྲུ་སྣའི་ལྗོངས། །ལྷ་སྐུ་ཡི་གེ་ཨཱ་ལི་ཀཱ་ལིའི་ཚུལ། །ནང་དོན་ལྷ་ཡི་གཞལ་ཡས་མཚན་ཉིད་རྫོགས། །གསང་འདུས་ཞི་དང་ཁྲོ་བོ་ཚེ་དཔག་མེད། །དུས་གསུམ་སངས་རྒྱས་བསྐལ་བཟང་སྟོང་གི་ཚོགས། །རྩ་བར་བརྒྱུད་པ་བླ་མའི་ཚུལ་དུ་བཞུགས། །ཡི་དམ་དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་རྣམས། །མངོན་སུམ་མ་འདྲེས་གསལ་ལ་ལམ་མེར་བཞུགས། །འཛམ་གླིང་སིང་ཧ་མ་ཎིའི་བྱིན་རླབས་པའི། །ལྷ་སྲུང་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རྫོགས། །ཆུ་ཆེན་ཡར་འཁྱིལ་བཀྲ་ཤིས་དགེ་བའི་གནས། །ས་གཞི་གཡུང་དྲུང་རེ་ཁ་གཡས་སུ་འཁྱིལ། །འབྲུ་སྣ་ལྔ་འཛོམས་ཕུན་ཚོགས་བདེ་སྐྱིད་གནས། །བསྟན་དགོན་བཟང་པོ་དཔལ་གྱི་གཏོར་མའི་དབྱིབས། །ཕྱི་རོལ་འདུག་ཁང་མཎྜལ་རྒྱན་དུ་མཛེས། །ལྗོན་ཤིང་མཐའ་སྐོར་མཆོད་ལྷ་སྲུང་མས་བསྐོར། །ནང་དོན་དུས་བབས་ཟབ་མོའི་བཀའ་གཏད་རྡོལ། །ལྷ་ཀླུ་གཉན་གསུམ་བསྐོར་བ་ཀྱི་ལི་ལི། །ཆུ་སྒྲ་རླུང་སྒྲ་བསྙེན་དབྱངས་འུ་རུ་རུ། །ཡེ་ནས་ཡི་དམ་དགུ་ཡི་དཀྱིལ་འཁོར་རྫོགས། ། སྐོར་བའི་རང་ཚད་སོ་སོའི་ཡི་དམ་ལྷ། །དམིགས་ནས་མ་ཡེངས་ཏིང་འཛིན་ཟབ་མོའི་ངང་། །བསྐོར་ན་ཡི་དམ་ལྷ་ཡི་སྙིང་པོ་བྱེ། །གང་ལྷ་སོ་སོའི་གསལ་འདེབས་སྙིང་པོ་འབུམ། །དེ་ནི་སྐྱེ་བོ་ཕལ་གྱིས་སྐོར་བའི་ཚད། །ཉ་སྟོང་ཚེས་ལ་བསྐོར་བ་སྙིང་པོ་དུང་། །དགེ་བའི་བཤེས་བཟང་སེམས་བསྐྱེད་ལྡན་པ་ཡིས། །བསྐོར་བའི་ཕན་ཡོན་གནས་ངན་དོང་ནས་སྤྲུགས། །ཡུལ་ཁམས་མི་བདེ་བར་ཆད་འབྱུང་བའི་ཚེ། །སྐོར་བ་བགྱིས་པས་དུས་ཡམས་འཁྲུག་རྩོད་བཟློག རྡོ་རྗེའི་བྲག་རིར་སྐོར་བ་བཅུ་གསུམ་ཚད། །ཡི་དམ་སོ་སོའི་དམིགས་གཏད་བསྙེན་པ་དུང་། །སོམ་ཉི་མེད་པ་བདེ་འགྲོའི་ཆོས་སྐལ་ཡིན། །ཡུལ་སྐྱོང་སྡེ་བརྒྱད་ནང་གི་གཙོ་བོ་ཆེ། །མཆོད་ན་མགོན་ཞིང་སྒྲུབ་ན་དཔལ་ཡང་ཆེ། །འགྲས་ན་མི་རུང་སོ་སོའི་སྤྱོད་པ་གཟོབ། །གནས་དེར་བྱིན་རླབས་ཅང་ཤེས་རྟ་ཡི་ལོར། །བདེ་མཆོག་གནས་ཞེས་མཚན་སྙན་གསོལ་ཀྱང་ཆོག ། གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་རྩ་སོགས། །གཅིག་འདུས་བསྐོར་བའི་ཕན་ཡོན་ཚད་བཟུང་བྲལ། །མིན་ཚེ་ལོ་རེར་གནས་མགྲོན་ཞག་བདུན་འབྱོན། །དེ་ཚེ་བསྐོར་ན་ཕན་ཡོན་བསམ་ལས་འདས། །དུས་ནི་རྟ་ཟླའི་ཚེས་པ་བཅོ་ལྔའི་ཉིན། །བསྐོར་བའི་ཚེ་ན་མི་དགེ་ལོག་སྤྱོད་སྤོངས། །ཉེས་འགལ་ཆེའོ་མི་དགེ་སྣ་ཚོགས་འཛེམ། །རྩྭ་དང་རྩི་ཤིང་དཔའ་བོ་མཁའ་འགྲོའི་གནས། །གཅོད་པར་མི་བྱ་དར་གྱིས་བརྒྱན་པ་དང་། །དར་ཅོག་རླུང་རྟ་སྤར་སྒྲོན་ཕན་ཡོན་ཆེ། །བྱ་དང་བྱེའུ་གནས་སྲུང་མཁའ་འགྲོའི་སྤྲུལ། །འཚེ་བར་མི་བྱ་གནས་ལ་གུས་འདུད་ཞུས། །མདུན་ཆུང་སྤྲུལ་མིང་ཀརྨ་མི་ཥ་ཡས། །ཌཱ་ཀི་ཝཱ་ར་ཧི་ཡི་བརྡ་རིས་འདི། །གཟའ་སྐར་ལེགས་བཟང་ཕུན་སུམ་ཚོགས་པའི་ཉིན། །མ་འོངས་འགྲོ་ཕན་འབྱུང་ཕྱིར་བཀོད་པ་དགེ། །དགའ་ལྡན་ཐང་ལ་རི་སྐྱེས་ནི། རྩི་ཆབ་ཐང་ལ་རི་སྐྱེས་དགེ་བསྙེན་ནི། །སྐུ་མདོག་དམར་པོ་སྦྲུལ་མགོའི་གདེངས་ཀ་ཅན། །རིན་ཆེན་རྒྱན་མཛེས་ལྕགས་ཀྱུ་ནོར་གཞོང་འཛིན། །ཉལ་འགྲོ་འཁྱིལ་དབུས་སྦྲུལ་མཇུག་རྔམས་ཤིང་བརྗིད། །རང་འདྲའི་སྤྲུལ་པ་དྲུག་དང་ཕོ་ཉ་ནི། །ལྟོ་འགྲོ་ལྗང་གུ་ལེགས་ཉེས་སྟངས་འཛིན་ཅན། །སྔགས་རྒྱུད་འཇམ་དབྱངས་ཕུན་ཚོགས་དང་ཨོ་རྒྱན་གཉིས་ཀྱི་འདོད་ལམ་བཞིན། སུ་ངྷི་བི་ཛ་ཡས་གཡར་ཁྲལ་དུ་བྲིས།