ན་མོ་གུ་རུ་སརྦ་སིངྔྷི་ཧཱུྃ། སྐྱབས་གནས་ཀུན་འདུས་བདག་ཉིད། །འགྲོ་འདྲེན་བསྟན་པའི་སྒྲོན་མེ། །ངོ་བོ་རང་བཞིན་ཐུགས་རྗེ། །མཆོག་གསུམ་ཀུན་འདུས་བླ་མར། །གསོལ་བ་སྙིང་ནས་འདེབས་སོ། །ས་ལམ་མྱུར་དུ་སྟོན་མཛོད། །རྔ་ཡབ་ཟངས་མདོག་དཔལ་རི། །ཀུན་འདུས་བདེ་ཆེན་ཕོ་བྲང་། །སྐུ་གསུམ་བླ་མའི་བཞུགས་གནས། །སྟེང་ན་ཆོས་སྐུའི་ཞིང་ཁམས། །བླ་མ་ཀུན་བཟང་ཡབ་ཡུམ། །གསོལ་བ་སྙིང་ནས་འདེབས་སོ། །ཐུགས་རྗེས་མྱུར་དུ་གཟིགས་ཤིག ། ཀ་དག་རང་ཞལ་སྟོན་མཛོད། །བར་ཁང་ལོངས་སྐུའི་ཕོ་བྲང་། །ཨོ་རྒྱན་ཚེ་ལྷའི་ཚོགས་ལ། །གསོལ་བ་སྙིང་ནས་འདེབས་སོ། །ཐུགས་རྗེས་སྤྱན་གྱིས་གཟིགས་མཛོད། །འཆི་མེད་ཆར་རྒྱུན་སྩོལ་ཅིག ། འོག་ཁང་སྤྲུལ་སྐུའི་དཀྱིལ་འཁོར། །བླ་མ་ཨོ་རྒྱན་པདྨ། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས། །གསོལ་བ་སྙིང་ནས་འདེབས་སོ། །ཐུགས་རྗེས་ལྕགས་ཀྱུས་དྲོངས་ལ། །བདེ་སྟོང་མཆོག་དངོས་སྩོལ་ཅིག ། རྗེས་འཇུག་སློབ་ཚོགས་ཕོ་མོ། །དལ་འབྱོར་རྟེན་བཟང་ཐོབ་དུས། །ལམ་ལོག་འཁོར་བར་མ་འཁྲུལ། །དེ་ལོའི་དབང་དུ་མ་བཏང་། །རྣམ་གྲོལ་བྱང་ཆུབ་ཐོབ་པའི། །བློ་ལྡོག་རྣམ་བཞིས་རྒྱུད་སྦྱོངས། །མི་རྟག་རླུང་གསེབ་མར་མེ། །དེ་རིང་སང་ཉིན་སོང་བཞིན། །འཆི་ལ་མྱུར་དུ་ཉེ་ནས། །རང་གཞན་ཕོ་མོ་ཐམས་ཅད། །ལོ་ཟླ་གང་དུ་བསྡད་ཀྱང་། །སྡིག་པ་འབུམ་དུ་སོགས་ནས། །དགེ་བ་ཁ་ཤས་མི་འགྲུབ། །མ་སྡོད་འཆི་གྲོགས་ཕོ་མོ། །དད་དམ་ཚུལ་བཞིན་ལྡན་པས། །བླ་མར་གསོལ་འདེབས་ཚུལ་དུ། །ཨོ་རྒྱན་མཁའ་འགྲོའི་བཞུགས་གནས། །རྔ་ཡབ་དཔལ་རིའི་ཞིང་འདིར། །བཛྲ་བྱེ་བ་བཟླས་ན། །དུང་ཕྱུར་ཡང་དུ་འགྱུར་ངེས། །ཀུན་གཞི་རྣམ་པར་དག་པས། །རྩེ་སྐོར་ལན་གཅིག་བསྐོར་ན། །བཛྲ་བྱེ་ཆུང་འགྲུབ་ངེས། །བར་སྐོར་ལན་གཅིག་སོང་ན། །རོང་ཆེན་ཁ་བ་དཀར་པོ། །ལན་གཅིག་བསྐོར་དང་འདྲའོ། །ཕྱི་སྐོར་རྒྱས་པར་སོང་ན། །རོང་ཆེན་ལན་གསུམ་བསྐོར་བས། །ངེས་པར་འདི་ནི་ལྷག་གོ། བསྐྱེད་རྫོགས་བཟླས་བརྗོད་ཅི་བྱས། །འདི་ན་འགྱུར་ཁ་མང་ཡོད། །མ་གྱུར་མཁའ་ཁྱབ་སེམས་ཅན། །སངས་རྒྱས་ཐོབ་པའི་སླད་དུ། །འཁོར་གསུམ་ཡོངས་སུ་དག་པས། །དགེ་བ་གང་སྒྲུབ་བསྔོས་ན། །རྣམ་མཁྱེན་རྫོགས་བྱང་བར་དུ། །ཟག་མེད་དགེ་ཚོགས་འགྱུར་བས། །ཀུན་གྱི་ཕྱག་སྐོར་རེམ་མཛོད། །གནས་དང་སྐོར་བའི་ཕན་ཡོན། །ཀུན་གྱིས་ཤེས་པར་བྱ་ཕྱིར། །པདྨ་བི་ཛས་བྲིས་སོ། །