ཟུར་མང་གནས་ཆེན་བརྡལ་ཁྱབ་ཆོས་ཉིད་ཕོ་བྲང་།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:40ལ་འགྲུབ།

ཟུར་མང་གནས་ཆེན་བརྡལ་ཁྱབ་ཆོས་ཉིད་ཕོ་བྲང་།

ཟུར་མང་གནས་ཆེན་བརྡལ་ཁྱབ་ཆོས་ཉིད་ཕོ་བྲང་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་གནས་རི་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་།
རིགས་དབྱེ།
གནས་རི།
1  ཁྲག་འཐུང་བདེ་ཆེན་འབར་བའི་རྡོ་རྗེས་མཛད་པའི་གནས་ཡིག

ཨོཾ་སྭ་སྟི། རིགས་ཀུན་འདུས་ཞལ་རྡོ་རྗེ་ཐོད་ཕྲེང་རྩལ། །གསང་བའི་ཡུམ་ལྔ་ཆོས་རྒྱལ་ཡབ་སྲས་བཞི། །འབངས་ཀྱི་གྲུབ་ཐོབ་ཉེར་ལྔ་རིག་འཛིན་ཚོགས། །སྔ་འགྱུར་སྐྱབས་གནས་བླ་མ་སྤྱི་བོར་མཆོད། །གནས་འདིར་བླ་མའི་གདུལ་བྱ་མཐར་ཐུག་བར། །ཐུགས་བསྐྱེད་དུས་སྨིན་གཏེར་ཆེན་སྟོང་རྩ་བརྒྱད། །ཡང་འཁོར་ཕྲན་གཏེར་འགྲོ་བའི་དོན་མཛད་འབུམ། །ཐམས་ཅད་གུ་རུའི་སྤྲུལ་པར་ངེས་པའི་ཕྱིར། །ཀུན་ལ་གུས་བཏུད་དངས་བས་འདུན་ཕྱག་འབུལ། །སེལ་མེད་བརྒྱུད་པའི་བྱིན་རླབས་དུས་འདིར་སྩོལ། །དེ་ལས་ལེགས་འོང་སྐུ་གསུམ་ཞིང་འདི་རུ། །གདུལ་བྱ་འདུལ་དང་རྣལ་འབྱོར་སྤྱོད་པའི་ཞིང་། །འབྲེལ་ཚད་གྲོལ་དང་མཐོང་གྲོལ་གནས་དང་བརྟེན། །སྐུ་གསུམ་བྱིན་རླབས་འཕྲུལ་གྱི་གཟོ་སྤྲུལ་སྐུ། །སྣ་ཚོགས་འགྲོ་བའི་དོན་ལ་ཅི་ཡང་བྱོན། །འདི་སྐུ་གསུམ་གནས་ལས་ལོངས་སྐུའི་ཞིང་། །སྔོན་ཚེ་དྲེགས་པ་སྡེ་གསུམ་འདུལ་བའི་རྟགས། །མགོ་ལུས་སྙིང་དང་ཙིཏྟའི་རྟགས་མངོན་ཞིང་། །ཁྱད་པར་ལྷོ་ན་རིགས་གསུམ་མགོན་པོའི་སྐུ། །ནུབ་ན་རྟ་ཕག་པདྨ་མཁའ་འགྲོའི་སྐུ། །བྱང་དུ་གནོད་སྦྱིན་འཁྱིལ་ས་ཀཱི་ལ་ཡ། །སྔོན་ཚེ་མི་སྲུན་སྲིན་རྒྱལ་མ་ཧོ་ར། །དམ་ལ་བཞག་པའི་གནས་ཡིན་ཚིལ་གླད་གྱིས། །བྲིས་པའི་སྔགས་བྱང་ཡིག་དྲུག་ཆ་བཅུ་གཉིས། །གཞན་ཡང་སྐུ་གསུང་ཐུགས་རྟགས་དཔག་མེད་དང་། །ཤར་སྒོར་འཇམ་དཔལ་ལྷོ་སྒོར་འཁྱིལ་བའི་སྔགས། །ནུབ་སྒོར་འདོད་རྒྱལ་གཟུགས་དང་རྟ་མཆོག་རོལ། །བྱང་དུ་ཀ་ལ་ཆེ་དང་ཧ་ལ་ནག ཐམས་ཅད་སྐུ་དང་ཕྱག་མཚན་ཐིག་ལེའི་ཚུལ། །མངོན་ཚུལ་མ་ངེས་ཅིར་ཡང་འཕྲུལ་བ་ཡིན། །ཕྱོགས་གཅིག་མ་འཛིན་ཕྱི་རབས་བུ་སློབ་རྣམས། །གནས་སྒོ་དང་པོ་ཡང་འདུལ་མཆོད་རྟེན་དང་། །ལྟ་ལོག་གཤིན་རྗེ་ཕ་ཝང་རྟ་མཆོག་བཀྲ། །བྲག་ལ་འཁྱིལ་བ་དབུས་ལ་རིགས་ལྔའི་ལྷ། །གཡས་སུ་སེམས་དཔའ་ཞི་བ་གཡོན་དུ་ཁྲོ། །རི་གནས་ལྷ་ཚོགས་བར་མཚམས་བྲག་ལ་བཀྲ། །སྣ་ཚོགས་ཤིང་སྣ་བདུད་རྩིའི་ཆུ་བོ་འབབས། །ཚེ་རིལ་གཏེར་སྒྲོམ་དངོས་གྲུབ་གནས་གསུམ་རོལ། །སྨན་གྱི་ཆུ་དང་རྩི་ཤིང་ནད་རྣམས་གསོ། །གནས་འདི་ཕྱི་ལྟར་ཆོས་དབྱིངས་མཁའ་སྤྱོད་ཞིང་། །ནང་ལྟར་རབ་འབྱམས་རྒྱལ་བ་ཞི་ཁྲོའི་གནས། །གསང་བ་འཐུང་སྤྱོད་ཧེ་རུ་ཀ་ཡི་ཞིང་། །གཡས་སུ་ཕོ་རྒྱུད་གཡོན་དུ་མོ་རྒྱུད་ཀྱི། །སྲུང་མ་ཀེ་སེང་བྲན་གྱི་རྟགས་ཀྱང་གསལ། །སྐྱེས་ཆའི་འདུས་དང་འོད་གསལ་རབ་འབྱེད་ཐང་། །ཀླུ་མཆོག་ཆུ་མིག་སྔགས་ཀྱི་བྲག་སྐྱིབས་བཅུ། །རིལ་པོའི་སྐུ་བཅུ་སྣོད་འདྲའི་བདུད་རྩི་ལྔ། །ཐམས་ཅད་ཨོ་རྒྱན་བླ་མའི་བྱིན་རླབས་ཏེ། །གཡོན་ཕྱོགས་རི་ལ་གུང་མོ་འདྲ་བའི་བྲག ། མི་མངོན་གཏེར་རྒྱ་སྐུ་དང་ཡིག་འབྲུ་མང་། །ཟབ་འདྲའི་བྲག་ལ་རིགས་གསུམ་མགོན་པོའི་སྐུ། །བྲམ་དཀར་གཙོ་བོའི་བྲག་ལ་མཁའ་འགྲོའི་སྐུ། །ཀུན་བཟང་ཆེ་མཆོག་བུདྡྷ་ཞི་དང་ཁྲོ། །གཡས་ཕྱོགས་བྲག་ལ་འབར་བ་ཁྲོ་བོའི་སྐུ། །ཞི་བའི་ཕུག་པར་སྨན་གྱི་སྒྲོམ་བུ་དང་། །མཁའ་འགྲོའི་གཏེར་སྒྲོམ་ཆེ་ཕྲ་སྣ་ཚོགས་ཡོད། །རྒྱབ་ཟུར་མདུན་ཟུར་ཤྲཱི་སེང་པད་འབྱུང་གི། །ཚེ་ཡི་རིལ་བུ་དབུས་ཕྱོགས་གཡས་བསྐོར་ཚུལ། །སློབ་དཔོན་པདྨ་ཡབ་ཡུམ་ལོ་ཙྭ་ཟུང་། །སོ་སོའི་སྒྲུབ་གནས་གྲུབ་པའི་ཕུག་པ་གསུམ། །ཞོལ་ཕྱི་བྱ་སྐྱིབས་བདུད་རྩི་རིག་གསུམ་ཡོད། །གཡས་ཕྱོགས་ཐབས་ཀྱི་བྱང་སེམས་དཀར་པོ་དང་། །གཡོན་ཕྱོགས་ཤེས་རབ་བདུད་རྩི་དམར་དང་སེར། །ལྟག་ལོགས་ཞོལ་དང་ཕ་ཝང་རྣོ་བ་ཀུན། །སྐུ་གསུང་ཐུགས་རྟགས་སྣ་ཚོགས་གཏེར་རྒྱ་དང་། །ཕྱག་ཞབས་དབུ་རྗེས་གྲུབ་རྟགས་ཡི་གེ་བཀྲ། །གྲུབ་ཆུ་ཚན་ལྔ་གྲུབ་པའི་ཤིང་མཆོག་བརྒྱད། །འགྲོ་དོན་དུས་བབས་ལྟས་ཀྱི་ཤིང་མཆོག་ལྔ། །རྟག་ཏུ་མངོན་དང་བར་སྐབས་མངོན་པ་དང་། །མངོན་མིན་གྲུབ་པས་མཐོང་སོགས་ངེས་པར་ཡོད། །དཀྱིལ་འཁོར་འདྲ་དང་རྡོ་ཆུ་མྱོང་གྲོལ་རྫས། །ཡེ་ནས་ལྷུན་གྲུབ་བརྡལ་ཁྱབ་ཆེན་པོའི་གནས། །སྔོན་ཚེ་རིག་འཛིན་རྣམས་ཀྱི་བྱིན་རླབས་ཚེ། །བརྡལ་ཁྱབ་ཆོས་ཉིད་ཆེན་པོའི་ཞིང་དུ་གྲགས། །མདུན་ཕྱོགས་ཞིག་པོ་ལེགས་ལྡན་མགོན་པོའི་གནས། །གནས་སྲུང་ཞིང་སྐྱོང་ཆེན་པོ་ཡབ་ཡུམ་བཞུགས། །དེ་རུ་དུས་གསུམ་སངས་རྒྱས་རིགས་གསུམ་མགོན། །འཕགས་པ་ལྕམ་དྲལ་གསང་གསུམ་རྟགས། །མི་འགྱུར་གནས་ཀྱི་བརྡའ་རྟགས་མངོན་པར་བཀྲ། །སྨན་གྱི་ཆུ་མིག་བདུད་རྩིའི་ཆུ་བོ་འབབས། །སྨན་གྱི་མཚོ་དང་སྨན་གྱི་ནགས་ཚལ་གཏིབ། །ལྷ་ཡི་མེ་ཏོག་རིག་གསུམ་སྦས་ཡུལ་གྱི། །ཧེ་རུ་ཀ་རྟགས་དཔལ་གྱི་ཤིང་ཀྱང་འཁྲུངས། །མཁའ་འགྲོའི་བྱིའུ་མཛེས་སྡུག་སྐད་སྙན་གནས། །འདིར་གནས་སྲོག་ཆགས་དཔའ་བོ་མཁའ་འགྲོའི་རིགས། །ངང་དིལ་ཕྱོགས་སུ་སྨན་མོ་མཆེད་ལྔའི་གནས། །ཁྱད་པར་སྒང་བཞིར་ཉི་ཟླ་ཐོད་ཕྲེང་བཞུགས། །གནས་ཀྱི་སྒོ་བཞི་གནས་སྲུང་ཀྲོ་དྷི་བཞི། །མཁའ་འགྲོའི་བྲོ་ར་མཁའ་འགྲོའི་ཚོགས་གཞོང་གསལ། །དེ་ན་བླ་མ་མཁའ་འགྲོའི་ཞབས་རྗེས་ཡོད། །དབུས་ཀྱི་ཕོ་བྲང་ཀུན་དགའ་ར་བའི་ནང་། །བླ་མ་རིག་འཛིན་ལྷ་ཚོགས་ཐམས་ཅད་བཞུགས། །ཁྱད་འཕགས་བྱིན་གྱིས་བརླབས་པའི་རྡོ་སྐུ་གསུམ། །འདི་དང་མ་འོངས་ངེས་པར་གསལ་བར་འགྱུར། །དེ་ལྟར་གནས་ཀྱི་བརྡ་སྤྲོད་ས་བོན་ཙམ། །ལྷ་དང་མཁའ་འགྲོའི་ལུང་ལྟར་ཅུང་ཟད་སྤེལ། །སྐོར་ཚད་ཕན་ཡོན་བསྐྱེད་སྔགས་རྫོགས་ལྡན་པས། །ཡེངས་མེད་སྐོར་བ་རེ་རེའི་བླ་མའི་ཛབ། བཛྲ་དུང་ཕྱུར་རེ་དང་སྟོང་རྩར་འགྱུར། །སྤྱིར་བཏང་དད་འདུན་ཅན་གྱིས་ལྔ་ཕྲག་རེས། །དུང་ཕྱུར་ཡོད་པ་བསླུ་མེད་ངེས་ཚིག་ཡིན། །ཚོགས་འཁོར་མཎྜལ་མར་མེ་རླུང་དར་སོགས། །ཚོགས་བསགས་བགྱིས་ན་ནད་གདོན་བར་ཆད་སེལ། །རྩ་བ་གསུམ་གྱིས་རྗེས་བཟུང་དངོས་གྲུབ་སྟེར། །མཐར་ཐུག་འོག་མིན་རིག་པ་འཛིན་པའི་གནས། །རྡོ་རྗེ་འོད་གསལ་མཆོག་གི་ཞིང་ཁམས་སུ། །ཚོམ་བུ་གཅིག་ཏུ་འགྲུབ་པར་གདོན་མི་ཟ། །དེ་སྐད་འོག་མིན་དཔལ་གྱི་གནས་ཞོལ་དུ། །དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སྒྲོགས་པའི་ཉིན། །ཕུན་ཚོགས་རིག་པ་འཛིན་པའི་ཆོས་སྒར་དུ། །བསོད་ནམས་ཚོགས་ཀྱི་འཁོར་ལོ་ཕུལ་བའི་སྐབས། །ཨེ་ཝཾ་དབྱེར་མེད་ཆེན་པོའི་ཏིང་འཛིན་ངང་། །ཁྲག་འཐུང་བདེ་ཆེན་འབར་བའི་རྡོ་རྗེས་སྤེལ། །དོན་གཉིས་ལྷུན་གྲུབ་ཕྲིན་ལས་དཔལ་འབར་ཤོག སརྦ་སུ་ཛ་ཡ། །

2 ཁྲག་འཐུང་བདེ་ཆེན་འབར་བའི་རྡོ་རྗེས་མཛད་པའི་གནས་ཡིག 

ན་མོ་གུ་རུ། གནས་ལྷུན་གྲུབ་རང་བྱུང་གདོད་མའི་ཞིང་། །དབྱིངས་འདུས་མ་བྱས་པ་ཀུན་ལ་ཁྱབ། །སྤྲོས་མཚན་རྟོག་བྲལ་བའི་ཕུན་ཚོགས་ལྔ། །ཡེ་ཀ་དག་ཆོས་སྐུར་གསོལ་བ་འདེབས། །གདངས་གསལ་དག་ཐིག་ལེ་ཆེན་པོའི་སྐུ། །དོན་ངེས་པ་ལྔ་ལྡན་ཡེ་ཤེས་དབྱིངས། །ཞིང་ཕུན་ཚོགས་ལྔ་ལྡན་ལོང་སྤྱོད་རྫོགས། །མཆོག་རིགས་ལྔའི་སངས་རྒྱས་གསོལ་བ་འདེབས། །མགོན་ལོངས་སྐུ་གསང་གསུམ་སྤྲུལ་པའི་ཆ། །སྣ་ཚོགས་པ་ཕྲིན་ལས་སྤྲུལ་པའི་གར། །སྒྱུ་འཕྲུལ་གྱི་རོལ་པ་ཅིར་ཡང་འཆར། །སྐྱབས་སངས་རྒྱས་སྤྲུལ་སྐུར་གསོལ་བ་འདེབས། །གནས་བརྡལ་ཁྱབ་ཆོས་ཉིད་ཀྱི་ཕོ་བྲང་ནས། །དཔལ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །རྐྱེན་འགལ་ཉམས་བར་ཆད་སེལ་བ་དང་། །རྟེན་འདི་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཞིང་པདྨ་འོད་ཀྱི་གཞལ་ཡས་དང་། །དབྱེར་མེད་པའི་རང་བྱུང་གཞལ་ཡས་ཁང་། །སྐྱབས་རིག་འཛིན་བླ་མ་བཞུགས་པའི་གནས། །དཔལ་ཡོན་ཏན་རྒྱན་ལ་གསོལ་བ་འདེབས། །ཆོས་སྐྱོང་བའི་མགོན་པོ་ཞིང་སྐྱོང་དང་། །གནས་སྲུང་བའི་ལྷ་སྨན་རྒྱལ་མོ་ལྔ། །ཀླུ་སྔགས་བདག་ཀླུ་བདུད་དགེ་བསྙེན་བཅས། །གནས་འདི་ལ་འབྲེལ་ཚད་སྲུང་སྐྱོབ་དང་། །དཔལ་ཚེ་དང་ཕྱྭ་གཡང་དངོས་གྲུབ་ཕོབ། །གནས་འདི་ལ་བརྙས་ཤིང་སྨད་པ་དང་། །ཤིང་གཅོད་དང་བྲག་ཧྲལ་ཆུ་མིག་དཀྲུག ། བྱ་གཅན་དང་རི་དྭགས་རྔོན་པ་སོགས། །ལོག་འགལ་བའི་རིགས་རྣམས་ཆམ་ལ་ཕོབས། །མིང་མེད་པར་ཐལ་བ་རྡུལ་དུ་རློག ། གནས་འདི་དང་ཉེ་བའི་ཕྱོགས་རྣམས་སུ། །དུས་བྱིང་ལོང་གི་འཁྲུགས་རྩོད་ཞི་བ་དང་། །ལོ་རྩྭ་འབྲས་བུ་མེ་ཏོག་རབ་རྒྱས་ཤིང་། །དཀར་གཞོན་ཆུ་ཕྱུག་དང་རྩི་བཅུད་འཕེལ། །རྐྱེན་ནད་གདོན་བྲལ་ཞིང་ཚེ་བསོད་རྒྱས། །དཔལ་ཟང་ཟིང་གི་འདུ་བ་རྒྱས་པ་དང་། །ཟུར་ཇག་རྐུན་དང་དགྲ་བགེགས་ཐལ་བར་རློག ། མཆོག་མཐར་ཐུག་གི་འབྲས་བུ་ཚེ་འདིར་གྲུབ། །དཔལ་ཀུན་བཟང་པད་འབྱུང་དབྱེར་མེད་པའི། །བྱིན་གསང་གསུམ་དངོས་གྲུབ་དེ་ཐོབ་ནས། །མགོན་རྒྱལ་བའི་ཕྲིན་ལས་མྱུར་འགྲུབ་ཤོག ། ཅེས་གནས་མཆོག་བརྡལ་ཁྱབ་ཆེན་པོ་ཆོས་ཉིད་ཕོ་བྲང་གནས་སྒོ་འབྱེད་སྐབས་གནས་བསྟོད་དང་གསོལ་འདེབས་ཆབ་ཅིག་ཏུ་འབར་བའི་རྡོ་རྗེས་དེ་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག ད་ཡནྟུ༎

3 ​ཁྱབ་བདག་པདྨ་བདེ་ཆེན་རྩལ་གྱིས་མཛད་པའི་གནས་ཡིག

ཨོཾ་སྭ་སྟི་སིདྡྷི། འོད་མཚན་སྟོང་འབར་འཆི་མེད་ཆོས་ཀྱི་སྐུ། །ཐུགས་རྗེའི་གཏེར་ཆེན་འཕགས་མཆོག་ལོངས་སྤྱོད་རྫོགས། །སྣང་སྲིད་ཟིལ་གནོན་མཚོ་སྐྱེས་སྤྲུལ་པའི་སྐུ། །དབྱེར་མེད་རིག་འཛིན་བླ་མས་བྱིན་ཆར་ཕོབ། །སྣོད་བཅུད་དག་པ་རྒྱལ་བའི་དཀྱིལ་འཁོར་དུ། །མ་བཅོས་འདོད་ནས་རང་བྱུང་ལྷུན་གྲུབ་ཏུ། །སྣང་ཡང་ཐུན་མོང་ཨ་ཐལ་རྒྱུད་སྒྲིབ་ངོར། །མ་དག་འཁོར་བར་ཤར་བ་རང་གི་སེམས། །འོན་ཀྱང་དུས་གསུམ་ཀུན་མཁྱེན་པད་འབྱུང་རྗེའི། །ཚད་མེད་ཐུགས་ཀྱི་འོད་ཟེར་གང་འདུལ་ངོར། །སྣང་བའི་སྙིགས་དུས་རྒུད་མུན་བཅོམ་ནས་སླར། །ཕན་བདེའི་འདབ་སྟོང་བཞེད་ལ་སོམ་ཉི་ཅི། །དེ་ཕྱིར་དཔལ་ཆེན་སངས་རྒྱས་ཡེ་ཤེས་ཀྱི། །ཟློས་གར་མཆོག་གཟིགས་རིག་སྔགས་འཆང་བའི་རྒྱལ། །གང་དེས་གནས་གཏེར་ཟབ་མོ་སྒོ་དབྱེ་བའི། །སྣང་ཚུལ་བསྟན་འདིའི་ངོ་མཚར་ཕན་ཡོན་བཅས། །དེ་ཡང་མདོ་ཁམས་ངང་པ་སྒང་རྒྱུད་ཀྱི། །གནས་ཆེན་བརྡལ་ཁྱབ་ཆོས་ཉིད་ཕོ་བྲང་འདི། །ཕྱི་ལྟར་འོག་མིན་ཆོས་དབྱིངས་པདྨ་བཀོད། །ནང་དུ་རང་བྱུང་རྒྱལ་བ་ཞི་ཁྲོའི་གནས། །གསང་བ་མཁའ་སྤྱོད་ཧེ་རུ་ཀ་ཡི་ཞིང་། །སྔོན་ཚེ་དཔལ་ཆེན་ཆེ་མཆོག་པད་འབྱུང་གིས། །རུ་ཏྲ་སྲིན་པོ་འདུལ་བའི་ནང་ཁྲོལ་དང་། །ཀླད་ཞག་ཚིལ་གྱི་གསང་སྔགས་ཡིག་འབྲུ་གསལ། །ཀུན་བཟང་རིགས་གསུམ་རིག་མཆོག་རྒྱལ་བ་ལྔ། །ཞི་ཁྲོ་བཀའ་བརྒྱད་རིག་འཛིན་མཁའ་འགྲོ་མ། །རྒྱུད་གསུམ་ཡེ་ཤེས་དམ་ཚིག་འཇིག་རྟེན་སྐྱོང་། །གྲངས་མེད་རྒྱལ་བ་རྩ་གསུམ་རང་བྱོན་བཀྲ། །ཤྲཱི་སེང་བི་མ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་ཡབ་ཡུམ་ཆོས་རྒྱལ་ཡབ་སྲས་བཞི། །ལོ་ཆེན་སོ་སོའི་སྒྲུབ་ཕུག་དམ་རྫས་དང་། །ཆོས་ནོར་ཚེ་བཅུད་སྨན་གྱི་གཏེར་སྒྲོམ་ཡོད། །ཐབས་ཤེས་ཨ་ཧཾ་བདེ་སྟོང་བདུད་རྩིའི་རྒྱུན། །ནད་སེལ་རྩི་ཤིང་མཚོ་ཆུ་ཕྱག་ཞབས་རྗེས། །བཀྲ་ཤིས་རྟགས་ཀྱི་རི་མོས་མཚན་པའི་བྲག སྦྱོར་སྒྲོལ་གསང་མཆོད་དུར་ཁྲོད་ཚོགས་ཁང་ནས། །བྱ་ཅན་རི་དྭགས་སྣ་ཚོགས་དྷཱ་ཀའི་གཟུགས། །མཐོང་གྲོལ་རྡོ་སྐུ་ཐོས་གྲོལ་ཛབཱ་དབྱངས་སྒྲ། །མྱོང་གྲོལ་དཀར་དམར་གཉིས་མེད་གྲུབ་པའི་རྫས། །རེག་གྲོལ་དཔའ་བོ་དྷཱ་ཀའི་ཚུལ་དུ་སྣང་། །མདོར་ན་འབྲེལ་ཚད་དོན་ལྡན་ཨོ་རྒྱན་རྗེ། །བསླུ་མེད་རྡོ་རྗེའི་གསུང་གི་ལུང་བྱང་བཞིན། །ཟབ་གཏེར་བཀའ་བབ་གནུབས་ཆེན་ཡང་སྲིད་མཆོག ། བདེ་ཆེན་འབར་བའི་རྡོ་རྗེའི་བཀའ་དྲིན་གྱི། །མཆོག་དམན་འགྲོ་ངོར་མངོན་སུམ་སྤྱོད་ཡུལ་གྱུར། །ད་ལྟ་བཞུགས་དང་མ་འོངས་འབྱོན་གྱུར་གྱི། །དལ་འབྱོར་ཐོབ་པའི་གང་ཟག་མཆིས་སོ་ཅོག ། ཀུན་གྱི་དག་སྣང་གུས་པས་གསོལ་འདེབས་དང་། །ཕྱག་དང་བསྐོར་བ་ཚོགས་འཁོར་མཎྜལ་སོགས། །ཕྱི་ནང་གསང་བ་དོན་གྱི་མཆོད་སྤྲིན་སྤྲོས། །རང་གིས་བྱས་བསགས་སྡིག་ལྟུང་ཉམས་ཆགས་ཀུན། །འགྱོད་བཤགས་ལན་གཅིག་བསྐལ་མང་ལས་སྒྲིབ་འདག ། རྩ་གསུམ་རྒྱལ་བའི་སཱཙྪ་ཆུ་སྦྱིན་གཏོང་། །གཞན་སྲོག་བླུ་དང་ཐུན་མོང་ཐུན་མིན་གྱི། །ཉམས་ལེན་རྩ་རླུང་བསྐྱེད་རྫོགས་རྫོགས་ཆེན་བསྒོམ། །དེ་ལྟར་གཞན་ལས་ཁྱད་འཕགས་གནས་ཆེན་འདིར། །སྡིག་སྤོང་དགེ་སྒྲུབ་གང་བྱས་མཆོག་གི་ནི། །བཛྲ་གུ་རུ་དུང་ཕྱུར་གཅིག་དང་སྟོང་། །ཐ་མལ་ཀུན་གྱིའང་བསྐོར་བ་བདུན་རེ་ལ། །སིདྡྷི་དུང་ཕྱུར་གཅིག་དང་ས་ཡང་བདུན། །ལྔ་འབུམ་སུམ་ཁྲི་ཉིས་སྟོང་ལྔ་བརྒྱ་ཡི། །བཟླས་པའི་ཕན་ཡོན་ཐོབ་པར་འགྱུར་རོ་ཞེས། །ཨོ་རྒྱན་རྡོ་རྗེའི་གསུང་ཚིག་བསླུ་མེད་ཡིན། །དེ་དག་ལས་བྱུང་དགེ་བའི་དངོས་པོ་ཀུན། །དུས་གསུམ་རྣམ་དཀར་ལེགས་བྱས་གཅིག་བསྡོམས་མཐུས། །ཕན་བདེ་ཡོངས་ཀྱི་འབྱུང་གནས་རྒྱལ་བསྟན་མཆོག ། མི་ནུབ་ཡུན་གནས་བསྟན་འཛིན་སྐུ་ཚེ་བརྟན། །བཤད་སྒྲུབ་བསྟན་གཉིས་ཆོས་སྤྱོད་བཞེད་དོན་སྒྲུབས། །སྙིགས་དུས་སྐྱེ་འགྲོ་གདུང་བྱེད་ཚ་རིགས་ཀུན། །ཞི་བྱེད་དུས་བབ་ཟབ་གཏེར་ག་སུར་ཐིག ། འདོན་པའི་ལས་འཕྲོ་ལེགས་པད་ཡོངས་ཀྱི་གཙོ། །རིགས་ཀྱི་ཁྱབ་བདག་བླ་མའི་བཀའ་གཏེར་གྱི། །སྨིན་གྲོལ་མཆོག་གི་བདུད་རྩིའི་རྒྱུན་བཟང་པོ། །གངས་ལྗོངས་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་བརྡལ། །མཁའ་མཉམ་རིས་སུ་མ་མཆིས་འགྲོ་བ་ཀུན། །ཀུན་བཟང་གདོད་མའི་ས་ལ་འགོད་པའི་ཕྱིར། །ཕྱིར་མི་ལྡོག་པའི་བསྔོ་བའི་རྒྱས་འདེབས་གནད། །གནད་ཟབ་འཕྲལ་ཡུན་ཀུན་ཏུ་དགེ་བའི་ལམ། །ལམ་མཆོག་ཀུན་ཏུ་བཟང་པོའི་སྨོན་ལམ་མཛོད། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་སོགས། །བཀྲ་ཤིས་རྟེན་འབྲེལ་འདུ་སྒོ་ཀུན་ཚང་བས། །བཀྲ་ཤིས་ཨོ་རྒྱན་བླ་མའི་ཐུགས་རྗེས་མཐུས། །བཀྲ་ཤིས་དགེ་མཚན་ས་གསུམ་ཀུན་ཁྱབ་ཤོག ། ཅེས་པ་འདི་ནི་གཏེར་ཆེན་བླ་མའི་རིགས་སྲས་ངེད་རང་གི་བུ་སློབ་པདྨ་ཚེ་དབང་ངམ་ངག་དབང་བཀྲ་ཤིས་ཆོས་ཀྱི་ཉི་མ་དགེ་ལེགས་ཐེག་མཆོག་རྣམ་པར་རྒྱལ་བས་བསྐུལ་ངོར། རྒྱལ་དབང་པདྨའི་རིག་འཛིན་པདྨས་བྱིན་གྱིས་བརླབས་པའི་མིང་ཁྱབ་བདག་པདྨ་བདེ་ཆེན་རྩལ་གྱིས་ཟླ་ཚེས་བཟང་པོར་སྤེལ་བ་འབྲེལ་ཚད་དོན་དང་ལྡན་པའི་རྒྱུར་གྱུར་ཅིག