ཆབ་བསྟི་བྲག་དཀར།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:40ལ་འགྲུབ།

ཆབ་བསྟི་བྲག་དཀར།

ཆབ་བསྟི་བྲག་དཀར།
ཆབ་བསྟི་བྲག་དཀར་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་གནས་རི་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་།
རིགས་དབྱེ།
གནས་རི།
1 ཆབ་བསྟི་བྲག་དཀར་གྱི་གནས་ཡིག 
1_1 ཆོས་ཀྱི་རྒྱལ་པོ་པདྨ་བསྟན་འཛིན་གྱིས་མཛད་པའི་ཆབ་བསྟི་བྲག་དཀར་གྱི་གནས་ཡིག 

ཨོཾ་སྭ་སྟི། སྐུ་གསུམ་བླ་མ་ཀུན་འདུས་ཨོ་རྒྱན་རྗེ། །བདག་སོགས་རྩེ་གཅིག་གུས་པས་ཡིད་ཀྱི་མཁའ། །རང་གསལ་ལྷུན་གྲུབ་ངང་ནས་གསོལ་བ་འདེབས། །ཅིར་སྣང་ཆོས་སྐུའི་རོལ་པར་ཤར་བར་མཛོད། །དེ་ལ་སྤྱི་འབྱམས་གནས་ཀྱི་ཡན་ལག་ཆབ་བསྟི་བྲག་དཀར་འདི་ཉིད། དུང་དཀར་སྤྲུལ་སྐུའི་གནས་སྒོ་ཕྱེས་པ་ལ། དེའི་སྐབས་སུ་རྟེན་འབྲེལ་ཕུན་སུམ་ཚོགས་པས། འཇའ་དང་མེ་ཏོག་གི་ཆར་སོགས་ལེགས་པར་བྱུང་འདུག་ཅིང་། ཁྱད་པར་གནས་དེར་པདྨ་སམྦྷ་ཝ་ལ་སོགས་པ་སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་རང་བྱོན་དང་། ཨོ་རྒྱན་གྱི་ཞབས་རྗེས་ལ་སོགས་པ་དག་པའི་སྣང་བ་འགའ་ཞིག་གསལ་འདུག་པ་དེ་དག་ནི་སོ་སོ་ལས་དག་པ་རྣམས་ཀྱིས་མོས་པའི་ཡིད་མཁར་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་ཅིར་ཡང་འཆར་བར་གསུངས་པས། དེས་ན་དད་ལྡན་རྣམས་ནས་བདེ་ཆེན་པདྨ་འོད་དང་དབྱེར་མེད་དུ་གསལ་བའི་ཕྱག་བསྐོར་བ་བཅུ་གསུམ་སྨོན་ལམ་རབ་གནས་སོགས་བགྱིས་ན། གནས་སྐབས་ཚེ་ཡི་བར་ཆད་ཞི་ཞིང་། ཅི་བསམ་འགྲུབ་པ་དང་། ཕྱི་མ་བདེ་ལྡན་ཞིང་དུ་སྐྱེ་བ་སོགས་ཕན་ཡོན་དཔག་མེད་ཐོབ་པ་ཡིན་པས་དེ་ལྟར་ངེས་འཚལ། ཞེས་པའི་ཡི་གེ༧དཔལ་ལྡན་དཔའ་བོའི་མཚན་གྱིས་བྱིན་གྱིས་རླབས་པའི་བླ་གཟུགས་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ་པདྨ་བསྟན་འཛིན་རྩལ་གྱིས་བརྗོད་པ་དགེའོ། །

1_2 ​བླ་མ་དུང་དཀར་རིན་པོ་ཆེས་མཛད་པའི་གནས་ཡིག 

ཐོག་མར་གནས་མཆོག་གི་ཤར་གྱི་བྲག་གདོང་དུ་པདྨ་སམྦྷ་ཝའི་སྐུ་རང་བྱོན། པདྨ་སམ་བྷ་དེ་ཡི་གཡས་ཟུར་ལ། འཕགས་པ་འཇམ་དབྱངས་འཁོར་བརྒྱད་ལྟ་བུ། གསེར་ཕུག་ལྷོ་རུ་ཁ་བལྟས་པ་དེའི་བྲག་ངོས་ཐུབ་པ་དཀར་པོ། གཡས་གཡོན་གཉིས་ལ་འཁོར་གཉིས། ལྷོ་ཡི་བྲག་གདོང་ལ་རྒྱ་ཡིག་རང་བྱོན། སྤྲ་རྒྱལ་རི་ཡི་རྩེ་ལ་ཁྲོ་བོ་རྟ་མགྲིན་དམར་པོའི་སྐུ། དེ་ཡི་གཡས་ཕྱོགས་ལ་འོད་དཔག་དམར་པོ་འཁོར་མང་སྐུ། དེ་ཡི་འོག་གཡས་ལ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ། དེ་ཡི་མདུན་ན་སྤྲེའུས་སྦྲང་རྩི་ཕུལ་བ་འདྲ། ལུང་ཡག་མའི་བྲག་གི་ངོས་གཡོན་དེ་ན། ལྷ་མོ་དྲེལ་དམར་མའི་སྐུ། དེ་ཡི་སྟེང་ཕྱོགས་གཡས་དེ་ན་རྡོ་རྗེ་གྲོ་ལོད་ཀྱི་ནང་ནས་གཅིག་ཡིན་པ་འདྲ་བའི་སྐུ། དེ་ཡི་གཡས་ཟུར་ན་ཕུག་པ་ལྷོར་ཁ་བསྟན་པ་དེ་ཡི་ནང་ལ། དམ་ཅན་མགར་བ་དམར་པོ་སེང་གེ་ལ་ཞོན་པའི་སྐུ། བཀྲ་ཤིས་ལུང་པའི་ནང་ཕུག་ལ་ཨོ་རྒྱན་པདྨའི་ཞབས་རྗེས་གསལ་པོ་ཡོད། བྲག་ཁ་བྱང་བསྟད་པ་དེ་ཡི་ངོས་ན་རྟ་སེར་པོ་ཞོན་པ་ཞིག་ཡར་འགྲོ་བའི་གཟུགས། ཤར་ཕྱོགས་ཆབ་བསྟི་བྲག་གི་མདུན་ཏུ་དུང་དཀར་པོ་གསལ་པོ་ཡོད། གནས་སྒོ་ཕྱེ་བའི་དུས། ཡ་མཚན་གྱི་འཇའ་ཤར། མེ་ཏོག་གི་ཆར་འཐུལ་རྨི་ལམ་ངོགས་ཆབ་བསྟི་བྲག་དཀར་དང་། སྐྱོ་བྲག་བྲག་དཀར་གཉིས་ཀྱི་བར་དུ། འཇའ་གུར་འཁྱིལ་བ་རྨིས། བསྐོར་བ་བཅུ་གསུམ་བསྐོར་ཚད་མཛད་པ་འདི་ནི། གངས་ཏི་སེའི་བསྐོར་ཚད་ཡིན་པས། དེ་ནས་སྐལ་ལྡན་རྣམས་ཀྱིས་ཕྱག་བསྐོར་སྨོན་ལམ་རྩེ་གཅིག་མཛད་ན་གངས་ཏི་སེ་དང་མཉམ་པས་ཐུགས་ལ་ཞོག་མཛོད། ཅེས་སྐྱོ་བྲག་བླ་མ་དུང་དཀར་བའི་སེམས་ལ་དེ་ལྟར་ཤར། སརྦ་མངྒ་ལཾ། །

བརྡ་འགྲེལ་གདོང་འཛར།

གནས་རི། ས་ཁམས། ཆབ་བསྟི་བྲག་དཀར།