ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ་ནི་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་ཟུང་འབྲེལ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་བསྐྱར་མ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ལག་རྩལ་རྒྱུ་རྐྱེན་བེད་སྤྱོད་ལུགས་མཐུན་དང་དེའི་དཔལ་འབྱོར་ཕན་འབྲས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཞིག་ཡིན་ལ། ཞིང་ལས་ལག་རྩལ་དཔལ་འབྱོར་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པར་སྤྱིར་བཏང་དུ་ཞིང་ལས་ལག་རྩལ་གྱི་བྱེད་ཐབས་དང་ལག་རྩལ་གྱི་སྲིད་ཇུས་ནང་དོན་དངོས་བྱེད་ཀྱི་ཡོད་པས། ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ་ནི་ཞིང་ལས་ལག་རྩལ་གྱི་བྱེད་ཐབས་དང་ལག་རྩལ་སྲིད་ཇུས་ཀྱི་དཔལ་འབྱོར་ཕན་འབྲས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཞིག་ཡིན་ཞེས་བཤད་ཀྱང་ཆོག
དུས་རབས20པའི་ལོ་རབས50བའི་དུས་མཇུག་དང་ལོ་རབས60པར། ཀྲུང་གོས་ཞིང་ལས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ལེགས་འགྲུབ་བྱུང་ཟིན་པ་དང་ལག་རྩལ་བསྒྱུར་བཀོད་ཀྱི་ལས་འགན་ཉིན་རེ་བཞིན་མངོན་གསལ་དུ་གྱུར། དེ་ཡང་ཞིང་ལས་འཕྲུལ་ཆས་སྤྱོད་པ་དང་ཞིང་ཁའི་ཆུ་བེད་འཛུགས་སྐྲུན། རྫས་ལུད་དང་ཞིང་སྨན་ཁ་སྣོན་རྒྱག་པ་བཅས་ཚུད་པའི་ལག་རྩལ་དང་བྱེད་ཐབས་སྣ་ཚོགས་ཁྱབ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ཐག་གཅོད་བྱེད་རྒྱུར་ལུས་པའི་དཔལ་འབྱོར་གྱི་གནད་དོན་སྣ་ཚོགས་ལ་ཕྲད་པ་དང་། དེ་དག་གིས་ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། དེའི་རྗེས་སུ་ཞིང་ལས་ལག་རྩལ་དཔལ་འབྱོར་གྱི་ཞིབ་འཇུག་ནི་རྒྱལ་ཁབ་ཀྱི་ལས་འགན་ཞིག་ཏུ་བརྩིས་པ་དང་། སྤྱི་ལོ1978ལོར་ཡང《སྤྱི་ལོ1978ལོ་ནས་སྤྱི་ལོ1985ལོའི་བར་གྱི་ཚན་རིག་ལག་རྩལ་འཕེལ་རྒྱས་འཆར་འགོད་རྩ་གནད》ཀྱི་ནང་དུ་བཀོད་དེ། ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་ལ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་བ་མ་ཟད་དངོས་ཡོད་ཀྱི་གྲུབ་འབྲས་འགའ་བླངས།
གཅིག ཕྱོགས་བསྡུས་རང་བཞིན་དང་འབྲེལ་ཡོད་རང་བཞིན།
ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་སྲོག་ཆགས་དང་རྩི་ཤིང་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཕྱོགས་མང་པོ་ཡོད་ལ། རྒྱུ་རྐྱེན་སོ་སོའི་བར་དུ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཚོད་འཛིན་བྱེད་པའི་འབྲེལ་བ་ཡོད་པ་དང་། དེ་དག་ལ་མཐུན་པའི་འབྲེལ་བ་དང་ལྡོག་པའི་འབྲེལ་བ་ཡོད་པ་མ་ཟད་འབྲེལ་ཡོད་ཀྱི་ཚད་གཞི་དྲག་ཞན་ཀྱང་མི་འདྲ་བ་རེད། ཞིང་ལས་ལག་རྩལ་དཔལ་འབྱོར་ཕན་འབྲས་ནི་རྒྱུན་པར་ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་ཀྱིས་འབྲེལ་ཡོད་ཆ་རྐྱེན་མི་འདྲ་བའི་འོག་ཕྱོགས་བསྡུས་ནུས་པ་ཐོན་པའི་མཇུག་འབྲས་ཡིན།
གཉིས། རྒྱུན་མཐུད་རང་བཞིན།
རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཚུལ་ནི་སྐབས་ཐོག་དེ་དང་དུས་ཚིགས་དེར་མཚོན་པ་མ་ཟད། དེ་རྗེས་ཀྱི་ཐོན་སྐྱེད་བསྐྱར་མ་བྱེད་རིམ་དུ་རྒྱུན་མཐུད་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་སྲིད།
གསུམ། ཚད་བཀག་རང་བཞིན།
ལག་རྩལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཐོན་པའི་ནུས་པ་དེར་ཆ་རྐྱེན་ངེས་ཅན་འོག་ཚད་ངེས་ཅན་ལྡན་པའི་ཚད་བཀག་ཡོད་པས་དེའི་དཔལ་འབྱོར་ཕན་འབྲས་ལ་ཡང་ཚད་བཀག་ཡོད་པ་རེད།
བཞི། བརྟན་འཇགས་མིན་པའི་རང་བཞིན།
ཞིང་ལས་ཐོན་སྐྱེད་ལ་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་ཆེ་བས་དཔལ་འབྱོར་གྱི་ཕན་འབྲས་ལ་ནུས་པ་ཐོན་པའི་རྒྱུ་རྐྱེན་ཁ་ཤས་ལ་མི་ཤུགས་ཀྱིས་ཚོད་འཛིན་བྱེད་དཀའ།
རང་བྱུང་གི་རྒྱུ་རྐྱེན་དང་ལག་རྩལ་གྱི་རྒྱུ་རྐྱེན། སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུ་རྐྱེན་བཅས་ཞིང་ལས་ལག་རྩལ་དཔལ་འབྱོར་གྱི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་སྤྱིར་བཏང་གི་རྩ་དོན་གཤམ་གསལ་ལྟར།
གཅིག ལག་རྩལ་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་དགོས།
བྱེད་ཐབས་ཤིག་གི་ལག་རྩལ་ཐད་ཀྱི་སྔོན་ཐོན་རང་བཞིན་དང་དེས་ཐོན་རྫས་ཀྱི་བེད་སྤྱོད་རིན་ཐང་འཕར་སྣོན་ཡོང་བའི་ནུས་པ་དང་། ཐོན་རྫས་ཀྱི་ངལ་རྩོལ་ཟད་གྲོན་བྱེད་ཚད་དང་དེ་བཞིན་བེད་སྤྱོད་ཁྱབ་སྤེལ་གྱི་སྤྱད་འཐུས་ཆ་རྐྱེན་བཅས་ལ་དུས་གཅིག་ཏུ་རྟོག་ཞིབ་བྱ་དགོས། དཔེར་ན། ངལ་རྩོལ་ཟད་གྲོན་བྱས་པའི་འཕར་ཚད་དེ་བེད་སྤྱོད་རིན་ཐང་འཕར་ཚད་ལས་ཆེ་བ་ཡིན་ན། དཔལ་འབྱོར་གྱི་ཕན་འབྲས་དམའ་བས་སྤྱིར་བཏང་དུ་བཀོལ་སྤྱོད་ཀྱི་དོན་སྙིང་མེད་པ་གསལ་བཤད་བྱས་ཡོད།
གཉིས། ཆ་ཤས་ཀྱི་དཔལ་འབྱོར་ཕན་འབྲས་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་དགོས།
འོས་སྦྱོར་བྱེད་རིན་ཡོད་པའི་ལག་རྩལ་གྱི་འཆར་གཞི་ཞིག་གིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱི་ཁོག་དཔལ་འབྱོར་གྱི་ཕན་ནུས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་སྐྱེད་སྡེ་ཚན་དེ་གའི་དཔལ་འབྱོར་གྱི་ཕན་ནུས་གསར་དུ་འཕར་བ་བྱེད་ཐུབ་སྲིད་ལ། གལ་ཏེ་ཕྱི་མ་ཁོ་ནར་ཕན་པ་ལས་སྔ་མར་གནོད་པ་ཡིན་ན་དངོས་སྤྱོད་དོན་སྙིང་མེད་པ་རེད།
གསུམ། མིག་སྔའི་དཔལ་འབྱོར་གྱི་ཕན་འབྲས་དང་ཡུན་རིང་གི་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་དགོས།
ཞིང་ལས་ཐོན་སྐྱེད་ཁྲོད་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ཕན་པའི་ལག་རྩལ་བྱེད་ཐབས་སྤྱད་དེ། མིག་སྔའི་གནས་སྐབས་རིང་གི་ཁེ་ཕན་ཁོ་ནར་དམིགས་ནས་འཕྲོག་བཅོམ་རང་བཞིན་གྱི་རྣམ་པའི་གཉེར་སྐྱོང་བྱེད་པ་སོགས་སྔོན་འགོག་བྱེད་པ་ལྟ་བུ།
བལྟོས་མེད་ཀྱི་དཔལ་འབྱོར་ཕན་འབྲས་ཀྱི་དབྱེ་མཚམས་དང་བལྟོས་བཅས་ཀྱི་དཔལ་འབྱོར་ཕན་འབྲས་ཀྱི་དབྱེ་མཚམས་གསལ་འབྱེད་བྱ་རྒྱུ་དེ། དཔལ་འབྱོར་དཔྱད་འཇོག་དང་ལེགས་འདེམས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། བལྟོས་མེད་ཀྱི་དཔལ་འབྱོར་ཕན་འབྲས་ཀྱི་མཚམས་ཚད་ནི་ཞིང་ལས་ལག་རྩལ་ཞིག་སྤྱད་ནས་བྱུང་བའི་དཔལ་འབྱོར་ཁེ་ཕན་གྱི་མ་མཐའི་ཚད་ཐིག་ཅིག་ཡིན་པ་དང་། ཕན་འབྲས་དང་ངལ་རྩོལ་ཟད་གྲོན་བྱས་པའི་བསྡུར་ཚད་དེ1ལས་ཆེ་བའམ་དེ་གཉིས་ཀྱི་ཁྱད་དེ་ཀླད་ཀོར་ལས་ཆེ་བ་ཡོད་ལ། མཚམས་ཚད་དེ་ལས་དམའ་ན་དངོས་སྤྱོད་དོན་སྙིང་མེད། བལྟོས་བཅས་ཀྱི་དཔལ་འབྱོར་ཕན་འབྲས་ཀྱི་དབྱེ་མཚམས་ནི་ལག་རྩལ་གསར་པ་ཞིག་སྤྱད་དེ་སྔར་ཡོད་ལག་རྩལ་གྱི་ཚབ་བྱས་པའི་མ་མཐའི་དཔལ་འབྱོར་དབྱེ་མཚམས་དེ་ཡིན་པ་དང་། ལག་རྩལ་གསར་པའི་དཔལ་འབྱོར་གྱི་ཕན་འབྲས་དང་སྔར་ཡོད་ལག་རྩལ་དཔལ་འབྱོར་ཕན་འབྲས་ཀྱི་བསྡུར་ཚད་དེ1ལས་ཆེ་བའམ་དེ་གཉིས་ཀྱི་ཁྱད་ཀླད་ཀོར་ལས་ཆེ་བ་ཡིན་ན། དབྱེ་མཚམས་དེ་ལས་དམའ་བས་མུ་མཐུད་དེ་སྔའི་ལག་རྩལ་བེད་སྤྱོད་བྱས་ན་ཡག་པོ་ཡོད་པ་རེད།
ཞིང་ལས་ལག་རྩལ་དཔལ་འབྱོར་ཕན་འབྲས་ཀྱི་དམིགས་ཚད་ནི་ཞིང་ལས་ལག་རྩལ་དཔལ་འབྱོར་ལ་དཔྱད་འཇོག་བྱེད་སྐབས་ཞིང་ལས་ལག་རྩལ་གྱི་བྱེད་ཐབས་དང་ལག་རྩལ་ཇུས་གཞིའི་དཔལ་འབྱོར་ཕན་འབྲས་ལ་ཚད་འཇལ་བྱེད་པའི་ཚད་གཞི་ཞིག་ཡིན། དམིགས་ཚད་རིགས་མི་འདྲ་བ་ཡིས་ཟུར་ཚད་མི་འདྲ་བ་དང་ཟུར་མི་འདྲ་བའི་ཐོག་ནས་དཔལ་འབྱོར་ཕན་འབྲས་ཀྱི་ཆེ་ཆུང་མཚོན་ཡོད་ལ། དེ་དག་ཕན་ཚུན་བར་འབྲེལ་བ་ལྡན་ཞིང་ཕན་ཚུན་བར་ཁ་གསབ་བྱེད་ཀྱི་ཡོད་པ་དང་། དེ་ལས་གྲུབ་པའི་དམིགས་ཚད་མ་ལག་ཁྲོད་གཙོ་བོ་དཔལ་འབྱོར་ཕན་འབྲས་ཀྱི་དམིགས་ཚད་དང་དབྱེ་ཞིབ་དམིགས་ཚད། དམིགས་ཡུལ་དམིགས་ཚད་བཅས་རིགས་གསུམ་ཚུད་ཡོད།
དཔལ་འབྱོར་ཕན་འབྲས་ཀྱི་དམིགས་ཚད།
དེ་ནི་དམིགས་ཚད་གཙོ་བོ་ཡིན་ཞིང་། དེས་དཔལ་འབྱོར་བྱེད་སྒོའི་ཁྲོད་ཀྱི་ངལ་རྩོལ་ཟད་གྲོན་བཏང་བ་དང་ཕན་འབྲས་བར་གྱི་འབྲེལ་བ་མཚོན་པ་སྟེ། ངལ་རྩོལ་ཐོན་སྐྱེད་ལས་ཆོད་དང་དངོས་པོ་ཟད་གྲོན་གྱི་ཕན་འབྲས། རྩིས་གཞི་རེའི་ཐོན་རྫས་ཀྱི་མ་གནས། མ་དངུལ་གྱིས་བཟུང་བའི་ཕན་འབྲས། མ་དངུལ་བཏང་བའི་ཕན་འབྲས་བཅས་དང་དེ་བཞིན་ཐོན་སྐྱེད་རྐྱང་བའི་རིན་ཐང (རྒྱལ་དམངས་ཡོང་འབབ)དང་ཁེ་སྤོགས། ཡོང་འབབརྐྱང་བ་སོགས་ཐོན་ཚད་ཆེ་ཆུང་ཁོ་ན་མཚོན་པ་ལས་རྩིས་གཞི་རེའི་རྒྱ་ཁྱོན་གྱི་ཐོན་ཚད་སོགས་ངལ་རྩོལ་ཟད་གྲོན་གྱི་དམིགས་ཚད་མཚོན་མེད་པས། དཔལ་འབྱོར་ཕན་འབྲས་ཀྱི་དམིགས་ཚད་དུ་བརྩི་མི་རུང་།
དམིགས་ཡུལ་གྱི་དམིགས་ཚད།
སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དཔལ་འབྱོར་གྱི་ཕན་འབྲས་ལ་དང་དོད་བྱེད་པའི་དམིགས་ཡུལ་རང་བཞིན་མཚོན་པར་བྱེད་པའི་ཁྲོད་གཙོ་བོ་ཐོན་སྐྱེད་བསྐྱར་མ་བྱེད་ནུས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་གསུམ་ཚུད་ཡོད། སྔོན་མ་གཉིས་ནི་དམིགས་ཡུལ་བར་མ་ཡིན་ཞིང་། དེར་རྨོ་ཞིང་སྤྱི་ཆིང་རེའི་སྤྱི་གསོག་མ་དངུལ་དང་རྩིས་གཞིའི་ས་རྒྱུའི་སྐྱེ་ལྡན་སྤུས་ཚད་འདུས་ཚད། མི་རེའི་ཆ་སྙོམས་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་སོགས་ཀྱི་དམིགས་ཚད་སྤྱོད་ཆོག་པ་དང་། ཕྱི་མ་དེ་མཐར་ཐུག་གི་དམིགས་ཡུལ་ཡིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་ཟོག་གི་ཚད་དང་མི་རེའི་ཆ་སྙོམས་ཐོན་རྫས་ཀྱི་བཟུང་ཚད། མི་རེའི་ཆ་སྙོམས་ཡོང་འབབ་སོགས་ཀྱི་དམིགས་ཚད་སྤྱད་ཆོག
དོན་དངོས་སུ་དཔྱད་འཇོག་བྱེད་སྐབས་སྤྱིར་བཏང་དུ་དཔྱད་འཇོག་བྱ་ཡུལ་གྱི་ཁྱད་ཆོས་དང་དགོས་མཁོ། སྒྲུབ་ཐུབ་མིན་ལ་གཞིགས་ཏེ་དམིགས་ཚད་གཙོ་བོ་ཉུང་ཤས་བདམས་ན་འགྲིག
དབྱེ་ཞིབ་ཀྱི་དམིགས་ཚད།
དེ་ནི་དཔལ་འབྱོར་ཕན་འབྲས་ཀྱི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཡིན་ལ་དེར་རྒྱུ་རྐྱེན་གྱི་དམིགས་ཚད་ཀྱང་ཟེར་ཞིང་། རིགས་གཉིས་པ་གསུམ་དུ་དབྱེ་ཆོག་སྟེ། གཅིག་ནི་ཐོན་སྐྱེད་ཆ་རྐྱེན་གྱི་དམིགས་ཚད་ཡིན་པ་དང་། དེས་འབྲེལ་ཡོད་ཀྱི་རང་བྱུང་དང་དཔལ་འབྱོར་གྱི་ཆ་རྐྱེན། སྲིད་ཇུས་ཀྱི་རྒྱུ་རྐྱེན་བཅས་མཚོན་པ་སྟེ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་དང་ཆར་ཆུ་འབབ་ཚད། སད་མེད་པའི་དུས་སྐབས། མི་འབོར། ངལ་རྩོལ་ནུས་ཤུགས། ས་ཞིང་། ཞིང་ལས་ཡོ་ཆས། ཆུ་བེད་སྒྲིག་བཀོད། ལུད་འཇོག་པའི་ཆུ་ཚད། རྒྱལ་ཁབ་ཀྱི་འཆར་གཞིའམ་གན་རྒྱའི་གཏན་འབེབས་ཚད། རིན་གོང་། ཁྲལ་ཚད། སྐྱེད་ཀའི་ཚད། དངོས་ཟོག མ་དངུལ་མཁོ་འདོན་བྱེད་ཚད་སོགས་ཡིན། གཉིས་ནི་དཔལ་འབྱོར་དབྱེ་ཞིབ་ཀྱི་དམིགས་ཚད་ཡིན། དེས་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྒྲིག་འཛུགས་དང་བེད་སྤྱོད་བྱེད་པའི་གནས་ཚུལ་དང་མཇུག་འབྲས་མཚོན་པ་སྟེ། དེ་དང་དཔལ་འབྱོར་ཕན་འབྲས་ཀྱི་དམིགས་ཚད་བར་གྱི་ཁྱད་པར་ནི་དེས་དཔལ་འབྱོར་བྱེད་སྒོའི་ཕན་འབྲས་དང་ངལ་རྩོལ་ཟད་གྲོན་བཏང་བའི་ཕྱོགས་གཉིས་ལས་ཕྱོགས་གཅིག་ཁོ་ན་ཙམ་མཚོན་པ་དང་། དེ་མིན་ཐོན་སྐྱེད་གྲུབ་ཚུལ་གྱི་གནས་ཚུལ་ཡང་མཚོན་ཡོད། དེའི་ཁྲོད་ངལ་རྩོལ་གྲུབ་འབྲས་མཚོན་པའི་དམིགས་ཚད་ལ་ཐོན་ཚད་དང་ཐོན་རྫས་ཀྱི་རིན་ཐང་། ཐོན་རྫས་ཀྱི་སྤུས་ཚད་སོགས་ཡོད་པ་དང་། ངལ་རྩོལ་དང་དངོས་ཟོག མ་དངུལ་བཅས་ཀྱི་ཟད་གྲོན་མཚོན་པའི་དམིགས་ཚད་ལ་སྤྱི་ཆིང་གི་ལས་དུས་ཟད་གྲོན་དང་སྤྱི་ཆིང་གི་ལུད་རྫས་སྤྱོད་ཚད། སྤྱི་ཆིང་གི་མ་གནས་སོགས་ཡོད། ས་ཞིང་དང་ངལ་རྩོལ་ནུས་ཤུགས། དངོས་ཟོག མ་དངུལ་བཅས་འཛིན་བཟུང་དང་བེད་སྤྱོད་བྱས་ཚུལ་མཚོན་པའི་དམིགས་ཚད་ལ་སྤྱི་ཆིང་གིས་ལས་ཀ་བྱས་པའི་ངལ་རྩོལ་ནུས་གྲངས་དང་སྤྱི་ཆིང་གི་རྟ་ཤུགས་ཀྱི་གྲངས་འབོར། ས་ཞིང་སྤྱོད་ཚད་སོགས་ཡོད། ཐོན་སྐྱེད་གྲུབ་ཚུལ་གྱི་གནས་ཚུལ་མཚོན་པའི་དམིགས་ཚད་ལ་ལོ་ཏོག་འདེབས་ཁྱོན་གྱི་བསྡུར་ཚད་དང་ཕྱུགས་ཁྱུའི་བསྡུར་ཚད། སྡེ་ཁག་གི་མ་འཇོག་བསྡུར་ཚད། སྡེ་ཁག་གི་ཐོན་རྫས་རིན་ཐང་གི་བསྡུར་ཚད་སོགས་ཡོད། གསུམ་ནི་ལག་རྩལ་དབྱེ་ཞིབ་ཀྱི་དམིགས་ཚད་ཡིན་པ་དང་། དེས་ལག་རྩལ་མི་འདྲ་བ་སྤྱད་དེ་ཞིང་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་ཀྱི་དགོས་མཁོ་ངེས་ཅན་ཞིག་གི་བློ་ཡིད་ཚིམ་ཚད་ཀྱི་ཚད་སྟེ་ལག་རྩལ་གྱི་ཕན་ནུས་རང་བཞིན་མཚོན་ཡོད་དེ། ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་འཕར་ཚད་དང་སྤུས་ཚད་ཀྱི་རིམ་པ་མཐོ་རུ་འགྲོ་ཚད། ལོ་ཏོག་གི་སོན་རིགས་ཀྱི་ལྡོག་འགོག་རང་བཞིན་གྱི་འཕར་ཚད། ཞིང་སྨན་གྱི་འབུ་གསོད་པའི་ཚད། ནགས་སྐྲུན་གྱི་གསོན་ཚད་སོགས་ལྟ་བུ་རེད།
དབྱེ་ཞིབ་བྱེད་པའི་སྔོན་འགྲོའི་འོག་ཏུ་གྲངས་རིག་ཐབས་ཤེས་དང་ལག་རྩལ་ཇུས་གཞི་ལ་ཚད་འཛིན་དབྱེ་ཞིབ་བྱེད་པ་ཉེར་སྤྱོད་བྱས་ཆོག་ལ། གྲངས་རིག་གི་ཐབས་ཤེས་གཙོ་བོར་མཐའ་མཚམས་དབྱེ་ཞིབ་བྱེད་ཐབས་དང་ཕྱིར་ལོག་དབྱེ་ཞིབ་བྱེད་ཐབས། ཐོན་སྐྱེད་རྟེན་འབྱུང་གྲངས་དབྱེ་ཞིབ་བྱེད་ཐབས། ཐིག་གཤིས་འཆར་འགོད་དབྱེ་ཞིབ་བྱེད་ཐབས་སོགས་ཡོད། དེ་ཡང་ལག་རྩལ་ཇུས་གཞི་མི་འདྲ་བའི་དཔྱད་འཇོག་དང་ལེགས་འདེམས་ལ་སྤྱིར་བཏང་དུ་ཞིབ་བསྡུར་དབྱེ་ཞིབ་བྱེད་ཐབས་སྤྱད་ཆོག་པ་དང་། དེའི་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ནི་ཕྱོགས་བསྡུས་དཔྱད་བརྗོད་བྱེད་ཐབས་ཡིན། དེའི་བཟང་ཆ་ནི་སྟབས་བདེ་ཞིང་སྤྱོད་བདེ་བ་དང་། དམིགས་ཚད་སོ་སོའི་གྲངས་ཚད་བྱེ་བྲག་དེ་སྐར་གྲངས་རྒྱག་པའི་ཐབས་ལ་བརྟེན་ནས་གྲངས་ཐང་ཞིག་ཏུ་ཕྱོགས་བསྡུས་བྱས་ཏེ། སྤྱིའི་ཆ་ནས་ཇུས་གཞི་མི་འདྲ་བའི་བཟང་ངན་ལ་རགས་བསྡུས་རང་བཞིན་གྱི་དཔྱད་འཇོག་བྱེད་ཐུབ།