མ་ལེ་སྐད་ནི་གླིང་ཕྲན་ལྷོ་མའི་སྐད་ཁོངས་ཀྱི་ཧིན་རྡུ་ཉི་ཞི་ཡའི་སྐད་རིགས་སུ་གཏོགས་ཤིང་། མ་ལེ་ཞི་ཡ་དང་སིང་ཀ་ཕོར། པུ་རུ་ནེ། ཐེ་ལན་གྱི་ལྷོ་རྒྱུད། དེ་བཞིན་ཧིན་རྡུ་ཉི་ཞི་ཡའི་སུའུ་མོན་ཏ་ལ་དང་། ལིའོ་ནེ། ལིན་ཅའི་གླིང་ཕྲན་ཁག་ཏུ་ཁྱབ་ཡོད། སྤྱོད་མཁན་མི་གྲངས་དུང་ཕྱུར2དང་ཁྲི8ལྷག་ཡོད་ཅིང་། འཛམ་གླིང་ཐོག་གི་སྐད་བརྡ་ཆེ་གྲས་ཨང་བདུན་པ་ཡིན།
སྤྱི་ལོའི་དུས་རབས7པར། ལེགས་སྦྱར་སྐད་ཀྱི་གཡར་ཚིག་མང་བོ་འདུས་པའི་གནའ་བོའི་མ་ལེ་སྐད་ནི་ནན་སུའུ་མོན་ཏ་ལ་ས་ཁུལ་དུ་བྱུང་བ་དང་། དེ་ནི་ས་གནས་དེ་གར་རྒྱ་ཁྱབ་ཏུ་སྤྱོད་པའི་ཚོང་ལས་ཀྱི་སྐད་ཆ་ཞིག་ཡིན། དུས་རབས14བའི་རྗེས་སུ་མ་ལེ་ཞི་ཡ་དང་ཅ་ཁར་ཐ། ཨན་ཝུན་སོགས་ས་ཁུལ་གྱི་ཡུལ་སྐད་བྱུང་བ་དང་། དུས་མཚུངས་སུ་ད་དུང་ཁྲོམ་རའི་མ་ལེ་སྐད་ཀྱང་བྱུང་བ་རེད། དེ་ནི་ཟོར་ཡང་བའི་མ་ལེ་སྐད་ཡིན་པ་དང་ལྷོ་རྒྱ་མཚོའི་གླིང་ཚོམ་དུ་ཁྱབ་ཡོད། མ་ལེ་ཞི་ཡའི་དེང་རབས་ཀྱི་ཚད་ལྡན་མ་ལེ་སྐད་ལ་མ་ལེ་ཞི་ཡའི་སྐད་ཅེས་ཀྱང་འབོད་གྱིན་ཡོད་དེ། དེ་ནི་གཞི་རྩའི་ཐ་སྙད་ཁག་ཅིག་དང་སྐད་གདངས་ཁག་ཅིག དེ་བཞིན་རྣམ་པ་ཁ་ཤས་དང་ཚིག་གྲུབ་ཀྱི་ཁྱད་ཆོས་ཐད་ཧིན་རྡུ་ཉི་ཞི་ཡའི་སྐད་དང་ཁྱད་པར་ཡོད་དེ། མ་ལེ་སྐད་ལ་དབྱངས་རྐྱང་བ6དང་། དབྱངས་ཡིག་གཉིས་ཅན3 གསལ་བྱེད24(དེའི་ནང་གི་དྲུག་ནི་ཕྱི་ཡོང་སྐད་ཀྱི་གསལ་བྱེད་ཡིན)བཅས་ཡོད། གཡར་ཚིག་མང་ཆེ་བ་ནི་ལེགས་སྦྱར་སྐད་དང་ཨ་རབ་ཀྱི་སྐད་ལས་བྱུང་བ་ཡིན་ཞིང་། མིང་མང་ཆེ་བ་ནི་སྒྲ་ཚིགས་གཉིས་ཀྱི་མིང་གཞི་ལས་གྲུབ་པ་དང་། སྔ་ཕྱི་བར་གསུམ་གྱི་མིང་ལས་གྲུབ་པའམ་བརྡ་སྤྲོད་ཀྱི་དོན་སྙིང་འགའ་མཚོན་ཡོད། མིང་ཚིག་ལ་ཕོ་མོ་མ་ནིང་གི་ཁྱད་པར་དང་། གྲངས། རིམ་པ་བཅས་ཀྱི་འགྱུར་ལྡོག་མེད་ཅིང་། བསྐྱར་རྩེག་ཐབས་ཀྱིས་མང་ཚིག་གྲུབ་པ་དང་བརྡ་སྤྲོད་གཞན་གྱི་དོན་སྙིང་མཚོན་ཐུབ། ཚིག་གྲུབ་ཀྱི་འབྲེལ་བ་ནི་བྱེད་ལས་ཀྱི་མིང་དང་ཐ་སྙད་ཀྱི་གོ་རིམ་གྱིས་མཚོན་པ་ཡིན། ཚིག་གི་རྩ་བའི་གྲུབ་ཚུལ་ནི་གཙོ་ཚིག་དང་རྗོད་ཚིག ཡུལ་ཚིག་གསུམ་གྱིས་གྲུབ་པ་དང་། ཁྱད་ཆོས་སྟོན་པའི་ཚིག་དེ་མིང་ཚིག་གི་རྗེས་སུ་འཇོག་པ་དང་། བྱེད་ཚུལ་སྟོན་པའི་སྒྲ་དེ་བྱ་ཚིག་གི་རྗེས་སུ་འཇོག་པ་ཡིན། མ་ལེ་སྐད་ཀྱི་ཐོག་མའི་བཀོལ་སྤྱོད་དེ་རྒྱ་གར་གྱི་ཕ་ལ་ཝའི་ཡི་གེ་ལས་བྱུང་བ་དང་། དུས་རབས14བའི་རྗེས་སུ་ཀྲྭ་ཝེ་ཡི་གེ་དང་ཨ་རབ་ཡི་གེས་བྲིས་པའི་མ་ལེ་ཡི་གེ་སྤྱད་པ་རེད། དུས་རབས19བའི་དུས་མཇུག་ཏུ་དབྱིན་ཇི་བས་ཨ་རབ་ཀྱི་གསལ་བྱེད་དེ་ལ་ཏིང་གསལ་བྱེད་དུ་བསྒྱུར་ཅིང་། སྤྱི་ལོ1904ལོའི་རྗེས་སུ་མ་ལེ་ཡ་རུ་ལ་ཏིང་གསལ་བྱེད་ཀྱིས་བྲིས་པའི་དེང་རབས་ཀྱི་མ་ལེ་སྐད་ཁྱབ་སྤེལ་བྱས།
མ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞི་ཡ། པུ་རུ་ནེ་བཅས་ཀྱིས་ཐུན་མོང་ཐོག་གྲོས་མཐུན་བྱུང་བར་གཞིགས་ན། མ་ལེ་སྐད་ཀྱིས་ལེའོ་ནེ་མ་ལེ་སྐད(མ་ལེ་ཞི་ཡའི་རོའུ་ཧྥོ་ཀྲོའུ་དང་ཧིན་རྡུ་ཉི་ཞི་ཡའི་ལེའོ་ནེ་ཡི་ལིན་ཅ་གླིང་ཚོམ་དུ་སྤྱོད་པ)དེ་ཚད་ལྡན་གྱི་སྐད་དུ་བརྩི་བཞིན་ཡོད།
མ་ལེ་ཞི་ཡར་མ་ལེ་སྐད་ལ“Bahasa Melayu(མ་ལེ་སྐད་དུMalay language)”དང་ཡང་ན“Bahasa Malaysia(མ་ལེ་ཞི་ཡའི་སྐད་དུMalaysian language)ཞེས་འབོད་ཀྱིན་ཡོད། “མ་ལེ་ཞི་ཡའི་སྐད་ཆ”ནི་མ་ལེ་ཞི་ཡའི་སྲིད་གཞུང་གིས་སྤྱི་ལོ1967ལོའི《རྒྱལ་ཁབ་ཀྱི་སྐད་ཆའི་ཁྲིམས་གཞི》(National Language Act)ནང་སྤྱད་པའི་ཐ་སྙད་ཅིག་ཡིན་ཞིང་། སྤྱི་ལོ1990ལོའི་ཡར་སྔོན་དུ“མ་ལེ་ཞི་ཡའི་སྐད་ཆ”ནི་རྒྱུན་དུ་མ་ལེ་སྐད་སྟོན་པའི་མིང་ཞིག་ཡིན། འོན་ཀྱང་སྤྱི་ལོ1990ལོའི་རྗེས་སུ་གཞུང་ཕྱོགས་ཀྱི་མི་སྣ་དང་སློབ་གླིང་གི་མཁས་དབང་གང་ཞིག་ཡིན་རུང་ཚང་མ་རིམ་བཞིན་མ་ལེ་སྐད་སྤྱོད་པར་ཕྱོགས་པ་སྟེ། དེ་ནི་མ་ལེ་སྐད་ཀྱི་པར་གཞིའི“མ་ལེ་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས”ནང་སྤྱོད་པའི་ཚིག་ཚོགས་ཏེ་མ་ལེ་སྐད་ལ་གོ་བ་ཡིན།
ཧིན་རྡུ་ཉི་ཞི་ཡར་རང་ཚུགས་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། རྣམ་པ་ག་གེ་མོའི་མ་ལེ་སྐད་དེ་གཞུང་ཕྱོགས་སྐད་དུ་བརྩིས་མོད། འོན་ཀྱང་དེརBahasa Indonesia(ཧིན་རྡུ་ཉི་ཞི་ཡའི་སྐད)ཞེས་འབོད་ཅིང་། པུ་རུ་ནེ་དང་སིང་ཀ་ཕོར་ལ་མཚོན་ན། ཁོ་ཚོས་སྤྱོད་པའི་མ་ལེ་སྐད་ནི“Malay(མ་ལེ་སྐད)དང་ཡང་ནBahasa Melayu(མ་ལེ་སྐད)ཞེས་སྟབས་བདེའི་ངང་འབོད་ཀྱིན་ཡོད།
“མ་ལེ་སྐད”དང“ཧིན་རྡུ་ཉི་ཞི་ཡའི་སྐད”གཉིས་ཀྱི་ཁྱད་པར་ནི་ཆབ་སྲིད་སྟེང་གི་རྒྱུ་རྐྱེན་ལ་བརྟེན་པ་ལས་སྐད་བརྡ་རིག་པའི་སྟེང་ནས་བསམ་བློ་བཏང་བ་ཞིག་མིན་ཏེ། སྐད་རིགས་དེ་གཉིས་སྤྱོད་མཁན་རྣམས་ཀྱིས་ཕལ་ཆེར་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་མོད། འོན་ཀྱང་མིང་ཚིག་མི་ཉུང་བ་ཞིག་རྦད་དེ་གཅིག་མཚུངས་ཡིན་པའི་ངེས་པ་མེད། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི་མ་ལེའི་ཡུལ་སྐད་ཕན་ཚུན་བར་དེ་ལས་ལྡོག་སྟེ་ཕན་ཚུན་བར་རྦད་དེ་འབྲེལ་འདྲིས་བྱེད་ཐབས་བྲལ་བ་སྟེ། དཔེར་ན། མ་ལེའི་མི་མང་བོ་ཞིག་ལ་མཚོན་ན། ཁོ་ཚོས་ཅི་ལན་སྐདKelantaneseཀྱི་སྒྲ་གདངས་ལ་གོ་བ་ལེན་དཀའ་ཞིང་། དེ་མིན་ཧིན་རྡུ་ཉི་ཞི་ཡའི་ཀྲ་ཝའི་མ་ལ་སྐདJavanese Malayལ་དམིགས་བསལ་གྱི་ཐ་སྙད་མང་བོ་ཡོད་པ་དང་། མ་ལེ་སྐད་ལ་ཆ་རྒྱུས་ཡོད་པའི་མ་ལེ་བས་ཀྱང་ཐ་སྙད་དེ་དག་གི་ནང་དོན་ཡོངས་སུ་རྟོགས་མི་ཐུབ།
སྐད་བརྡ་རིག་པའི་མཁས་ཅན་དག་གིས་མ་ལེ་སྐད་དང་དེ་དང་འདྲ་བའི་སྐད་བརྡ་ཁ་ཤས་མ་ལེ་སྐད་ཀྱི་ཚོགས་སྤྱིར(Malayic languages)བཅུག་ཡོད་དེ། མི་ཁ་ཤས་ཀྱིས་སྐད་ཆ་དེ་དག་ནི་ལོ་རྒྱུས་སྟེང་གི་ཕོ་ལོ་གླིང་ནུབ་རྒྱུད་ཀྱི་སྐད་རིགས་ག་གེ་མོ་ཞིག་འཕེལ་རྒྱས་བྱུང་བ་ལས་གྲུབ་པར་འདོད་ཅིང་། ཆེས་སྔ་བའི་མ་ལེ་སྐད་ཀྱི་རྗེས་ཤུལ་ནི་སྤྱི་ལོའི་དུས་རབས7པའི་གྲུ་ཁ་ཆེན་པོ་དང་དེའི་མཐའ་འཁོར་ས་ཁུལ་དུ་བྱུང་བ་དང་། ཧྲི་ལི་ཧྥོ་ཧྲིས་བཞག་པའི་རྡོ་རིང་གི་ཡི་གེ་འགའ་ལས་གསར་རྙེད་བྱུང་། ཧྲི་ལི་ཧྥོ་ཧྲིས་ཕྱི་ཕྱོགས་རྒྱ་བསྐྱེད་པ་དང་བསྟུན་ནས་མ་ལེ་སྐད་དེ་སྐབས་དེའི་ནན་དབྱང་གླིང་ཚོམ་གྱི་ཚོང་ལས་འགྲོ་འོང་གི་སྤྱི་སྐད་ཅིག་ཏུ་གྱུར་ཡོད།
དུས་རབས15བའི་དུས་མགོར་ཧྲི་ལི་ཧྥོ་ཧྲིའི་རྒྱལ་རྒྱུད་ཀྱིས་མ་ལེ་ཕྱེད་གླིང་དུ་མ་ལིའུ་ཅ་རྒྱལ་རབས་བཙུགས་པ་དང་། མ་ལིའུ་ཅ་ཕོ་བྲང་གི་མ་ལེ་སྐད་ནི་སྐབས་དེའི་མ་ལེ་སྐད་ཀྱི་དཔེ་མཚོན་ཡིན་ཞིང་། དེ་རྨང་གཞི་བྱས་ཏེ་གྲོང་སྐད་དང་ཕྱི་ཡོང་སྐད་མང་བོ་བསྡུ་ལེན་བྱས་པའི་མ་ལེ་སྐད་ལ་ཁྲོམ་རའི་མ་ལེ་སྐད་ཟེར། དེ་མ་ལེའུ་ཅའི་ངོགས་གཉིས་སུ་ཁྱབ་པ་མ་ཟད། ལྷོ་རྒྱ་མཚོ་ཡོངས་སུ་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བྱུང་ཡོད། རོའུ་ཧྥོ་རྒྱལ་རབས་ནི་མ་ལེའུ་ཅའི་རྒྱལ་རབས་ཀྱི་རྒྱུན་འཛིན་པ་ཡིན་པ་དང་། དབང་སྒྱུར་དུས་སྐབས་སུ་ལིའོ་ནེ་དང་ལིན་ཅ་གླིང་ཚོམ་ས་ཁུལ་དེ་མ་ལེ་མིའི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་སུ་གྱུར་ཅིང་། མ་ལིའུ་ཅ་མ་ལེ་སྐད་ལ་ལིའོ་ནེ་མ་ལའེ་སྐད་ཅེས་འབོད།
ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡ་གཉིས་རང་ཚུགས་བྱུང་རྗེས་ལེའོ་ནེ་མ་ལེ་སྐད་དེ་རྨང་གཞིར་བྱས་ནས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྐད་གྲུབ་པ་རེད།
མ་ལེ་སྐད་དང་ཧིན་ཉིའི་སྐད་ཀྱི་ཁྱད་པར།
མ་ལེ་སྐད་དང་ཧིན་རྡུ་ཉི་ཞི་ཡའི་སྐད་བར་གྱི་ཁྱད་པར་ནི་དབྱིན་ཇིའི་དབྱིན་ཡིགBritish Englishདང་ཨ་རིའི་དབྱིན་ཡིགAmerican Englishབར་གྱི་ཁྱད་དང་འདྲ་ཞིང་། སྐད་རིགས་དེ་གཉིས་སྤྱོད་མཁན་ཀྱིས་གཞི་རྩའི་ཐོག་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་ལ། ཡིག་འབྲིའི་མ་ལག་གི་སྒྲ་སྦྱོར་དང་མིང་ཚིག་སྟེང་ཁྱད་པར་ཅུང་ཙམ་ཡོད་པ་མ་གཏོགས་ཁྱད་པར་གཞན་མེད་དེ། ཁྱད་པར་དེ་རིགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཧིན་ཉིའི་སྐད་ཀྱིས་ཀྲྭ་ཝ་སྐད་དང་ཧོ་ལན་སྐད་ཀྱི་ཁྲོད་ནས་ཐ་སྙད་མང་བོ་ཞིག་གཡར་བས་ཡིན་ལ། དཔེར་ན། མ་ལེ་སྐད་ཀྱི“སྦྲག་ཁང(post office)ནི“pejabat pos”ཡིན་ཞིང་། ཡིན་ཡང་དབྱིན་ཉིའི་སྐད་ཀྱི“སྦྲག་ཁང”ནི“kantor pos”ཡིན་ལ། འདི་ནི“kantoor”ཞེས་པའི་ཧོ་ལན་སྐད་ཀྱི“གཞུང་ལས་ཁང(ofice)”ནས་བྱུང་བའི་ཐ་སྙད་ཅིག་ཡིན།
དུས་རབས20བའི་སྔོན་ལ་མ་ལེའི་མི་མང་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་ཀྱིན་ཡོད་པས། ཁོ་ཚོསJawiཞེས་པའི་བཅོས་བསྒྱུར་རྣམ་པའི་ཨ་རབ་ཀྱི་ཡིག་འབྲིའི་མ་ལག་ཅིག་སྤྱད་དེ་བྲིས་ཤིང་། དེའི་རྗེས་སུRumiཟེར་བའི་ལ་ཏིང་ཡི་གེའི་ཡིག་འབྲིའི་མ་ལག་གཞན་ཞིག་གིས་རིམ་བཞིན་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱིJawiཡི་གོ་གནས་ཀྱི་ཚབ་བྱས་པ་རེད། མ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞི་ཡའི་ཡིག་འབྲིའི་མ་ལག་ཐད་ཀྱི་ཁྱད་པར་ལས་སྐབས་དེ་དུས་ས་ཆ་གཉིས་ལ་དབང་སྒྱུར་བྱེད་མཁན་མི་སེར་སྤེལ་བའི་སྲིད་གཞུང་མི་འདྲ་བ་སྟེ། དབྱིན་ཇིའི་མི་སེར་སྤེལ་བའི་སྲིད་གཞུང་དང་ཧོ་ལན་གྱི་རྒྱ་གར་ཤར་མའི་ཀུང་སིའི་ཡིག་འབྲིའི་མ་ལག་ཐད་ཀྱི་ཧེ་བག་མཚོན་ཡོད།