ཆགས་པ་གང་བྱུང་སྤྱད་དྲགས་པ་དང་མངར་སྐྱུར་གྱི་ཟས་སྐོམ་བསྟེན་དྲགས་པ་དང་། ཡང་ན་ནད་གཞན་བྱེར་བ་བཅས་ཀྱིས་སློང་གི་ཡོད་པ་རེད།
ཚ་ཤས་ཆེ་ན་གཅིན་པ་གཏོང་དུས་ཆུ་ཁར་ཚ་ཤར་རྒྱག་པ་དང་། ཡང་ན་ཁྲག་དོན་ནས་མི་བཟོད་པ་ན་བ། ནད་ཚབས་ཆེ་སྐབས་ཁྲག་དང་མཉམ་དུ་རྒྱུས་པ་སྲིན་སྐུད་ནང་ལྟར་དོན་ཡོང་ནས་བཟོད་གླགས་མེད་པའི་ན་ཟུག་ཡོད་པ། གཅིན་ལམ་དམར་སྦོས་ཆགས་པ་དང་། ཉིན་ལྟར་སྔ་དྲོ་ལངས་སྐབས་གཅིན་ལམ་གྱི་ཁ་ལ་རྣག་ཤུན་ཆགས་ནས་ཁ་འབྱར་བའི་སྣང་ཚུལ་ཡང་ཡོད་པ། རྩ་ཆུར་ཚ་རྟགས་དང་གཉན་ཤས་ཆེ་བ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།
གྲང་ཤོས་ཆེ་ན་གྲང་བ་དཀར་པོ་འཛག་ཆེ་བ་དང་། སྐབས་འགར་གཅིན་པ་དང་ས་བོན་འདྲེས་ནས་ཉོག་པོར་དོན་པ། ལུས་སྟོབས་ཞན་པ་དང་དམར་འཐོམ་ལངས་ཤིང་མགོ་ཡུ་འཁོར་བ། གདོང་མདོག་དང་ལུས་པོའི་ཤ་མདོག་སྐྱ་ལ་སེར་བ། རྐེད་པ་ན་ཞིང་ལུས་ཉོབ་པ། གཅིན་པ་ཉུང་ལ་གཏོང་ཐེབས་མང་བ། གཏོང་དུས་ཆུ་ཁ་ན་བ། ཡང་ན་གཅིན་པ་བཏང་ཚར་རྗེས་སུ་ཁྲག་ཐིགས་པ་ཁ་ཤས་རྒྱག་པ། ན་ཟུག་དེ་ཙམ་མེད་པ། ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་འབྲས་ཐོན་དཀའ་བ། འཕར་རྩའི་རྒྱུ་བ་བྱིང་ལ་ལྷོད་ཅིང་གྲངས་དལ་བ་དང་དྲི་ཆུའི་ནང་ས་བོན་འདྲེས་ནས་ཉོག་པོ་ཡོད་པ་བཅས་ཀྱི་མངོན་ཚུལ་ཡོད་པ་རེད།
རྒྱུན་དུ་ཁ་ཟས་རྗེན་པ་དང་མངར་སྐྱུར་གྱི་རིགས་ཟ་དྲགས་པ་དང་ལྷག་པར་གང་བྱུང་ལ་ཆགས་པ་སྤྱོད་པ་སོགས་བྱེད་རྒྱུ་མེད།
ཚ་ཤས་དང་གཉན་ཁ་ཡོད་པར་སྨན་སྐྱེར་ཤུན་བརྒྱད་པ་དང་པད་རག་མདོག་ལྡན། ཨ་བྲག་བཅུ་དགུ གཉན་ཤས་ཆེ་སྐབས་སྐྱེར་ཁྱུང་དང་སར་ཁྱུང་སོགས་གང་ལ་དེ་འཚམས་གྱིས་གཏོང་རྒྱུ་མ་ཟད། ཚབས་ཆེ་ན་དོམ་མཁྲིས་དང་ཤ་ཀམ་མ། ཧ་ལོའི་མེ་ཏོག་སོགས་ཁ་ཚར་ཐུན་བསྐྱེད་བྱས་ཆོག
གྲང་ཤས་ཆེ་བར་སེ་འབྲུ་ཉི་དཀྱིལ་དང་སེ་འབྲུ་དྭངས་གནས་འཇམ་འབྲས་བསྣན་པ། ཨ་རུ་བཅུ་བ། གོ་ཡུ་ཉེར་བརྒྱད། ཉི་ཟླ་གྱེན་ལྡོག་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བཏང་ཆོག་ཅིང་། མཇུག་ཏུ་རྒྱབ་ཀྱི་ཚིགས་པ་བཅུ་དགུ་པར་མེ་བཙའ་གདབ་ཆོག