མི་འབོར་སྐྱེ་ཁམས་རིག་པ་ནི་དུས་རབས་འདིའི་ལོ་རབས་དྲུག་ཅུ་བར་གཞི་ནས་བྱུང་བའི་རིག་ཚན་གསར་བ་ཞིག་ཡིན།“མིའི་རིགས་ཀྱི་སྐྱེ་ཁམས”ཞེས་པའི་ཐ་སྙད་དེ་ཐོག་མར་ཨ་རིའི་སྤྱི་ཚོགས་རིག་པ་བ་པོ་ཁུ་སོགས་ཀྱིས་སྤྱི་ལོ1921ལོར་བཏོན་པ་རེད། དུས་རབས20བའི་ལོ་རབས60བའི་རྗེས་སུ་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས། སྐྱེ་ཁམས་མ་ལག་གི་འབྲེལ་བར་དཔྱད་བསྡུར་བྱེད་པའི་ཆེད་དོན་དཔྱད་རྩོམ་མང་པོ་ཞིག་སྔ་རྗེས་སུ་སྤེལ་བ་དང་། ལོ་རབས70བའི་རྗེས་སུ་ཆེད་རྩོམ་མང་པོ་ཞིག་གིས་སྐྱེ་ཁམས་རིག་པ་དང་སྤྱི་ཚོགས་ཚན་རིག་བར་གྱི་འབྲེལ་བ་རྒྱས་བཤད་བྱས་ཡོད་པས། མཐའ་མཚམས་རིག་ཚན་འདི་རིམ་བཞིན་འཐུས་ཚང་དུ་སོང་བ་མཚོན་ཡོད།
དུས་རབས་འདིའི་ལོ་རབས50བ་ནས་བཟུང་། ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་མགྱོགས་མྱུར་བྱུང་བའི་དབང་གིས་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེ་དང་དུས་མཚུངས་སུ་འཛམ་གླིང་གི་མི་འབོར་མྱུར་ཏུ་འཕར་བ་དང་། ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆའི་དགོས་མཁོ་མྱུར་ཏུ་ཆེ་རུ་སོང་། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་དོ་མི་མཉམ་པ་དང་། ནུས་པ་ཉམས་པ། རང་ངོས་སྙོམས་སྒྲིག་བྱེད་ནུས་ཆེས་ཆེར་མར་ཆག་པ་བཅས་རེད། སྐྱེ་ཁམས་དོ་མཉམ་ལ་གཏོར་བརླག་ཐེབས་པ་རེད། སྦགས་བཙོག་གིས་རིམ་བཞིན་སྐྱེ་དངོས་ཀྱི་མུ་འཁྱུད་ཡོངས་ལ་ཁྱབ། འཛམ་གླིང་གི་ཁོར་ཡུག་གནད་དོན་ཆེན་པོ་བདུན་དང་སྤྱི་ཚོགས་ཀྱི་དཀའ་གནད་ཆེན་པོ་ལྔ་སྔ་རྗེས་སུ་ཐོན། དེའི་རྒྱུ་མཚན་ལ་ཞིབ་བཤེར་བྱེད་པ། ཆབ་སྲིད་སྒྲིག་སྲོལ་དང་། དཔལ་འབྱོར་སྒྲིག་སྲོལ། སྤྱི་ཚོགས་གྲུབ་ཚུལ་བཅས་དང་འབྲེལ་བ་ཡོད་པ་ཕུད། དེ་དག་ཚང་མ་མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་མཐུན་སྦྱོར་མིན་པ་དང་ཐད་ཀར་འབྲེལ་བ་ཡོད། དེའི་ཐོག་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མདུན་དུ་སྤྱི་ཚོགས་དང་རང་བྱུང་ཁམས། མི་འབོར་དང་ཁོར་ཡུག་བར་གྱི་འགལ་ཟླ་ཚབས་ཆེན་བྱུང་བའི་རྣམ་པ་ལྷགས་ཡོད་པ་གསལ་བོར་མཚོན་ཡོད། ཡིན་ནའང་ཁ་གཏད་དུ་ལངས་པའི་གནས་ཚུལ་ཚབས་ཆེན་དེ་རིགས་ནི་རང་བྱུང་ཁམས་ཀྱི་རྒྱུ་རྐྱེན་ལས་བྱུང་བ་ཞིག་མིན་པར། མིའི་རིགས་ཀྱི་ལུགས་དང་མི་མཐུན་པའི་བྱ་སྤྱོད་དང་རང་བྱུང་གི་ཆོས་ཉིད་དང་འགལ་བའི་སྐྱེ་ཁམས་བྱ་སྤྱོད་ཀྱིས་བཟོས་པ་ཞིག་རེད། གལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་སྔར་བཞིན་རང་བྱུང་ཁམས་ཆེན་མོར་དོ་སྣང་མ་བྱས་ཚེ། དེས་རང་ཉིད་ཀྱི་ཁྱིམ་གཞིས་བརླག་པ་ལས་གནོད་འཚེ་དེ་བས་ཆེ་བ་འཕྲད་སྲིད། སྟབས་ལེགས་པ་ཞིག་ལ་གནས་ཚུལ་དེ་རིགས་ལ་རྒྱལ་སྤྱིའི་རྩ་འཛུགས་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་། ཚན་རིག་ལག་རྩལ་ལས་རིགས་བཅས་ཀྱིས་དོ་སྣང་ཆེན་པོ་བྱས་ཏེ་མདུན་དུ་ལྷགས་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་སེལ་འགོ་ཚུགས་ཡོད། དེ་དང་འབྲེལ་བ་ཡོད་པའི་རིག་ཚན་གྱི་རྣམ་པའི་ཐོག་ནས་ཐོན་ཚེ་བརྒྱུད་རིམ་དེའི་ནང་ཞུགས་མཁན་གྱི་མི་འབོར་སྣོད་བཅུད་རིག་པ་ཡང་དེ་དང་བསྟུན་ནས་བྱུང་བ་རེད། གཞན་ཡང་དུས་རབས་འདིའི་ལོ་རབས50བ་ནས་བཟུང་། ཚན་རིག་གི་འཕེལ་རྒྱས་དེ་དབྱེ་ཞིབ་ནས་ཕྱོགས་བསྡུས་སུ་གྱུར་ཡོད། རང་བྱུང་ཚན་རིག་དང་། ལག་རྩལ་ཚན་རིག སྤྱི་ཚོགས་ཚན་རིག་བཅས་ཕན་ཚུན་སིམ་འཛུལ་དང་ཕན་ཚུན་སྣོལ་འདྲེས་བྱས་ཏེ་མཐའ་ཁུལ་གྱི་རིག་གཞུང་ཚན་ཁག་དང་། ཕྱོགས་བསྡུས་རིག་གཞུང་ཚན་ཁག འཕྲེད་ཕྱོགས་ཀྱི་རིག་གཞུང་ཚན་ཁག་བཅས་མང་པོ་ཐོན་ཡོད། དེའི་ནང་སྐྱེ་དངོས་རིག་པ་ནི་དུས་རབས19བའི་དུས་མཇུག་ནས་སྐྱེ་ཁམས་ཞིབ་འཇུག་བྱེད་འགོ་བརྩམས་ཏེ། རང་བྱུང་ཁམས་དང་སྐྱེ་དངོས་རིགས་ཤིག སྐྱེ་དངོས་ཁྱུ་ཚོགས། སྐྱེ་ཁམས་མ་ལག་བཅས་ཀྱི་གོ་རིམ་སོ་སོར་ཞིབ་འཇུག་བྱས་རྗེས། དུས་རབས་འདིའི་ལོ་རབས60བར་སླེབས་དུས། མིའི་རིགས་ཀྱིས་སྐྱེ་ཁམས་ལ་ཞིབ་འཇུག་བྱེད་པའི་དུས་རིམ་དུ་སླེབས་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་མི་འབོར་རིག་པས་ཀྱང་མིའི་རིགས་ཀྱི་སྣོད་བཅུད་གནད་དོན་དེ་རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་བཅུག་ཡོད། ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སྣོལ་འདྲེས་དང་གསར་གཏོད་བྱས་པ་བརྒྱུད་རང་ཚུགས་ཀྱི་རིག་ཚན་གསར་བ་དེ་བྱུང་བ་སྟེ། མི་འབོར་སྐྱེ་ཁམས་རིག་པ་དེ་བྱུང་བ་རེད།
མི་འབོར་སྐྱེ་ཁམས་རིག་པ་བྱུང་བའི་རྒྱབ་ལྗོངས་ལས་དེ་ནི་མིའི་རིགས་ཀྱི་ལག་ལེན་གྱི་དགོས་མཁོ་དང་ཚན་རིག་འཕེལ་རྒྱས་འགྲོ་བའི་ཐུན་མོང་གི་ཐོན་དངོས་ཤིག་ཡིན་པ་གསལ་བོར་མཚོན་ཡོད། མིའི་རིགས་ཀྱི་ལག་ལེན་གྱིས་མི་འབོར་སྐྱེ་ཁམས་རིག་པས་གཤམ་གསལ་གྱི་གནད་དོན་ལ་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་བྱེད་དགོས་པ་སྟེ། སྤྱི་ཚོགས་དང་རང་བྱུང་བར་དང་། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་ཇི་ལྟར་ཕན་ཚུན་འབྲེལ་བ་དང་། ཕན་ཚུན་ནུས་པ། ཕན་ཚུན་ཚོད་འཛིན་བཅས་བྱེད་པ་དང་། མཐའ་འཁོར་གྱི་ཁོར་ཡུག་རིམ་འགྱུར་གྱི་གཏན་ཚིགས་ནི་ཅི་ཞིག་ཡིན། མི་འབོར་གྱི་སྐྱེ་ཁམས་བྱ་སྤྱོད་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་ཇི་ལྟར་བྱས་ཚེ་ད་གཟོད་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཐུབ་པ་སོགས་ཡིན། འདི་དག་ཚང་མ་ནི་མི་འབོར་སྐྱེ་ཁམས་རིག་པའི་གཞུང་ལུགས་ཞིབ་འཇུག་ཐད་ཀྱི་གཞི་རྩའི་ལས་འགན་ཡིན། དེར་བརྟེན། མི་འབོར་སྐྱེ་ཁམས་རིག་པས་ཐོག་མར་དེ་དང་བསྟུན་པའི་སྤྱིར་བཏང་གི་བརྟག་ཐབས་སྨྲ་བའི་རྩ་དོན་དང་གཞུང་ལུགས་ཀྱི་རྩ་དོན་གཏན་འཁེལ་བྱས་ཚེ། ད་གཟོད་དེ་མཚུངས་ཀྱི་ཞིབ་འཇུག་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཐོབ་ཐུབ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག་མི་འབོར་དང་། སྐྱེ་ཁམས་ཁོར་ཡུག ཐོན་ཁུངས། དཔལ་འབྱོར། སྤྱི་ཚོགས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་གཞི་འཛིན་ས་དང་ལག་བསྟར་བྱེད་ཐབས་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། འབྲེལ་ཡོད་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་འཛུགས་སྐྱོང་སྔར་ལས་ལྷག་པ་བྱེད་པར་ལས་འགན་གཙོ་བོ་འདོན་སྤྲོད་བྱེད་ཐུབ། ཕྱི་མ་ནི་མི་འབོར་སྐྱེ་ཁམས་རིག་པའི་ཉེར་སྤྱོད་ཞིབ་འཇུག་ཐད་ཀྱི་ལས་འགན་ཡིན། མི་འབོར་སྐྱེ་ཁམས་རིག་པའི་ནུས་པ་ནི་དེས་ཐོབ་པའི་བསྡོམས་ཚིག་དེ་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོ་སོར་ཐོབ་པའི་བསྡོམས་ཚིག་གི་ཟམ་པ་བྱས་ཏེ། སྤྱི་ཚོགས་དང་རང་བྱུང་ཁམས་བར་དང་། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་བ། ཕན་ཚུན་ནུས་པ་ཐོན་པ། ཕན་ཚུན་ཤུགས་རྐྱེན་ཐེབས་པ། ཕན་ཚུན་ཚོད་འཛིན་བྱེད་པ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན་བྱས་ཏེ། མིའི་རིགས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ། སྤྱི་ཚོགས་དང་རང་བྱུང་ཁམས་བར་དང་། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱ་དགོས། མི་འབོར་ནི་སྤྱི་ཚོགས་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བའི་བྱ་ཡུལ་དང་གྲུབ་ཆ་གཙོ་བོ་ཡིན་ལ། སྤྱི་ཚོགས་དང་རང་བྱུང་། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་ཕན་ཚུན་ནུས་པ་ཐོན་པའི་བརྒྱུད་རིམ་ཁྲོད་ཀྱི་ཁ་གཏད་ས་དང་གྲུབ་ཆ་གཙོ་བོའང་ཡིན། མིག་སྔར་སྤྱི་ཚོགས་དང་རང་བྱུང་། མི་འབོར་དང་སྐྱེ་ཁམས་ཁོར་ཡུག་བར་འགལ་བ་ཚབས་ཆེན་བྱུང་བ་དང་། འགལ་བ་ཛ་དྲག་ཏུ་འགྲོ་བའི་རྣམ་པ་མངོན་ཡོད། དེ་ནི་མིའི་རིགས་ཀྱི་འདོད་རྔམ་དང་ལུགས་མཐུན་མིན་པའི་བྱ་འགུལ་གྱིས་བཟོས་པ་རེད། མི་འབོར་སྐྱེ་ཁམས་རིག་པའི་དམིགས་ཡུལ་ནི་ཕན་ཚུན་གྱི་འགལ་བ་དང་ཕན་ཚུན་འགལ་ཟླར་གྱུར་པའི་རྒྱུ་རྐྱེན་དང་ཁེ་གྱོང་གི་འབྲེལ་བ་དེ་དག་གཅིག་སྡུད་བྱས་ཏེ་ཞིབ་ལྟ་དང་། དབྱེ་ཞིབ། དབྱེ་འབྱེད་བཅས་བྱེད་པར་མ་ཟད། རྨང་གཞི་དེའི་སྟེང་མིའི་རིགས་རང་ངོས་ཀྱི་བྱེད་སྒོ་དང་སྐྱེ་ཁམས་བྱ་སྤྱོད་ལེགས་སྒྲིག་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་དང་མི་འབོར་འཕེལ་རྒྱས་གཏོང་ཆེད་སྔར་བས་འཚམ་པའི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཚུལ་ཞིག་གཏོད་རྒྱུ་དེ་ཡིན།
རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཡིན། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡིན་ལ། རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས། བསམ་གཞིགས་ཀྱི་འགུལ་སྐྱོད་བཅས་ཀྱི་ཆེས་སྤྱིར་བཏང་གི་ཆོས་ཉིད་ཀྱི་ཚན་རིག་ཀྱང་ཡིན། རིག་གཞུང་ཚན་ཁག་གང་ཞིག་ལ་ཞིབ་འཇུག་བྱེད་སྐབས་ཚང་མ་སློབ་སྟོན་གྱི་བསམ་བློར་འཛིན་དགོས་པར་མ་ཟད། ལག་ལེན་དངོས་ཀྱི་ནང་འཕེལ་རྒྱས་ཀྱང་གཏོང་དགོས། མི་འབོར་སྐྱེ་ཁམས་རིག་པའི་རིག་ཚན་གྱི་ཁྱད་ཆོས་ཐོག་ནས་བལྟས་ན། དེ་ནི་ལྟ་ཞིབ་རང་བཞིན་གྱི་རིག་ཚན་ཞིག་ཡིན་ལ། ཚོད་ལྟའི་རང་བཞིན་གྱི་རིག་ཚན་ཞིག་ཀྱང་ཡིན། མི་འབོར་སྐྱེ་ཁམས་རིག་པའི་ཞིབ་འཇུག་ལ་དེ་དང་མཐུན་པའི་བྱེད་ཐབས་སྤྱོད་དགོས། ཞིབ་འཇུག་བྱེད་དུས་བརྟག་དཔྱད་དང་ལྟ་ཞིབ་བྱེད་ཐབས་སྤྱོད་པའམ། ཡང་ན་ཚོད་ལྟའི་བྱེད་ཐབས་སྤྱོད་པ་གང་ཡིན་རུང་། ཚང་མས་ངོ་བོ་གཏན་ཁེལ་གྱི་ཞིབ་འཇུག་དང་གྲངས་ཚད་གཏན་ཁེལ་གྱི་ཞིབ་འཇུག འགུལ་མེད་ཀྱི་ཞིབ་འཇུག་དང་འགུལ་རྣམ་གྱི་ཞིབ་འཇུག ཆ་ཤས་ཞིབ་འཇུག་དང་སྤྱི་ཡོངས་ཀྱི་ཞིབ་འཇུག དུས་རིམ་གྱི་རང་བཞིན་ལྡན་པའི་ཞིབ་འཇུག གོ་རིམ་ཡོངས་ཀྱི་ཞིབ་འཇུག་བཅས་ཟུང་འབྲེལ་བྱས་ཚེ། གཞི་ནས་ཞིབ་འཇུག་གི་གྲུབ་འབྲས་ལ་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པའི་ཐད་ཀྱི་ཉེར་སྤྱོད་རིན་ཐང་ལྡན་པ་བྱེད་ཐུབ།ཞིབ་འཇུག་གི་གྲུབ་འབྲས་ལ་རིག་ཚན་འདིར་ལྡན་དགོས་པའི་ཁྱོན་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། མཐུན་སྦྱོར་རང་བཞིན། འཐབ་ཇུས་རང་བཞིན། ཚན་རིག་རང་བཞིན་བཅས་ལྡན་པ་མཚོན་ཡོད། དེར་བརྟེན་མི་འབོར་སྐྱེ་ཁམས་རིག་པའི་ཞིབ་འཇུག་བྱེད་པའི་ཚན་རིག་ཞིབ་འཇུག་བྱེད་མཁན་གྱིས་ཐོག་མར་མི་འབོར་སྐྱེ་ཁམས་མ་ལག་དེ་གཅིག་གྱུར་དམ་ཚགས་ཀྱི་མ་ལག་ཅིག་ཏུ་བརྩིས་ཏེ་ལྟ་སྟངས་བཟུང་ནས་སྐྱེ་ཁམས་རིག་པ་ཁོང་དུ་ཆུད་པ་དང་། བརྩི་འཇོག་བྱེད་པ་སོགས་འབྲེལ་ཡོད་རིག་ཚན་གྱིས་གསལ་བཤད་བྱས་པའི་རྩ་དོན་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཁ་ཤས་ལ་བརྩིས་ཏེ། འབྲེལ་ཡོད་རིག་ཚན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས་པར་མ་ཟད། དེའི་རྨང་གཞིའི་སྟེང་རིག་ཚན་འདིའི་གཞུང་ལུགས་ཀྱི་རྩ་དོན་དང་། གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། དེ་དང་མཉམ་དུ་རིག་ཚན་འདིའི་ཞིབ་འཇུག་བྱེད་ཐབས་ཀྱང་འཐུས་ཚང་དུ་བཏང་སྟེ། རིག་ཚན་འདི་འཕེལ་རྒྱས་སུ་གཏོང་དགོས། དེང་རབས་ཀྱི་ཞིབ་འཇུག་བྱེད་ཐབས་བྱུང་བ་སོགས་ཀྱི་རྐྱེན་གྱིས་གློག་རྡུལ་རྩིས་འཁོར་སྤྱད་དེ་ལད་ཟློས་ཚོད་ལྟ་དང་། འདྲ་བཟོའི་དཔེ་དབྱིབས་སྣ་ཚོགས་ལ་ཤན་འབྱེད་བྱེད་ཆོག་པར་མ་ཟད། ད་དུང་དེ་མཚུངས་ཀྱི་ཕྱིར་ལྡོག་དང་འབྲེལ་ཡོད་སྔོན་དཔག་སོགས་ཞིབ་འཇུག་དབྱེ་ཞིབ་དང་། གཞི་གྲངས་ཆེ་གྲས་ཀྱིས་ཐག་གཅོད་བྱེད་ཆོག དེས་ཞིབ་འཇུག་གི་ལས་ཀའི་ལས་ཆོད་ཆེས་ཆེར་བཏང་བ་དང་། ཞིབ་འཇུག་ལས་ཀའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། མི་འབོར་སྐྱེ་ཁམས་མ་ལག་དེ་རིགས་འབྱེད་བྱེད་ཐབས་མི་འདྲ་བ་ལྟར་དབྱེ་ཆོག་སྟེ། དཔེར་ན་གྲོང་གསེབ་ཀྱི་མི་འབོར་སྐྱེ་ཁམས་མ་ལག གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་སྐྱེ་ཁམས་མ་ལག་དང་གྲོང་ཁྱེར་གྱི་མི་འབོར་སྐྱེ་ཁམས་མ་ལག དེ་བཞིན་སྡེ་ཁུལ་གྱི་མི་འབོར་སྐྱེ་ཁམས་མ་ལག ས་ཁུལ་གྱི་མི་འབོར་སྐྱེ་ཁམས་མ་ལག འཛམ་གླིང་ཡོངས་ཀྱི་མི་འབོར་སྐྱེ་ཁམས་མ་ལག་སོགས་ཡིན། རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་མི་འབོར་སྐྱེ་ཁམས་མ་ལག་ལ་ཞིབ་འཇུག་བྱེད་པའི་སྤྱིའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་བརྟག་ཐབས་སྨྲ་བའི་རྩ་དོན་གཅིག་མཐུན་ཡིན་མོད། འོན་ཀྱང་ཞིབ་འཇུག་བྱེད་ཐབས་ཞིབ་ཕྲ་དེ་དང་འཚམ་པར་བྱེད་ཆོག་ལ་བྱེད་ཀྱང་དགོས་པ་གསལ་བོ་རེད། ཞིབ་འཇུག་བྱེད་པའི་སྐབས་སུ་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས།