མི་འབོར་ས་ཁམས་རིག་པ་དང་མི་འབོར་རིག་པའི་འབྲེལ་བ་ནི་རྩི་ཤིང་ས་ཁམས་རིག་པ་དང་རྩི་ཤིང་རིག་པ། དཔལ་འབྱོར་ས་ཁམས་རིག་པ་དང་དཔལ་འབྱོར་རིག་པའི་འབྲེལ་བ་དང་འདྲ། མི་འབོར་དང་ས་ཁམས་རིག་པས་མི་འབོར་སྣང་ཚུལ་གྱི་བར་སྟོང་ཐད་དམིགས་པ་དང་། མི་འབོར་རིག་པ་ནི་རང་ཚུགས་ཀྱི་ཕྱོགས་བསྡུས་རང་བཞིན་ཅན་གྱི་རིག་ཚན་ཞིག་ཡིན་པའི་ངོས་ནས། མི་འབོར་འགྱུར་ལྡོག་གི་བརྒྱུད་རིམ་དང་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་། མི་འབོར་བསྡོམས་རྩིས་ལ་དེ་བས་མང་པོ་བྱས་ཏེ་མི་འབོར་གྱི་གྲངས་འབོར་དང་སྤུས་ཚད་བར་གྱི་འབྲེལ་བར་རྟོག་ཞིབ་བྱེད་བཞིན་ཡོད།
མི་འབོར་ས་ཁམས་རིག་པས་མི་འབོར་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་གྲངས་དང་ཐབས་ལམ་བཅས་ལ་བརྟེན་དགོས་པ་དང་། ས་ཁམས་རིག་པ་དང་མི་འབོར་རིག་པའི་བར་གྱི་མཐའ་མཚམས་རིག་ཚན་གྱི་ངོ་བོ་ལྡན་དགོས། མི་འབོར་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། དེས་མི་འབོར་གྱི་བར་སྟོང་ཁྱབ་ཚུལ་དང་ས་ཁོངས་ཁྱད་པར་གྱི་འགྱུར་ལྡོག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་། མི་འབོར་རིག་པ་དང་ས་ཁམས་རིག་པའི་བར་གྱི་མཐའ་མཚམས་ཀྱི་ཚན་རིག་ཅིག་ཡིན།
མི་འབོར་ས་ཁམས་རིག་པའི་དབུ་བརྙེས་དུས་ཅུང་སྔ་བ་རེད། དུས་རབས19བའི་དུས་འགོའི་ཉེ་རབས་མི་ཆོས་དང་ས་ཁམས་རིག་པའི་སྲོལ་གཏོད་མཁན་ཏེ། དཔེར་ན།འཇར་མན་གྱིK.ལི་སི་ཐུ་དངO.ཕེ་ཧྲི་ཨེར་སོགས་ཀྱིས་མི་དང་རིགས་རྒྱུད་དེ་ས་ཁམས་རིག་པའི་ཞིབ་འཇུག་གི་གཙོ་གནད་དུ་བརྩི་བཞིན་ཡོད། རྗེས་སུ་འཇར་མན་གྱི་ས་ཁམས་རིག་པ་བF.ལཱ་ཚའེ་ཨེར་གྱིས《མིའི་རིགས་ཀྱི་ས་ཁམས་རིག་པ》ཞེས་པ་བྲིས་ཏེ་མིའི་རིགས་འཚོ་གནས་བྱེད་པའི་བར་སྟོང་གི་ཐ་སྙད་ཐེངས་དང་པོར་བཏོན་པ་རེད། དཔེ་ཆ་འདི་ནུབ་ཕྱོགས་ཀྱི་མཁས་པས་མི་འབོར་ས་ཁམས་རིག་པའི་ཆེས་སྔ་བའི་གསུང་རབ་ཏུ་བརྩི་བཞིན་ཡོད། དེ་རྗེས་དབྱིན་ཇིའིA.H.ཁེན་ཉི་དངA.C.ཧཱ་ཏེང་དང་། ཧྥ་རན་སེའིJ.པུའུ་ལུས་ནཱ་སོགས་ཀྱི་མཁས་དབང་དག་གིས་ཀྱང་མི་འབོར་དང་ས་ཁམས་འབྲེལ་བའི་སྐོར་གྱི་གསུང་རྩོམ་ཁ་ཤས་བརྩམས་ཡོད།
དུས་རབས20བ་ནས་བཟུང་མི་འབོར་ས་ཁམས་རིག་པ་དེ་མ་ལག་ཆ་ཚང་ལྡན་པའི་རང་ཚུགས་ཀྱི་རིག་ཚན་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཨ་རིའི་ཝ་ཧྲིང་ཐོན་དུ་རྒྱལ་སྤྱིའི་ས་ཁམས་རིག་པའི་ཚོགས་ཆེན་བསྡུས། དེ་ནས་བཟུང་མི་འབོར་ས་ཁམས་དེ་ཁེར་ཚུགས་ཀྱི་ཚོགས་པ་ཞིག་ཏུ་གྱུར།
ཀྲུང་གོའི་གནའ་རབས་སུ་མི་འབོར་ས་ཁམས་དང་འབྲེལ་བའི་ཚད་ལྡན་གྱི་ཡིག་ཆ་བཀོད་ཡོད་མོད། འོན་ཀྱང་དུས་རབས20བའི་ལོ་རབས30བའི་རྗེས་སུ་ད་གཟོད་ནུབ་ཕྱོགས་ནས་མི་འབོར་དང་ས་ཁམས་རིག་པ་ནང་འདྲེན་བྱས། མི་འབོར་ཚན་རིག་ཀྲུང་གོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ཏེ། མི་འབོར་ས་ཁམས་རིག་པའི་ཞིབ་འཇུག་ཀྱང་དུས་མཚམས་གསར་བ་ཞིག་ཏུ་སླེབས་ཡོད་པ་རེད།
ཀྲུང་གོས《ཧན་རྒྱལ་རབས་ཀྱི་དེབ་ཐེར*ས་ཁམས་ཀྱི་ལོ་རྒྱུས》ནས་འགོ་བརྩམས་ཏེ། རྒྱལ་རབས་རིམ་བྱུང་གིས་མི་འབོར་གྱི་རྒྱུ་ཆ་འབོར་ཆེན་གསོག་འཇོག་བྱས་ཡོད་པ་དང་། རྒྱལ་ཁབ་གཞན་དག་གིས་ཀྱང་འདིའི་ཐད་ཀྱི་ལས་ཀ་མང་པོ་བསྒྲུབས་ཡོད་མོད། སྤྱི་ལོ1798ལོར་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་མཱ་ཨེར་སཱ་སིས《མི་འབོར་གྱི་རྣམ་བཤད》ཅེས་པའི་ནང་མི་འབོར་འཕར་ཚད་དེ་ཟས་རིགས་འཕར་སྣོན་ལས་མགྱོགས་པའི་ལྟ་བ་གལ་ཆེན་བཏོན་པས། མི་འབོར་ཚན་རིག་ཞིབ་འཇུག་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་མོད། འོན་ཀྱང་ཐོག་མར་མི་འབོར་ས་ཁམས་ཞིབ་འཇུག་དེ་འཛམ་གླིང་འཁུག་ཆེན་དང་པོ་འགོ་ཚུགས་ནས་ཡུན་རིང་མ་སོང་བར་བྱུང་བ་ཡིན།
པའོ་མན་གྱིས་སྤྱི་ལོ1921ལོར་ཡོ་རོབ་དབུས་མའི་མི་འབོར་གྱི་ས་ཁོངས་ཧེ་བག་ལ་དབྱེ་ཞིབ་བྱས་པ་དང་། སུའེ་ཏེན་གྱི་ས་ཁམས་རིག་པ་མཁས་ཅན་ཡེ་ཨེར་གྱིས་སྤྱི་ལོ1922ལོར་སུའེ་ཏེན་གྱི་མི་འབོར་ཁྱབ་ཚུལ་དང་དཔེ་རིས་བཟོ་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་རེད། དུས་མཚུངས་སུ་ཧའོ་ཐུ་ནཱ་དང་པའེ་ལན་ཧྲི་གཉིས་ཀྱིས་མི་ཆོས་ས་ཁམས་རིག་པའི་ཞིབ་འཇུག་དང་བརྩམས་ཆོས་ཁྲོད་དུ། མི་འབོར་ཁྱབ་ཚུལ་གྱི་བསྡོམས་རྩིས་དབྱེ་ཞིབ་དང་མི་འབོར་གྱི་སྣང་ཚུལ་ཞིབ་བརྗོད་ལ་མཐོང་ཆེན་བྱས་ཡོད། སྤྱི་ལོ1926ལོར་ཀྲུང་གོའི་ཀྲུའུ་ཁུ་ཀྲེན་གྱིས་ཅང་སུའུ་དང་ཀྲེ་ཅང་ཞིང་ཆེན་གྱི་མི་འབོར་འདུས་ཚད་ལ་ཞིབ་འཇུག་བྱེད་པའི་དཔྱད་རྩོམ་སྤེལ་བ་རེད། འོན་ཀྱང་དུས་སྐབས་དེར་མི་འབོར་དེ་ཉིད་ས་ཁམས་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་བརྩིས་མེད་པར་དེ་མི་ཆོས་ས་ཁམས་རིག་པའི་ཕྱོགས་ཤིག་ཏུ་བརྩིས་ནས་ཞིབ་འཇུག་བྱས་ཡོད།
སྤྱི་ལོ1931ལོར་ཨ་རིའི་ས་ཁམས་རིག་པ་བ་ཅེ་ཧྥུའུ་ཞོན་གྱིས་འཛམ་གླིང་གྲོང་ཁྱེར་གྱི་མི་འབོར་ཁྱབ་ཚུལ་ལ་ཞིབ་བསྡུར་དབྱེ་ཞིབ་བྱས་པ་ནི། མི་འབོར་ས་ཁམས་ཞིབ་འཇུག་གལ་ཆེན་ཞིག་ཡིན། ལོ་འགའི་རྗེས་སུ་ཀྲུང་གོའི་ཧུའུ་ཧོན་ཡུང་གིས་ཀྲུང་གོའི་མི་འབོར་ཁྱབ་ཚུལ་གྱི་འདུས་ཚད་ཧེ་བག་གི་ཐ་སྙད་གལ་ཆེན་བཏོན།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། མི་འབོར་ས་ཁམས་རིག་པའི་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་དང་། ལྷག་པར་དུ་ལོ་རབས50བ་ནས་བཟུང་ས་ཁམས་རིག་པ་བས་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་མི་འབོར་ས་ཁམས་ལ་བརྟག་དཔྱད་དང་ཞིབ་འཇུག་འབོར་ཆེན་བྱས་པར་མ་ཟད། མི་འབོར་དང་ས་ཁམས་རིག་པའི་གཞུང་ལུགས་དང་བྱེད་ཐབས་ལའང་དཔྱད་བསྡུར་བྱས་པ་རེད། དེའི་ནང་ཧྥ་རན་སེའི་ཅཱ་ཉེ་ཨའེ་དང་། དབྱིན་ཇིའི་ཁུ་ལཱ་ཁུ། ཨ་རིའི་ཆི་ལིན་སི་ཅི། ཐུ་ལི་ཝ་སཱ་སོགས་ཀྱི་བརྩམས་ཆོས་ལ་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།
ཐུ་ལི་ཝ་སཱས་སྤྱི་ལོ1953ལོར་མི་འབོར་ས་ཁམས་རིག་པའི་ངོ་བོ་དང་ཁྱབ་ཁོངས་གསལ་བཤད་བྱས། ཆི་ལིན་སི་ཅི་ཡིས་སྤྱི་ལོ1966ལོར་མི་འབོར་ས་ཁམས་རིག་པ་དེ་མི་འབོར་གྱི་གྲངས་འབོར་དང་ཁྱད་ཆོས་བརྗོད་པའི་ས་ཁམས་གནས་བབ་ལ་དབྱེ་ཆོག་ཅེས་བསྟན་ཡོད། མི་འབོར་གྱི་གྲངས་འབོར་དང་ཁྱད་ཆོས་ཀྱི་བར་སྟོང་མཚོན་ཚུལ་འགྲེལ་བཤད་བྱེད་པ། མི་འབོར་སྣང་ཚུལ་ལ་ས་ཁམས་དབྱེ་ཞིབ་བྱེད་རྒྱུ་བཅས་ཕྱོགས་གསུམ་ཡོད། ལོ་རབས70བ་ནས་བཟུང་། ཨ་རིའི་མི་འབོར་ས་ཁམས་རིག་པ་བ་ཁ་ཤས་ཀྱིས་མི་འབོར་བསྐྱར་དུ་ཁྱབ་ཚུལ་དང་། སྲིད་གཞུང་གི་མི་འབོར་སྲིད་ཇུས་ལ་དམིགས་བསལ་གྱིས་དོ་ཁུར་བྱས་ཏེ། གྲོང་ཁྱེར་ཅན་དུ་འགྱུར་བའི་བརྒྱུད་རིམ་ལའང་ཞིབ་འཇུག་འབོར་ཆེན་བྱས་པར་མ་ཟད། ད་དུང་རྒྱལ་སྤྱིའི་མི་འབོར་གནས་སྤོའི་འཕེལ་ཕྱོགས་དང་དེ་བཞིན་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་འཆར་གཞིར་གྲོས་བསྡུར་བྱས་ཡོད།
དེང་རབས་མི་འབོར་ས་ཁམས་རིག་པའི་ཞིབ་འཇུག་གིས་རྩིས་རིག་དང་། བྱ་སྤྱོད་ཚན་རིག མི་ཆོས་ཚན་རིག ས་ཁུལ་གྲུབ་ཚུལ་ཚན་རིག་བཅས་ནང་འདྲེན་བྱས་པ་དང་། བསྡོམས་རྩིས་དང་རྩིས་འཁོར་ཐག་གཅོད་བྱེད་ཐབས་ནང་འདྲེན་བྱས་པས། རིམ་བཞིན་སྔོན་ཆད་ཀྱི་ཉམས་མྱོང་གིས་བརྡར་ཤ་གཅོད་པ་གཙོ་བོར་བྱེད་པའི་ངོ་བོ་གཏན་འཁེལ་གྱི་དབྱེ་ཞིབ་དང་། ཕྱོགས་བསྡུས། དབྱེ་འབྱེད་བཅས་ཀྱི་རིགས་ནས་རིམ་བཞིན་མི་འབོར་མ་ལག་གི་རྣམ་པ་འཛུགས་པ་དང་། མི་འབོར་སྤོ་འགུལ་གྱི་རྣམ་པ་འཛུགས་པ། ཆེས་ལེགས་པའི་མི་འབོར་ཁྱབ་ཚུལ་གྱི་མ་ལག་གཏན་འཁེལ་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པར་མ་ཟད། རྒྱ་ཁྱབ་ངང་རྩིས་འཁོར་གྱིས་མི་འབོར་ས་ཁྲ་བཟོ་བར་བཀོལ་སྤྱོད་བྱས།
མི་འབོར་ས་ཁམས་རིག་པའི་གཞི་རྩའི་ལས་འགན་ནི་མི་འབོར་གྱི་སྣང་ཚུལ་སྣ་ཚོགས་ས་ཁུལ་ཁྱབ་ཚུལ་ཐད་ཀྱི་འདྲ་མཚུངས་རང་བཞིན་དང་ཁྱད་པར་རང་བཞིན་གསལ་སྟོན་དང་། མི་འབོར་ས་ཁུལ་གྱི་ཁྱབ་ཚུལ་མི་འདྲ་བའི་རྒྱུ་རྐྱེན་གསལ་བཤད་བྱེད་པ། ས་ཁུལ་མི་འདྲ་བའི་མི་འབོར་འཕར་ཚད་ཀྱི་དལ་མགྱོགས་དང་། གྲངས་འབོར་མང་ཉུང་། སྟུག་ཚད་ཆེ་ཆུང་། སྤུས་ཚད་མཐོ་དམའ། དེ་བཞིན་མི་འབོར་གྱི་གྲུབ་ཚུལ་རིགས་རྣམ་དང་། སྡོད་གནས་རྣམ་པ་བཅས་ས་གནས་དེ་གའི་རང་བྱུང་དང་སྤྱི་ཚོགས། དཔལ་འབྱོར། ཆབ་སྲིད། རིག་གནས་བཅས་ཀྱི་ཕན་ཚུན་གྱི་འབྲེལ་བར་གཞིགས་ནས་གདེང་འཇོག་བྱེད་པ་དང་། མི་འབོར་འཕེལ་བར་ཚོད་འཛིན་དང་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་འཚོལ་བ་དང་། མི་འབོར་གྱིས་ས་གནས་དེ་གའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཕན་གནོད་གང་ཡོད་འཚོལ་བ། མི་འབོར་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་དེ་བཞིན་མི་འབོར་གྱི་བཀོད་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་དགོས།
མི་འབོར་ས་ཁམས་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཀྱིས་ཡུལ་བབ་དང་བསྟུན་ཏེ་མི་འབོར་སྲིད་ཇུས་བཟོ་བ་དང་། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱེད་པ། ས་ཁོངས་འཆར་འགོད་དང་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་བཟོ་བ། དེ་བཞིན་གནས་སྤོས་ཡུལ་མི་བཀོད་སྒྲིག་ལུགས་མཐུན་བྱེད་པ་སོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ། མི་འབོར་ས་ཁམས་རིག་པར་ཞིབ་འཇུག་བྱེད་པར་ངེས་པར་དུ་མི་འབོར་བསྡོམས་རྩིས་ཀྱི་གཞི་གྲངས་སྣ་ཚོགས་སྤྱོད་དགོས་པ་དང་། རྩིས་རིག་གི་དཔེ་དབྱིབས་སྤྱད་དེ་མི་འབོར་གྱི་རྒྱུ་རྐྱེན་དང་རྒྱུ་རྐྱེན་གཞན་དག་བར་གྱི་འབྲེལ་བ་གསལ་སྟོན་བྱེད་དགོས། དུས་མཚུངས་སུ་ད་དུང་ཡུལ་དངོས་བརྟག་དཔྱད་དང་། མི་འབོར་གྱི་ས་བཀྲ་ཞིབ་ཚགས་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།
ས་ཁམས་རིག་པ་སྤྱི་བཤད། རང་བྱུང་ས་ཁམས་རིག་པ། ས་གཤིས་རིག་པ། གནམ་གཤིས་ས་ཁམས་རིག་པ། ཉེར་སྤྱོད་ས་ཁམས་རིག་པ། རྩི་ཤིང་ས་ཁམས་རིག་པ། སྲོག་ཆགས་ས་ཁམས་རིག་པ། འཁྱགས་དར་རིག་པ། གནའ་བོའི་ས་ཁམས་རིག་པ། ཆུ་དཔྱད་ས་ཁམས་རིག་པ། ས་རྒྱུའི་ས་ཁམས་རིག་པ། རྫས་འགྱུར་ས་ཁམས་རིག་པ། ཕྱོགས་བསྡུས་རང་བྱུང་ཚན་རིག མི་ཆོས་རིག་པ། དཔལ་འབྱོར་ས་ཁམས་རིག་པ། ས་ཁམས་རིག་པ། གཞུང་ལུགས་ས་ཁམས་རིག་པ། ལོ་རྒྱུས་ས་ཁམས་རིག་པ། ས་ཁོངས་ས་ཁམས་རིག་པ་སོགས་མང་པོ་ཡོད།