ཀླད་གཟེར་གྱི་ནད་བཅོས་ཐབས།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:30ལ་འགྲུབ།

ཀླད་གཟེར་གྱི་ནད་བཅོས་ཐབས།

ཀླད་གཟེར་གྱི་ནད་བཅོས་ཐབས།
ཀླད་གཟེར་ཟེར་བ་དེ་ནི་གཉན་རིམས་ཀླད་པར་བབས་པའི་ནད་ཅིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
脑膜炎
ཕྱི་ཡིག་གི་མིང་།
meningitis
གསོ་བཅོས་ཚན་ཁག
དབང་རྩའི་ནང་ནད་ཚན་ཁག
འབྱུང་རྐྱེན།
ཀླད་སྐྱི་དང་ཀླད་པའི་སྲབ་སྐྱིར་གཉན་ཁ་རྒྱས་པ་ལས་འབྱུང་བ།
ནད་རྟགས།
མགོ་བོ་ན་བ་དང་ཚ་བ་རྒྱག་པ། མུར་འགྲམ་དང་ལྟག་ཁུང་ན་བ། སྐྱུག་ལྡང་བྱེད་པ། ཤེས་པ་ཟ་ཟིར་ཆགས་པ། གདོང་མདངས་ཉམས་ཤིང་གཟུགས་པོར་ཤུགས་མེད་པ།
1 ​སློང་རྐྱེན།

རིམས་ནད་ཁྱབ་གདལ་དུ་འགྲོ་བའི་སྐབས་སུ་ཟས་སྤྱོད་ལོག་པ་དང་། ལྷག་པར་དུ་ཀླད་རིམས་ན་མཁན་དང་འབྲེལ་ཐུག་བྱས་ནས་སློང་གི་ཡོད་པ་རེད། ནད་དེ་དགུན་དཔྱིད་ཀྱི་དུས་སུ་ན་མང་བ་ཡོད།

2 ནད་རྟགས། 

ཐོག་མར་མགོ་བོ་ན་བ་དང་། ཚ་བ་རྒྱག་པ། མུར་འགྲམ་དང་ལྟག་ཁུང་ན་བ། སྐྱུག་ལྡང་བྱེད་པ། ཤེས་པ་ཟ་ཟིར་ཆགས་པ། གདོང་མདངས་ཉམས་ཤིང་གཟུགས་པོར་ཤུགས་མེད་པ་ཆགས་ཀྱི་ཡོད། ནད་དེ་ཚབས་ཆེ་བ་དང་འཕེལ་མྱུར་བས་དངངས་འདར་བྱེད་ཅིང་ཚ་བ་མཐོ་རུ་འགྲོ་བ་དང་། མགོ་གཟེར་ལྡང་དུབ་ཅན་དྲག་པོ་གཏོང་བ། སྐྱུགས་པ་ཡང་ཡང་ཤོར་བ། དབུགས་རྔུབ་གཏོང་དཀའ་བ། དྲན་པ་མི་གསལ་བ་མ་ཟད། ལྷག་པར་དུ་མཇིང་པ་རེངས་ནས་དགྱེ་སྒུར་བྱེད་མི་ཐུབ་པ་དང་། མིག་འབྲས་ཀྱི་བསྒུལ་བསྐྱོད་ཉམས་པ། དྲི་ཆུའི་མདོག་དམར་སེར་ལ་དྲི་དང་རླངས་པ་ཆེ་བ་སོགས་ཀྱི་མངོན་ཚུལ་ཡོད། ནད་དེ་དུས་ཐོག་ཏུ་བཅོས་མི་ཐུབ་པ་འམ་བཅོས་སྐྱེད་མཐར་ཕྱིན་པ་མ་བྱུང་བ་ཡིན་ན། ཉིན་གཉིས་ནས་གསུམ་ནང་ནད་པའི་སྲོག་ལ་རྒོལ་བ་དང་། ཡང་ན་དབང་བོ་ཉམས་པ་དང་། ཡན་ལག་ཞ་བ་སོགས་ཀྱི་ནད་མཇུག་ཁྱེར་ཡོང་གི་ཡོད།

3 སྔོན་འགོག

ཀླད་གཟེར་ན་མཁན་གྱི་ནད་པ་ཟུར་དུ་བཞག་ནས་སྨན་བཅོས་བྱེད་པ་དང་། ན་མ་མྱོང་མཁན་ལ་སྨན་ཕུར་ནག་དགུ་ཐང་དང་། འཕྲུལ་ཐང་། ལོ་གྱོན། རྟ་ཟི་དམར་པོ། སྨན་ནག་འཕྲུལ་འཁོར་ཆེན་མོ་སོགས་གཏོང་བ་དང་། རྒྱུན་དུ་གཙང་སྦྲ་བྱེད་རྒྱུ་དང་། ལུས་ཁམས་ཀྱི་མདངས་སྙོམས་ནུས་པ་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས།

4 བཅོས་ཐབས།

ནད་དེ་རིམས་ནད་གཞན་དང་མི་འདྲ་བས་ཐོག་མ་ཉིད་ནས་གཉན་ཚད་གཅོག་ཐབས་བྱེད་དགོས། སྨན་ཕུར་ནག་དགུ་ཐང་དང་། མགོ་ཐང་གསུམ་པ། འཕྲུལ་ཐང་། སྨན་ནག་འཕྲུལ་འཁོར་ཆེན་མོ། ལོ་གྱོན། རྟ་ཟི་དམར་པོ། བདུས་རྩི་སླེབ་ཆོག སྤང་རྩི་བཅུ་གཉིས། གུར་ཁྱུང་ངམ་མན་ངག་གུར་གུམ་བཅུ་གསུམ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་གཏོང་བ་དང་། རྗེས་སུ་མུར་གོང་འཕར་རྩ་དང་དཔྲལ་རྩ་གང་རུང་གཏར་དགོས། གལ་ཏེ་ནད་མཇུག་ཏུ་ཀླད་པ་དང་དབང་རྩར་སྐྱོན་ཤོར་བའི་ནད་རྟགས་བྱུང་ན་བླ་མེད་དང་། བྱུར་དམར་ཉེར་ལྔ། བསམ་འཕེལ་ནོར་བུ། སཱ་རའི་ཤེས་བརྩོན་སོགས་གཏོང་དགོས།


བརྡ་འགྲེལ་གདོང་འཛར།

ཀླད་གཟེར། རྟ་ཟི་དམར་པོ། ལོ་གྱོན།