སིབ་བེའི་ནད།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:38ལ་འགྲུབ།

སིབ་བེའི་ནད།

སིབ་བེའི་ནད།
སིབ་བེ་ཟེར་བ་དེ་ནི་ནད་དུག་འགོས་ཁྱབ་བྱུང་སྟེ་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་ལ་གཉན་ཚད་བབས་ནས་གཟུགས་པོ་ཡོངས་ལ་ཐོར་བ་དམར་པོ་སིབ་སིབ་དོན་པའི་ནད་ཅིག་རེད། ནད་དེ་མང་ཆེ་བ་བྱིས་པར་འབྱུང་གི་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水痘
ཕྱི་ཡིག་གི་མིང་།
varicella
སྨན་བཅོས་ཚན་ཁག
འགོས་ནད་ཚན་ཁག
ནད་པ།
བུས་བ་དང་བྱིས་པ།
འབྱུང་རྐྱེན་གཙོ་བོ།
ནད་དུག་འགོས་ཁྱབ་བྱུང་བ།
1 ​སློང་རྐྱེན།

དགུན་དཔྱིད་སོགས་གནམ་གཤིས་འགྱུར་ལྡོག་བྱུང་བའི་སྐབས་སུ་ནད་དུག་འགོས་ཁྱབ་བྱུང་བ་དང་། ལྷག་པར་སིབ་བེ་ན་མཁན་གྱི་ནད་པས་གློ་རྒྱག་པ་དང་། ཧབ་སྦྲིད་རྒྱག་པ། སྐད་ཆ་ཤོད་པ། འཁུན་སྒྲ་འདོན་པ་སོགས་ཀྱི་སྐབས་སུ་ནད་དུག་དེ་མཁའ་རླུང་བཙོག་པ་དང་མཉམ་དུ་ཁྱབ་ཡོང་སྟེ་འགོས་ཕོག་བྱུང་ནས་སློང་གི་ཡོད་པ་རེད།

2 ནད་རྟགས།

ནད་འདི་ཐོག་མར་ཕོག་དུས་ནས་མིག་སྤྲིན་དམར་པོ་ཆགས་པ་དང་། མགོ་དང་ཚིགས་གཞི་ན་བ། ཚ་བ་རྒྱས་བ། གློ་ལུ་བ། མིག་ཆུ་དང་སྣ་ཆུ་དོན་པ། མིག་གིས་འོད་མདངས་མི་འཁྱོག་པ། མིག་སྐྱག་འཁོར་བ། ཧབ་སྦྲིད་རྒྱག་པ། ལུས་པོ་བརྩེ་བ་དང་ཤུགས་མེད་པ། གྲང་ཤུམ་རྒྱག་པ། དགོང་དྲོ་ཚ་བ་ཆེ་རུ་འགྲོ་བ། ལྷག་པར་དུ་རྐན་ཕུགས་དང་གྲེ་བའི་ལྡེབས་སུ་ཐོར་བ་དོན་པ་དང་། སྐོམ་ཚད་ཆེ་ཞིང་ཟས་ལ་དང་ག་མེད་པ། གཉིད་མི་ཁུག་པ། སུན་སྣང་བྱེད་པ་བཅས་ཀྱི་སྐབས་དེར་ནད་པའི་ལུས་ཁམས་ལ་རླུང་བསེར་མ་ཕོག་པར་དྲོ་བཅོས་ཡག་པོ་བྱེད་པ་དང་། སྨིན་འབྱེད་ཀྱི་སྨན་རིགས་གཏོང་བ་བཅས་བྱས་ན་ཉིན་ཞག་གཉིས་གསུམ་སྐོར་ནས་རྣ་རྒྱབ་དང་ཐོད་པ། མཇིང་པ། བྲང་ཁོག སྒལ་པ། གྲོད་ཁོག་སོགས་གཟུགས་པོ་ཡོངས་ལ་རིམ་བཞིན་ཐོར་བ་དོན་གྱི་ཡོད་པ་རེད། དེ་དུས་ཟས་སྤྱོད་སྨན་དཔྱད་ཚུལ་དང་མཐུན་པ་ཞིག་བྱུང་ན་ཉིན་གཉིས་ནས་གསུམ་ནང་ཐོར་པ་དོན་སྟངས་ཀྱི་གོ་རིམ་བཞིན་དྲག་སྐྱེད་ཡོང་གི་ཡོད། གལ་ཏེ་སྨན་བཅོས་ཀྱི་གོ་རིམ་མི་འཚམ་པ་དང་ཟས་སྤྱོད་མི་འཚམ་པ་ཡིན་ན་གློ་ཚད་དང་། རྒྱུ་ཚད། མིག་སྤྲིན་དམར་ཚག་གི་ནད་སོགས་སློང་སྲིད་ཀྱི་རེད།

3 སྔོན་འགོག 

སིབ་བེའི་ནད་དུག་འགོས་ཁྱབ་ཡོང་སྐབས་དུས་ཐོག་ཏུ་སིབ་ཐང་དང་། འཕྲུལ་ཐང་སོགས་སིབ་བེ་འགོག་པའི་སྨན་རིགས་གཏོང་བ་དང་། ཟས་སྤྱོད་ལ་དོ་སྣང་བྱས་ཏེ་ནད་འགོག་གི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ལྷག་པར་ཏུ་སིབ་བེ་ན་མཁན་གྱི་ནད་པ་དང་འབྲེལ་ཐུག་བྱེད་རྒྱུ་ཡོད་པ་མ་རེད།

4 བཅོས་ཐབས།

ནད་འདི་ཕོག་ནས་སིབ་ཐོར་ཕྱིར་མ་དོན་པའི་བར་དེར་སྨན་དཔྱད་བསིལ་རྩུབ་རིགས་གཏོང་བ་དང་། ནད་པའི་ལུས་ཁམས་ལ་རླུང་བསེར་ཕོག་པ་སོགས་ཀྱི་གནས་ཚུལ་མི་ཡོང་བར་ནན་སྲུང་ཀྱིས་ནད་སྨིན་ཅིང་སིབ་ཐོར་དོན་པའི་ཆེད་དུ་སྨན་སླེ་ཏྲེས་བཞི་ཐང་དང་། འུ་སུའི་ཆིག་ཐང་། འོམ་བུའི་ཆིག་ཐང་སོགས་ཀྱི་བསྡུས་ཐང་བཏང་ཐོག་ལུས་ཁམས་དྲོ་བཅོས་བྱེད་དགོས། སིབ་ཐོར་ཡོངས་སུ་དོན་པའི་རྗེས་དེ་འཕྲལ་སྨན་སྤང་རྩི་བཅུ་གཉིས་དང་། སྤང་ཁྲག་བཅུ་གཉིས། གཙོ་བོ་བརྒྱད་པ། ཙན་དན་བརྒྱད་པ། བློན་པོ་སུམ་སྦྱོར་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་བཏང་ནས་དུས་ཐོག་ཏུ་གཉན་ཚད་བཅག་སྟེ་བླ་གཉན་གྱི་ནད་གཞན་འཁྲི་རྒྱུར་སྔོན་འགོག་བྱེད་དགོས།

བརྡ་འགྲེལ་གདོང་འཛར།

སིབ་བེ། སིབ་ཐོར། འགོས་ནད།