ཆམས་རིམས།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:39ལ་འགྲུབ།

ཆམས་རིམས།

ཆམས་རིམས།
ཆམ་རིམས་ཟེར་བ་དེ་ནི་ནད་དུག་རླུང་དང་ཐལ་རྡུལ་བཙོག་པ་བརྒྱུད་ནས་སྣ་བུག་ལ་ཁྱབ་སྟེ་སྣ་ཁུང་གི་དབང་རྩ་ཆམ་ལ་ཕབ་པ་ནས་འགོས་ཁྱབ་བྱུང་བ་ཅིག་ཡིན་སྟབས་དེར་ཆམ་པ་ཟེར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
流感
ཕྱི་ཡིག་གི་མིང་།
influenza
འབྱུང་རྐྱེན།
གནམ་གཤིས་ཀྱི་འགྱུར་ལྡོག་དང་ལུས་ཁམས་ཀྱི་ཚ་གྲང་འཐབ་པ། ནད་འགོག་ནུས་པ་ཆུང་དུ་ཕྱིན་པའི་སྐབས་སུ་ནད་དུག་འགོས་ཁྱབ་བྱུང་བ་ལས་བསྐྱེད་པ།
ནད་རྟགས།
གྲང་ཤུམ་རྒྱག་པ་དང་མགོ་དང་ཚིགས་གཞི་ཚང་མ་ན་བ། ཧབ་སྦྲིད་རྒྱག་པ། རྐན་ཕུགས་དང་གྲེ་བ་དམར་པོ་ཆགས་པ། གྲེ་བ་སྐམ་པ། ཚ་བ་རྒྱས་པ། ལུས་ཡོངས་ཀྱི་ཤ་སྒྲིམ་ལ་ན་ཟུག་གཏོང་བ། སྣ་ཆུ་མང་པོ་འཛག་པའམ་སྣ་ཁྲག་དོན་པ་སོགས།
1 སློང་རྐྱེན།

དགུན་དཔྱིད་སོགས་གནམ་གཤིས་འགྱུར་ལྡོག་བྱུང་བ་དང་། ལུས་ཁམས་ལ་ཚ་གྲང་འཐབ་པ། ནད་འགོག་གི་ནུས་པ་ཆུང་དུ་ཕྱིན་པ་བཅས་ཀྱི་སྐབས་སུ་ནད་དུག་འགོས་ཁྱབ་ཡོང་གི་ཡོད་པ་རེད། དེས་ན་ནད་དུག་དེ་ནད་པའི་སྣ་ཁུང་དང་གྲེ་བ། མགྲིན་པ་བཅས་ཀྱི་ཐོག་ཏུ་གནས་ཀྱི་ཡོད་སྟབས་ནད་པས་གློ་དང་ཧབ་སྦྲིད་རྒྱག་པ། སྐད་ཆ་ཤོད་པ་སོགས་ཀྱི་སྐབས་སུ་མཆིལ་མའི་ཝུ་བ་དང་མཉམ་དུ་མཁའ་རླུང་གི་ཁྲོད་དུ་ཁྱབ་སྟེ་ཕན་ཚུན་འགོས་ཁྱབ་བྱུང་ནས་སློང་གི་ཡོད་པ་རེད།

2 ནད་རྟགས།

ཆམ་རིམས་ནི་འགོས་མགྱོགས་པ་དང་། ཡོང་ཤུགས་ཆེ་བ་ཅིག་ཡིན་པ་མ་ཟད། ཕོག་ཡོང་བའི་སྐབས་སུ་ཐོག་མར་གྲང་ཤུམ་རྒྱག་པ་དང་། མགོ་དང་ཚིགས་གཞི་ཚང་མ་ན་བ། ཧབ་སྦྲིད་རྒྱག་པ། རྐན་ཕུགས་དང་གྲེ་བ་དམར་པོ་ཆགས་པ། དེ་རྗེས་གྲེ་བ་སྐམ་པ་དང་། སྐོམ་ཚད་ཆེ་བ། ཚ་བ་རྒྱས་པ། ལུས་ཡོངས་ཀྱི་ཤ་སྒྲིམ་ལ་ན་ཟུག་གཏོང་བ། གློ་རྒྱག་པ། སྣ་ཆུ་མང་པོ་འཛག་པའམ་སྣ་ཁྲག་དོན་པ། ཟས་ཀྱི་བྲོ་བ་ཤོར་བ་དང་དང་ག་མེད་པ། ཕྲུ་གུ་ཡིན་ན་འོ་མ་སྐྱུག་པའམ་ཡང་ན་གྲོད་ཁོག་བཤལ་བ། ལྷག་པར་ལོ་རྒས་པ་དང་། བྱིས་པ། ལུས་སྟོབས་ཞན་པའི་རིགས་བཅས་ལ་ནད་གཞི་ལྕི་ལ་ན་ཡུན་རིང་བ་མ་ཟད། བཤལ་རིམས་སོགས་ནད་གཞི་གཞན་དག་འཁྲི་སླ་པོ་ཡོད་པ་རེད།

3 སྔོན་འགོག 

ཆམ་རིམས་སྔོན་འགོག་བྱེད་རྒྱུ་ནི་དམིགས་བསལ་གལ་ཆེ་བ་ཅིག་ཡིན་སྟབས། ཐོག་མར་ཆམ་རིམས་ཕོག་པའི་ནད་པ་ཡོད་ཚེ་ལམ་སེང་སྨན་ཁང་བསྟེན་ནས་སྨན་བཅོས་བྱེད་དགོས་པ་དང་། ཆུ་སྐོལ་མང་ཙམ་འཐུང་བ། ངལ་གསོ་ཡག་པོ་རྒྱག་པ། མི་གཞན་ལ་ན་ཚ་མི་འགོས་པའི་ཆེད་དུ་ཁ་རས་རྒྱག་པ་དང་། ཁ་ལུད་སྣབས་ལུད་གང་བྱུང་དུ་མི་གཡུགས་པ། གཞན་གྱི་ཕོར་བ་དང་ལྟོ་སྣོད་སོགས་གང་བྱུང་བེད་སྤྱོད་མི་གཏོང་བ། ཁང་པའི་ནང་དུ་གཙང་སྦྲ་ཡག་པོ་བཅས་བྱེད་དགོས། བདེ་ཐང་གི་མི་ཚོས་རང་ཉིད་ཀྱི་ཉེ་འཁོར་དུ་ཆམ་རིམས་ན་མཁན་ཡོད་དུས་ཁ་རས་རྒྱག་རྒྱུར་དོ་སྣང་བྱེད་དགོས་ལ། འཕྲུལ་ཐང་དང་ལོ་གྱོན་སོགས་སྔོན་འགོག་གི་སྨན་གཏོང་བ་དང་། དེ་མིན་ཕོར་པ་དང་ཐུར་མ། ལྟོ་སྣོད་བཅས་ཀྱང་ཆུ་འཁོལ་མས་དུག་སེལ་མ་བྱས་པར་གང་བྱུང་དུ་བེད་སྤྱོད་གཏོང་རྒྱུ་མེད།

4 བཅོས་ཐབས།

ཆམ་རིམས་ཐོག་མར་བྱུང་སྐབས་ནོར་བུ་བདུན་ཐང་དང་འཕྲུལ་ཐང་གང་རུང་གི་བསྡུས་ཁུ་ཚ་མོར་གཏོང་བ་དང་། གྲང་ཤུམ་ཕྲན་བུ་འཇགས་མཚམས་ནད་ཤུགས་ཆེ་ཆུང་དང་ལུས་སྟོབས་བཟང་ཞན་ལ་གཞིགས་ནས་སྨན་ལོ་གྱོན་དང་། རྟ་ཟི་དམར་པོ། སྤང་རྩི་བཅུ་གཉིས། སྤང་ཁྲག་བཅུ་གཉིས། གཙོ་བོ་བརྒྱད་པ་སོགས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་གཏོང་དགོས། གལ་ཏེ་གློ་མིག་དང་གྲེ་བ་ཚ་སྐམ་བྱེད་པ་དང་། གློ་དང་ལུད་པ་མང་བ། སྐས་འཛེར་བ་བཅས་ཀྱི་སྐབས་བོང་དཀར་བཞི་ཐང་དང་། གཙོ་བོ་ཉེར་ལྔ། གློ་ཚད་ཀུན་སེལ། སྣ་ཁུང་འགག་པ་དང་ཚ་ཞིང་ཟ་འཕྲུག་ལངས་པ་བཅས་ལ་རྡོ་རྗེ་རབ་འཇོམས་དང་གུར་ཁྱུང་བསྟེན་དགོས།

རྒྱུ་མར་ཚ་བ་ཞུགས་ནས་ཁོག་པ་བཤལ་བ་ཡིན་ན་བྲག་ཁྱུང་དང་མཁྲིས་ཕྱེ་བདུན་པ། ཀླད་པར་ཚ་བ་ཞུགས་ན་རྟ་ཟི་དམར་པོ་དང་སྨན་ནག་འཕྲུལ་འཁོར་ཆེན་མོ་སོགས་མདོར་ན་འབྲེལ་ཡོད་སྨན་སྦྱོར་རྣམས་གང་ལ་དེ་འཚམ་གྱིས་བེད་སྤྱོད་བྱས་ནས་གསོ་བཅོས་བྱེད་དགོས།

བརྡ་འགྲེལ་གདོང་འཛར།

ཆམས་རིམས། ལོ་གྱོན། གློ་ལུ། ཚ་བ།