བདེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཞིས་རྣམ་པར་གཞག་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-18 15:08ལ་འགྲུབ།

བདེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཞིས་རྣམ་པར་གཞག་པ་བཞི།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་བདེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཞིས་རྣམ་པར་གཞག་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ཇོ་པ》ཤ56ན7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.རབ་ཏུ་དབྱེ་བ་ལ་རྣམ་པ་ལྔ་སྟེ།

(1)ཁམས་ཀྱི་རབ་ཏུ་དབྱེ་བ་ནི། ཁམས་གསུམ་དུ་སྐྱེ་བ་རྣམ་པ་གསུམ་མོ༎

(2)འགྲོ་བའི་རབ་ཏུ་དབྱེ་བ་ནི། འགྲོ་བ་ལྔར་སྐྱེ་བ་རྣམ་པ་ལྔའོ༎

(3)གནས་གཞན་གྱི་རབ་ཏུ་དབྱེ་བ་ནི། འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་དང་། གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་དང་། གཟུགས་མེད་པའི་ཁམས་ན་གནས་གཞན་ལྔ་བཅུ་རྩ་བརྒྱད་དུ་སྐྱེའོ༎

(4)རིགས་ཀྱི་རབ་ཏུ་དབྱེ་བ་ནི། འདོད་པའི་ཁམས་ན་མི་རྣམས་ལ་ཡང་སྐྱེ་བར་རྣམ་པ་གསུམ་ཡོད་དེ།

〔1〕རིགས་ངན་པར་སྐྱེ་བ།

〔2〕རིགས་བཙུན་པར་སྐྱེ་བ།

〔3〕རིགས་ངན་པ་ཡང་མ་ཡིན་བཙུན་པ་ཡང་མ་ཡིན་པར་སྐྱེ་བའོ༎

འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ།

〔1〕ལྷ་མ་ཡིན་དུ་སྐྱེ་བ།

〔2〕ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ།

〔3〕ནམ་མཁའི་གཞལ་མེད་ཁང་ལ་བརྟེན་པའི་ནང་དུ་སྐྱེ་བའོ༎

གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ།

〔1〕སོ་སོའི་སྐྱེ་བོ་འདུ་ཤེས་དང་བཅས་པར་སྐྱེ་བ།

〔2〕འདུ་ཤེས་མེད་པར་སྐྱེ་བ།

〔3〕འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བའོ༎

གཟུགས་མེད་པའི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ།

〔1〕འདུ་ཤེས་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སྐྱེ་བ།

〔2〕འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ།

〔3〕འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དེ་དག་བསྡོམས་ན་རིགས་བཅུ་གཉིས་སུ་སྐྱེ་བའོ༎

(5)འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་ནི།འཇིག་རྟེན་ན་རབ་ཏུ་དབྱེ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན་གནས་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པ་དག་ཡིན་པར་རིག་པར་བྱའོ༎

2.སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ནི། ཡུན་རིང་པོ་ནས་སྐྱེ་བ་དེ་དག་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཡན་ལག་དང་ཉིང་ལག་བཅད་པ་མང་པོ་ཉམས་སུ་མྱོང་བ་ལས་ཁྲག་འཛག་ཅིང་འབབ་པ་དང་། དེར་ཕ་མ་དང་། ཕུ་ནུ་དང་། བུ་སྲིང་གི་ཕྱིར་སྡུག་བསྔལ་བ་དང་། གཉེན་བཤེས་དང་། ནོར་དང་། ལོངས་སྤྱོད་ཟད་པ་མང་པོ་ཉམས་སུ་མྱོང་བ་རྣམས་ཀྱིས་མཆི་མ་མང་པོ་འཛག་ཅིང་འབབ་པ་དང་། དེ་དག་ཏུ་ནུ་ཞོ་འཐུངས་པ་ཡང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་མང་ངོ་ཞེས་གསུངས་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ༎

3.མ་ངེས་པའི་རབ་ཏུ་དབྱེ་བ་ནི། སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཕ་དང་མའི་མཐའ་ཐུག་པ་མེད་པ་དང་། ཕ་མ་དང་། ཕུ་ནུ་དང་། བླ་མ་ལྟ་བུར་གྱུར་པ་མེད་པ་དང་། གང་ཟག་གཅིག་གི་རུས་པའི་ཕུང་པོ་ཡང་སྡུད་པ་ཞིག་ཡོད་ལ་བསྡུས་ཀྱང་འཇིག་པ་དང་། རུལ་བར་མི་འགྱུར་དུ་ཟིན་ན་ནི་རི་ངོས་ཀྱི་དཔངས་ཙམ་མོ་ཞེས་གསུངས་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་མ་ངེས་པའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ༎

4.འཇུག་པའི་རབ་ཏུ་དབྱེ་བ་ནི། སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམ་དང་། བསྡུ་བ་དང་། རྟེན་རྣམ་པར་གཞག་པ་དག་ཡིན་པར་རིག་པར་བྱའོ༎