བདུད་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-18 15:23ལ་འགྲུབ།

བདུད་བཞི།

བདུད་བཞི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པས་ན་བདུད་ཅེས་བྱའོ། ། བདུད་བཞི་ནི། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་དེ་བཞིའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四魔
རིགས་དབྱེ།
ནང་དོན་རིག་པ།
འབྱུང་ཁུངས།
《སྦྲང་ཆར》དུས་དེབ་ཤ2006.3ཤ172.23《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》《བསྟན་འགྱུར་སེམས་ཙམ་ཛི་པ》ཤ126ན2《བསྟན་འགྱུར་མདོ་སྡེ་ཏི་པ》ཤ49བ3བཅས་ལས་བཏུས།
1 ​རྣམ་གྲངས་འདྲེན་པ།

འདི་ལ་ཁག་བདུན་ཡོད།

1_1 ཁག་དང་པོ།

བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པས་ན་བདུད་ཅེས་བྱའོ། ། བདུད་བཞི་ནི། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་དེ་བཞིའོ། ། ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་རྒ་བ་དང་རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་ན་ཕུང་པོའི་བདུད་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཤས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ཉོན་མོངས་པའི་བདུད་དང་། འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ལྷའི་བུའི་བདུད་དང་། ཚེའི་འདུ་བྱེད་ཅིག་སྟེ་སྲོག་དང་བྲལ་ནས་དགེ་བ་བྱེད་པའི་རྒྱུན་ཆད་པས་ན་འཆི་བདག་གི་བདུད་ཅེས་བྱའོ། །

1_2 ཁག་གཉིས་པ།

འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་ཁག་གཅིག་སྟེ།

1.ཉོན་མོངས་པའི་བདུད་ནི་རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ལ་ཉོན་མོངས་པའི་བདུད་ཅེས་བྱའོ༎

2.ཕུང་པོའི་བདུད་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་ཕུང་པོའི་བདུད་ཅེས་བྱའོ༎

3.འཆི་བདག་གི་བདུད་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་མི་རྟག་པའི་མཚན་ཉིད་ནི་འཆི་བདག་གི་བདུད་ཅེས་བྱའོ༎

4.ལྷའི་བུ་བདུད་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་ལྷའི་བུ་དབང་ཕྱུག་ལ་དབང་ཐོབ་པ་ནི་ལྷའི་བུ་བདུད་ཅེས་བྱའོ༎

1_3 ཁག་གསུམ་པ།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.ཕུང་པོའི་བདུད་ནི། ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ༎

2.ཉོན་མོངས་པའི་བདུད་ནི། ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ༎

3.འཆི་བའི་བདུད་ནི། སེམས་ཅན་དེ་དང་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ༎

4.ལྷའི་བུ་བདུད་ནི། ཕུང་པོ་དང་ཉོན་མོངས་པ་དང་འཆི་བའི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་། རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་ནི་ལྷའི་བུ་བདུད་ཅེས་བྱའོ༎

1_4 ཁག་བཞི་པ།

བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པས་ཏེ།

1.ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་རྒ་བ་དང་རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་ན་ཕུང་པོའི་བདུད་དོ༎

2.འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཟས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ཉོན་མོངས་པའི་བདུད་དོ༎

3.འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པ་ནི་ལྷའི་བུ་བདུད་དོ༎

4.ཚེའི་འདུ་བྱེད་ཞིག་སྟེ་སྲོག་དང་བྲལ་ནས་དགེ་བ་བྱེད་པའི་རྒྱུན་ཆད་པ་ནི་འཆི་བདག་གི་བདུད་ཅེས་བྱའོ༎

གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་ཁག་གཉིས་ཡོད།

1_5 ཁག་ལྔ་པ།

1.སྐྱེ་བའི་བདུད།

2.རྒ་བའི་བདུས།

3.ན་བའི་བདུད།

4.འཆི་བའི་བདུད་དོ༎

1_6 ཁག་དྲུག་པ།

1.མ་རིག་འཁྲུག་པའི་བདུད།

2.ཕུང་པོ་ལུས་ལེན་གྱི་བདུད།

3.སྒྱུ་མ་གཟུགས་བརྙན་གྱི་བདུད།

4.འཆི་བདག་ལས་བཙན་གྱི་བདུད་དོ༎


དཔྱད་གཞིའི་ཡིག་ཆ།