ཞེ་ལིང་ཏུན།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-27 14:44ལ་འགྲུབ།

ཞེ་ལིང་ཏུན།

ཞེ་ལིང་ཏུན།
ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིང་ཏུན་ནི་སྤྱི་ལོ1857ལོའི་ཟླ11པའི་ཚེས27ཉིན་ལུན་ཏུན་ཆེན་པོའི་བྱང་རྒྱུད་ཀྱི་དབྱི་སི་ལིང་ཏུན་དུ་འཁྲུངས་ཤིང་དབྱིན་ཇིའི་ཚན་རིག་པ་ཞིག་ཡིན་པ་དང་། ལུས་ཁམས་རིག་པ་དང་དབང་རྩའི་མ་ལག་གི་ཚན་རིག་ཐད་བྱས་རྗེས་མང་དུ་བཞག་ཡོད། ཁོང་དང་ཨེ་ཏུ་ཅཱ·ཨ་ཏི་ལི་ཨན་གཉིས་ཀྱི་དབང་རྩའི་བྱེད་ནུས་ཕྱོགས་ཀྱི་གསར་རྟོགས་ལ་སྤྱི་ལོ1932ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1952ལོའི་ཟླ3པའི་ཚེས4ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
查尔斯·斯科特·谢灵顿
ཕྱི་ཡིག་གི་མིང་།
Charles Scott Sherrington
མིང་གཞན།
ཁྲ་ཨེར་སི·ཞེ་ལིང་ཏུན།
རྒྱལ་ཁབ།
དབྱིན་ཇི།
མི་རིགས།
ཨང་ཀུ་ལུའུ་སཱ་ཁུ་ཞུན་མི་རྒྱུད།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1857.11.27-1952.3.4)
འཁྲུངས་ཡུལ།
ལུན་ཏུན་ཆེན་པོའི་བྱང་རྒྱུད་ཀྱི་དབྱི་སི་ལིང་ཏུན།
ལས་རིགས།
ཚན་རིག་པ།
མཐར་ཕྱིན་སློབ་གྲྭ།
ཅན་ཆའོ་སློབ་ཆེན།
དད་མོས།
གནམ་བདག་ཆོས་ལུགས།
གྲུབ་འབྲས་གཙོ་བོ།
ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་དང་གོང་མ་ཚང་གི་བྱས་རྗེས་གཟེངས་རྟགསRoyal Medal ཁའོ་པོ་ལའེ་བྱས་རྗེས་གཟེངས་རྟགས(Copley Metal) དབྱིན་ཇི་བཙན་རྒྱལ་ཆེན་མོའི་སྐྱ་མིའི་རྒྱ་གྲམ་ཆེན་པོའི་བྱས་རྗེས་གཟེངས་རྟགས(the Knight Grand Cross of the Order of the British Empire) བྱས་རྗེས་གཟེངས་རྟགས(Order of Merit)བཅས་ཐོབ་པ།
འཐུས་ཚབ་བརྩམས་ཆོས།
《དབང་རྩའི་མ་ལག་གི་སྙོམས་སྒྲིག་བྱེད་ནུས》
སྐར་ཁྱིམ།
མདའ་བའི་སྐར་ཁྱིམ།
གཟུགས་པོའི་རིང་ཚད།
ལི་སྨི177
དགའ་ཕྱོགས།
གསོ་རིག དཔེ་ཀློག
1 ​ངོ་སྤྲོད།

ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིང་ཏུན་ནི(Sir Charles Scott Sherrington)སྤྱི་ལོ1857ལོའི་ཟླ11པའི་ཚེས27ཉིན་ལུན་ཏུན་ཆེན་པོའི་བྱང་རྒྱུད་ཀྱི་དབྱི་སི་ལིང་ཏུན་དུ་འཁྲུངས་ཤིང་དབྱིན་ཇིའི་ཚན་རིག་པ་ཞིག་ཡིན་པ་དང་། ལུས་ཁམས་རིག་པ་དང་དབང་རྩའི་མ་ལག་གི་ཚན་རིག་ཐད་བྱས་རྗེས་མང་དུ་བཞག་ཡོད། ཁོང་དང་ཨེ་ཏུ་ཅཱ•ཨ་ཏི་ལི་ཨན་གཉིས་ཀྱི་དབང་རྩའི་བྱེད་ནུས་ཕྱོགས་ཀྱི་གསར་རྟོགས་ལ་སྤྱི་ལོ1932ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1952ལོའི་ཟླ3པའི་ཚེས4ཉིན་སྐུ་གཤེགས།

2 མི་ཚེའི་བརྒྱུད་རིམ།

ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིང་ཏུན་ནི་སྤྱི་ལོ1857ལོའི་ཟླ11པའི་ཚེས27ཉིན་ལུན་ཏུན་ཆེན་པོའི་བྱང་རྒྱུད་ཀྱི་དབྱི་སི་ལིང་ཏུན་དུ་འཁྲུངས། སྤྱི་ལོ1876ལོར་ཞེ་ལིང་ཏུན་གྱིས་ལུན་ཏུན་གྱི་ཧྲེང་ཐུའོ་མཱ་སི་སྨན་ཁང་དུ་གསོ་རིག་ལ་སྔྱོང་བ་བྱས། སྤྱི་ལོ1879ལོར་ཅན་ཆའོ་སློབ་ཆེན་དུ་ཕེབས་ནས་སྐུ་ཞབསMichael Fosterཡི་མཛུབ་སྟོན་འོག་ལུས་ཁམས་རིག་པར་སློབ་སྦྱོང་གནང་བར་མ་ཟད། སྤྱི་ལོ1880ལོར་ཅན་ཆའོ་སློབ་ཆེན་གྱི་ཀང་ཝེ་ཨེར་དང་ཁའེ་ཨུ་སི་སློབ་གླིང་དུ་ཞུགས། 

སྤྱི་ལོ1881ལོའི་རྗེས་སུ་ཧ་ལམ་དབྱིན་ཇི་དང་ཡོ་རོབ་ཀྱི་སློབ་ཆེན་ཚང་མས་དབང་རྩའི་མ་ལག་ཕྱོགས་ཀྱི་ཞིབ་འཇུག་སྤེལ་བ་རེད། ཞེ་ལིང་ཏུན་དངJohn Newport Langleyགཉིས་ཀྱིས་ཀྱང་ཅན་ཆའོ་སློབ་ཆེན་དུ་དབང་རྩའི་མ་ལག་ཕྱོགས་ཀྱི་གནད་དོན་ལ་ཞིབ་འཇུག་མང་དུ་བྱས་པ་མ་ཟད། སྤྱི་ལོ1884ལོར་ཁོ་ཚོས་འདིའི་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ཞིག་ཀྱང་སྤེལ་བ་རེད།

སྤྱི་ལོ1883ལོར་ཞེ་ལིང་ཏུན་ཅན་ཆའོ་སློབ་ཆེན་གྱི་དགེ་རྒན་ཆེན་མོGeorge Humphreyཡི་འགོ་ཁྲིད་འོག་གི་གཤགས་འབྱེད་རིག་པའི་འཆད་ཁྲིད་དགེ་རྒན་དུ་གྱུར། སྤྱི་ལོ1883ལོ་ནས་སྤྱི་ལོ1884ལོའི་དགུན་ཁའི་སློབ་སྐབས་བར་ཁོང་གིས་ཧྲེང་ཐུའོ་མཱ་སི་སྨན་ཁང་དུ་རྩ་འཛུགས་རིག་པའི་སློབ་ཁྲིད་བྱས།

སྤྱི་ལོ1884ལོར་ཁྲ་ཨེར་སི·སི་ཁུ་ཐུ·ཞེ་ལིང་ཏུན་དབྱིན་ཇིའི་གོང་མ་ཚང་གི་ཕྱི་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་བའི་སློབ་ཚོགས་ཀྱི་ཚོགས་མིར(member of the Royal College of Surgons,M.R.C.S.)གྱུར། སྤྱི་ལོ1884ལོ་ནས་སྤྱི་ལོ1885ལོའི་དགུན་ཁར་ཞེ་ལིང་ཏུན་སི་ཐུ་ལཱ་སི་པའོ་སློབ་ཆེན་དུ་སོང་ནསGoltzཡི་མཛུབ་སྟོན་འོག་ལས་ཀ་དང་སློབ་སྦྱོང་བྱས། སྤྱི་ལོ1885ལོར་ཁོང་གིས་ཅན་ཆའོ་སློབ་ཆེན་གྱི་རིམ་པ་དང་པོའི་རང་བྱུང་ཚན་རིག་གི་མཚན་འཛིན་བསླབ་གནས་ཀྱི་ཡིག་ཚད་ཁྲོད་འབྲས་བུ་ཕུལ་དུ་བྱུང་བ་བླངས་པ་མ་ཟད། Goltzཡི་ཁྱིའི་དཔེ་དབྱིབས་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ཞིག་ཀྱང་སྤེལ་བ་བ་དང་། ལོ་དེར་ཁོང་ལ་ཅན་ཆའོ་ཡི་གསོ་རིག་ཤེས་རམས་པའི(Medicinae Baccalaureus,M.B.)བསླབ་གནས་ཀྱང་ཐོབ།

སྤྱི་ལོ1886ལོར་ཞེ་ལིང་ཏུན་ལ་དབྱིན་ཇིའི་གོང་མ་ཚང་གི་སྨན་པའི་ཐོབ་ཐང(Licentiate Royal College of Physicians,L.R.C.P.)ཐོབ་པ་དང་། སྤྱི་ལོ1885ལོར་ཁོ་རང་གསོ་རིག་ཞིབ་འཇུག་མཐུན་ཚོགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ངོས་ནས་སི་ཕེན་དུ་འགོས་ནད་བརྟག་དཔྱད་བྱེད་པར་ཕེབས། སྤྱི་ལོ1887ལོར་ཁོང་ལུན་ཏུན་ཧྲེང་ཐོའུ་མཱ་སི་སྨན་ཁང་གི་མ་ལག་སྐྱེས་ཁམས་རིག་པའི་འཆད་ཁྲིད་དགེ་རྒན་དུ་བསྐོས་པ་དང་། ཅན་ཆའོ་སློབ་ཆེན་གྱི་ཀང་ཝེ་ཨེར་དང་ཁའེ་ཨུ་སི་སློབ་གླིང་གི་ཞིབ་འཇུག་མི་སྣར་བདམས།

སྤྱི་ལོ1891ལོར་ཁོང་སྐུ་ཞབསVictor Horsleyཡི་རྒྱུན་འཛིན་པར་བསྐོ་གཞག་བྱས་པ་དང་། ལུན་ཏུན་གྱི་པུའུ་ལང་མཐོ་རིམ་ལུས་ཁམས་རིག་པ་དང་ནད་ལུགས་ལུས་ཁམས་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་གཙོ་སྐྱོང་བར་བསྐོ་བཞག་བྱས། སྤྱི་ལོ1895ལོར་ཁོ་རང་ལི་ཝུའུ་ཕུའུ་སློབ་ཆེན་གྱི་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོར་གྱུར། 

སྤྱི་ལོ1906ལོར་ཞེ་ལིང་ཏུན་གྱིས་ཁོང་གི་སྐད་གྲགས་ཆེ་བའི་གསུང་རྩོམ《དབང་རྩའི་མ་ལག་གི་སྡེབ་སྒྲིག་ནུས་པ》ཞེས་པ་པར་དུ་བསྐྲུན། སྤྱི་ལོ1913ལོར་ཁོང་ཉིའུ་ཅིན་སློབ་ཆེན་གྱི་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོར་གདན་འདྲེན་ཞུས་པ་དང་། ཉིའུ་ཅིན་སློབ་ཆེན་དུ་སྤྱི་ལོ1936ལོར་ལས་འཁྱུར་ངལ་གསོ་བྱེད་རག་བར་དུ་བཞུགས་ཤིང་། དེ་རུ་ཁོང་གིས《འོ་འཐུང་སྲོག་ཆགས་ཀྱི་ལུས་ཁམས་རིག་པའི་དངོས་སྦྱོང་སློབ་ཁྲིད》ཅེས་པ་བརྩམས་པ་དང་། དེ་ནི་ཁོང་གིས་སློབ་མའི་ཆེད་དུ་བྲིས་པ་ཡིན་ལ། ཁོང་གིས་ཉིའུ་ཅིན་སློབ་ཆེན་དུ་དེ་ཉིད་སློབ་དེབ་བྱས་ནས་ཁོང་གི་སློབ་མར་སློབ་ཁྲིད་བྱས་པ་རེད། སློབ་ཁྲིད་དེ་སྤྱི་ལོ1919ལོར་དཔེ་སྐྲུན་བྱས། དེ་ཡང་ཁོ་རང་ཉིའུ་ཅིན་དུ་བཞུགས་པའི་དུས་སྟེ་སྤྱི་ལོ1932ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་ཐོབ།

སྤྱི་ལོ1893ལོར་ཁོ་རང་ལུན་ཏུན་གོང་མ་མ་ཚང་གི་སློབ་ཚོགས་ཀྱི་ཡོན་ཧྲི་ལ་བདམས། སྤྱི་ལོ1905ལོར་གོང་མ་ཚང་གི་བྱས་རྗེས་གཟེངས་རྟགསRoyal Medalགནང་། སྤྱི་ལོ1927ལོར་ཁའོ་པོ་ལའེ་བྱས་རྗེས་གཟེངས་རྟགས(Copley Metal)གནང་། སྤྱི་ལོ1922ལོར་ཁོང་ལ་དབྱིན་ཇི་བཙན་རྒྱལ་ཆེན་མོའི་སྐྱ་མིའི་རྒྱ་གྲམ་ཆེན་པོའི་བྱས་རྗེས་གཟེངས་རྟགས(the Knight Grand Cross of the Order of the British Empire)དང་སྤྱི་ལོ1924ལོར་བྱས་རྗེས་གཟེངས་རྟགས(Order of Merit)གནང་། ཁོང་ལ་ཉིའུ་ཅིན་སློབ་ཆེན་དང་ལུན་ཏོན་སློབ་ཆེན། ཞེ་ཧྥེ་ཨེར་ཏུ་སློབ་ཆེན། པོ་མིང་ཧན་སློབ་ཆེན། མན་ཁྲེ་སི་ཐུ་སློབ་ཆེན། ལི་ཝུའུ་ཕུའུ་སློབ་ཆེན། ཝེ་ཨེར་ཧྲི་སློབ་ཆེན། ཨའེ་ཏིང་པའོ་སློབ་ཆེན། ཀུ་ལ་སི་ཀུ་སློབ་ཆེན། པཱ་ལི་སློབ་ཆེན། སི་ཐུ་ལཱ་སི་པའོ་སློབ་ཆེན། ལུའུ་ཝུན་སློབ་ཆེན། ཝུའུ་ཕུའུ་སཱ་ལཱ་སློབ་ཆེན། ལི་ཨང་སློབ་ཆེན། པུའུ་ཏ་ཕེ་སི་སློབ་ཆེན། ཡ་ཏེན་སློབ་ཆེན། པུའུ་ལུའུ་སའེ་ཨེར་སློབ་ཆེན། པོ་ཨེར་ཉི་སློབ་ཆེན། ཏུའོ་ལུན་ཏུའོ་སློབ་ཆེན། མེང་ཐུ་ལི་ཨེར་སློབ་ཆེན་དང་ཧ་ཧྥོ་སློབ་ཆེན་བཅས་ཀྱི་མཚན་འཛིན་འབུམ་རམས་པའི་བསླབ་གནས་ལྡན་པ་རེད། སྤྱི་ལོ1952ལོའི་ཟླ3པའི་ཚེས4ཉིན་དབྱི་སི་ཐུ་རུ་སྙིང་ཤུགས་ཉམས་ཟད་ཀྱི་དབང་གིས་གློ་བུར་དུ་ཚེ་ལས་འདས་པ་དང་དགུང་གྲངས95ཡིན།

3 མཛད་རྗེས།

ཞེ་ལིང་ཏུན་གྱི་མི་ཚེ་ཧྲིལ་བོའི་ཁྲོད་དབང་རྩ་དབུ་མའི་མ་ལག་གི་ལུས་ཁམས་རིག་པའི་ཞིབ་འཇུག་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཁོང་གིསCajalཡིས་གསར་འཛུགས་བྱས་པའི་དབང་རྩའི་རྒྱུའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་སྤྱི་ལོ1897ལོར་གློ་བུར་རེག་ཐུག(synapse)ཅེས་པའི་ཐ་སྙད་སྤྱད་ནས་དབང་རྩའི་རྒྱུ་ཞིག་དང་དབང་རྩའི་རྒྱུ་གཞན་ཞིག་བར་གྱི་འབྲེལ་ཐུག་གནས་ཞིབ་འབྲི་བྱས་པ་མ་ཟད། དབང་རྩའི་རྒྱུ་དང་དབང་རྩའི་རྒྱུའི་བར་གྱི་ཁག་དེ་རུ་ཆ་འཕྲིན་འབྲེལ་འདྲིས་བྱེད་པར་འདོད་པ་དང་། གནས་དེ་ནི་ཐོག་མརCajalཡིས་འོད་རིག་ཕྲ་མཐོང་ཤེལ་གྱི་ཆུ་ཚད་གྱི་སྟེང་ནས་རྩ་འཛུགས་རིག་པའི་ཞིབ་བརྗོད་བྱས་པ་རེད།

ཞེ་ལིང་ཏུན་ལ་སྒལ་རྣག་གི་ལྡོག་འཕྲོའི་ཞིབ་འཇུག་ཁྲོད་དུ་བྱས་རྗེས་མང་དུ་ཡོད་དེ། ཁོང་གིས་ཡང་དག་པའི་སྒོ་ནས་སྒལ་རྣག་གི་མདུན་ཟུར་འགུལ་སྐྱོད་དབང་རྩའི་རྒྱུ་ལ་འགུལ་སྐྱོད་ཀྱི་ཆེས་མཇུག་མཐའི་གཞུང་ལམ(final comon pathway)ཞེས་སུ་འབོད་པ་དང་།  སྤྱི་ལོ1925ལོར་འགུལ་སྐྱོད་སྡེ་ཚན(motor unit)ཞེས་པའི་ཐ་སྙད་འདི་སྤྱད་ནས་འགུལ་སྐྱོད་བྱེད་ནུས་ཀྱི་གཞི་རྩའི་སྡེ་ཚན་ལ་མིང་བཏགས་པ་སྟེ། དེ་ནི་འགུལ་སྐྱོད་དབང་རྩའི་རྒྱུ་ཞིག་དང་དེས་ཁ་ལོ་བསྒྱུར་བའི་ཤའི་ཚི་སྣ་ཁྱུ་ཞིག་ཡིན།

ཁོང་ནི་ཆེས་སྔ་མོར་ཚོར་ཤེས་ནང་འདྲེན་ཆ་འཕྲིན་ལ་སྡེབ་སྒྲིག་འགུལ་སྐྱོད་ཁྲོད་བྱེད་ནུས་གལ་ཆེན་ལྡན་པ་ཤེས་རྟོགས་བྱུང་བའི་མི་ཉུང་ཤས་ཀྱི་གྲས་ཡིན་ལ། སྤྱི་ལོ1894ལོར་ཁོང་གིས་ཤ་གནད་ལ་ཁ་ལོ་སྒྱུར་བའི་དབང་རྩ་ལ་ཚོར་ཤེས་དབང་རྩའི་ཚི་སྣ་དང་ཤ་གནད་སྐུམ་པའི་འགུལ་སྐྱོད་དབང་རྩའི་ཚི་སྣ་ཡོད་པ་ཤེས་རྟོགས་བྱུང་། དེའི་སྔོན་དུ་ཁོས་སྤྱི་ལོ1893ལོ་ནས་ཤ་གནད་དང་རྒྱུས་པ། ལྷུ་ཚིགས་སོགས་ཀྱི་གནས་སུ་ཚོར་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་མ་ཟད། རང་ལུས་ཀྱི་ཚོར་ཤེས(proprioception)ཞེས་པའི་ཐ་སྙད་འདི་བཏོན་པ་རེད།    

སྤྱི་ལོ1893ལོ་ནས་སྤྱི་ལོ1909ལོའི་བར། ཞེ་ལིང་ཏུན་དང་ཁོའི་ལས་གྲོགས་རྣམས་ཀྱིས་ཞིབ་འཇུག་ཁྲོད་འཐེན་སྐུམ་ཤ་གནད་ཁྱུ་གཅིག་ཤེས་རྟོགས་བྱུང་པ་དང་། འཐེན་སྐུམ་ཤ་གནད་ཁྱུ་ཞིག་ངར་ལངས་ནས་འཁུམ་འདུ་བྱེད་དུས། དེ་དང་འདྲ་བའི་ཤ་གནད་ཚོགས་ཤིག་རྐྱོང་འབྱེད་བྱེད་ཐུབ། ཁོང་གི་སྡོམ་ཚིག་ནི་ཕོག་ཐུག་བཏང་ནས་རྒྱུངས་པའི་ནང་གི་འགུལ་སྐྱོད་དབང་རྩའི་རྒྱུ་སྐོར་ཞིག་ལ་ངར་ལངས་སུ་བཅུག་ན་འགུལ་སྐྱོད་དབང་རྩའི་རྒྱུ་སྐོར་གཞན་ཞིག་ཚོད་འཛིན་བྱས་ཏེ་དབང་རྩ་ཕན་ཚུན་བར་གྱི་ཁ་ལོ་བསྒྱུར་བ་རེད། ཕན་ཚུན་དབང་རྩས་ཁ་ལོ་སྒྱུར་བའི་གཞུང་ལུགས་འདི་ལ་རྗེས་སུ་ཞེ་ལིང་ཏུན་གཏན་སྲོལ་ཟེར།

འཐེན་སྐུམ་ལྡོག་འཕྲོར་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དེ་བཞིན་ཀླད་ཆེན་རེངས་པོར་གྱུར་པའི་སྲོག་ཆགས་ལ་ལྟ་ཞིབ་བྱས་པའི་གྲུབ་འབྲས་ཡིས་ཁོང་གིས་ཆེས་ཐོག་མར་ཚུགས་ཀ་སྙོམས་སྒྲིག་བྱེད་པའི་ཁྲོད་ཀྱི་འཐེན་སྐུམ་ལྡོག་འཕྲོ་ཡི་གལ་ཆེན་རང་བཞིན་ཤེས་རྟོགས་བྱུང་ཞིང་། དེར་བརྟེན་ནས་ཞིབ་འཇུག་འགུལ་སྐྱོད་དང་ཚུགས་ཀ་སྙོམ་སྒྲིག་བྱེད་པའི་ལྡོག་འཕྲོའི་རྨང་གཞི་བཏིང་བ་རེད།

ལུས་པོའི་ཚོར་ཤེས་དེ་རྐང་ཐང་འགུལ་སྐྱོད་ཁྲོད་བརྒྱུད་འདྲེན་བྱེད་པའི་བྱེད་ནུས་ལ་བསམ་བློ་གཏོང་སྐབས། ཞེ་ལིང་ཏུན་གྱིས་རང་གི་ལུས་སྟེང་གི་ཚོར་ཤེས་དབང་པོ་དང་ཕྱི་ཡི་ཚོར་ཤེས་དབང་པོའི་ཁྱད་པར་བཏོན། རང་གི་ལུས་སྟེང་གི་ཚོར་ཤེས་དབང་པོ་ནི་ཤ་གནད་དང་ལྷུ་ཚིགས་ནང་གི་ལུས་སྟེང་གི་འགུལ་སྐྱོད་ཀྱིས་ངར་ཤུགས་བསྐྱེད་པ་དང་། རང་གི་ལུས་སྟེང་གི་ཚོར་ཤེས་དབང་པོ་ལས་ཐོན་པའི་བརྒྱུད་འདྲེན་ཆ་འཕྲིན་དང་རྐང་ཐང་འགུལ་སྐྱོད་ཀྱི་རང་འགུལ་སྙོམས་སྒྲིག་ལ་འབྲེལ་བ་ཡོད། ཕྱི་ཡི་ཚོར་ཤེས་དབང་པོ་ནི་སྐྱི་པགས་སུ་གནས་པ་དང་། དེའི་བྱེད་ནུས་པ་གཙོ་བོ་ནི་ཕྱིའི་ཕོག་ཐུག་ལ་བརྟེན་ནས་རྐང་ཐང་འགུལ་སྐྱོད་སྙོམས་སྒྲིག་བྱེད་པ་དེ་ཡིན། དབྱེ་བ་འདི་ད་ལྟའི་བར་དུ་སྔར་བཞིན་ཡང་དག་ཡིན་པར་འདོད། འོ་འཐུང་སྲོག་ཆགས་ཕྱི་རོལ་དུ་འགུལ་བསྐྱོད་བྱེད་སྐབས་རྒྱུནམཐུད་ངང་ཚོར་ཤེས་ལ་བརྟེན་ནས་བརྡ་འཕྲིན་བརྒྱུད་འདྲེན་བྱས་ཏེ་ཁོ་ཚོའི་འགྲོ་སྐྱོད་ཀྱི་རྣམ་པ་ཡོ་བསྲང་བྱས་ཏེ། ས་དབྱིབས་མི་འདྲ་བར་འཕྲོད་པ་དང་སྔོན་དཔག་བྱེད་ཐབས་བྲལ་བའི་དོན་དག་མི་འབྱུང་བར་བྱེད་ཀྱིན་ཡོད། རྐང་ཐང་གི་རྣམ་པ་སྙོམས་སྒྲིག་བྱེད་པར་སྤྱོད་པའི་ཚོར་ཤེས་ཆ་འཕྲིན་ལ་རིགས་གསུམ་ཡོད་དེ། ཤ་གནད་དང་པགས་པ་ལས་ཐོན་པའི་ལུས་པོའི་ཚོར་ཤེས་དང་མདུན་གྱི་དབང་པོའི་དོ་མཉམ་ཚོར་ཤེས་དང་མཐོང་ཚོར་ཡིན། ཕོག་ཐུག་གི་འབྱུང་ཁུངས་དང་ཚོར་ཤེས་དབང་པོའི་གནས་ལ་གཞིགས་ནས་ཞེ་ལིང་ཏུན་གྱིས་ཚོར་ཤེས་དབང་པོ་དེ་ཕྱིའི་ཚོར་ཤེས་དབང་པོ (དཔེར་ན་མིག་དབང་དང་སྣ་དབང་། ལུས་དབང་སོགས་ཚོར་བྱེད་དབང་པོ)དང་ནང་གི་ཚོར་ཤེས་དབང་པོ (དཔེར་ན་ནང་ཁྲོལ་གྱི་དབང་བོས་བསྐྱེད་པའི་ངར་ལངས་ཆ་འཕྲིན་ཚོར་བྱེད་དབང་པོ་ལྟ་བུ)  རང་གི་ལུས་སྟེང་གི་ཚོར་ཤེས་དབང་པོ (དཔེར་ན་ཤ་གནད་དང་རྒྱུས་ཚིགས་ལྟ་བུ)བཅས་སུ་དབྱེ་ཡོད། ཚོར་ཤེས་དབང་པོར་རྒྱུན་པར་རྣམ་པ་ངེས་ཅན་ཞིག་གི་ནུས་ཚད་འགྱུར་ལྡོག་ལ་ཚོར་བ་ཆེས་རྣོན་པོ་ཡོད། འདི་ལྟ་བུའི་ཕོག་ཐུག་རྣམ་པས་ནུས་ཚད་དམའ་བའི་ཆུ་ཚད་ཀྱིས་ཚོར་ཤེས་དབང་པོའི་ཐུན་མོང་མ་ཡིན་པའི་ཕོག་ཐུག་རྣམ་པ་སྐུལ་སློང་བྱེད་ཐུབ། ཞེ་ལིང་ཏུན་གྱིས་དེར་འཕྲོད་མཐུན་ཕོག་ཐུག (adequate stimulus)ཟེར།

ཞེ་ལིང་ཏུན་དང་ཨའེ་ཏུ་ཅཱ·ཨཱ་ཏུ་ལི་ཨན་གཉིས་ཀྱིས་དབང་རྩའི་མ་ལག་ཞིབ་འཇུག་བྱ་བའི་ཁྲོད་ཀྱི་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ལོ1932ལོའི་ནོ་པེར་སྐྱེས་ཁམས་རིག་པའམ་གསོ་རིག་བྱ་དགའ་མཉམ་སྤྱོད་བྱས།


དཔྱད་གཞིའི་ཡིག་ཆ།