ངན་སོང་སྦྱོང་བ་གཟི་བརྗིད་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ་ལས་བྱུང་བ་ཕྱག་རྒྱ་མཆོག་གི་མཚན་ཉིད་དམ་པ་བཤད་པར་བྱ་བ་སྟེ།
1.ཐུགས་རྗེའི་གདུང་བའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱལ་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བྱའོ༎ ཏིང་ངེ་འཛིན་དུ་གནས་པས་དཔྲལ་བར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ༎ སངས་རྒྱས་རྣམས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱའོ༎
2.རྣལ་འབྱོར་རིག་པས་མགྲིན་པའི་ཕྱོགས་སུ་ཐལ་མོ་ཁ་ཕྱེ་བ་པདྨའི་རྣམ་པར་བྱའོ༎ ཐུགས་ཀར་རྡོ་རྗེ་ཐལ་མོ་བྱས་སོར་མོ་དབུས་མ་རྩེ་མོ་སྦྱར་བ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ༎
3.ལག་པ་གཡོན་པ་གན་རྐྱལ་དུ་པང་བར་བཞག་ལ་དེའི་སྟེང་དུ་གཡས་པ་བཟློག་སྟེ་བཞག་ལ་མཐེ་བོང་གཉིས་སྦྱར་ཏེ་ཞི་བའི་བལྟ་བས་བལྟའོ༎ འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ༎
4.དེ་ཉིད་ཡོངས་སུ་བསྐོར་ཏེ་ཕན་ཚུན་སྦྱར་ཏེ་མཐེའུ་ཆུང་དག་དང་༎ མཐེ་བོང་དག་ལུ་གུ་རྒྱུད་ཀྱི་རྣམ་པར་བཅིངས་ལ་སྙིང་གར་གཞག་གོ ། འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ༎
5.ཐལ་མོ་གང་བར་སྦྱར་ནས་མཐེའུ་ཆུང་དང་། མཐེ་བོང་སྦྱར་ཏེ་བཟུང་ཞིང་ལྷག་མ་རྣམས་རབ་ཏུ་བརྐྱང་བའོ༎ འདི་ནི་པདྨ་རིགས་པདྨའི་ཕྱག་རྒྱའོ༎
6.རྡོ་རྗེ་བསྡམས་པར་བརྟན་པར་བྱས་ནས། གུང་མོ་གཉིས་རྡོ་རྗེ་རྩེ་མོར་བྱས་ལ། མཐེའུ་ཆུང་དང་མཐེ་བོང་རབ་ཏུ་བརྐྱང་པའོ༎ འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ༎
7.དེ་ཉིད་ཀྱིས་མཐེའུ་ཆུང་དང་། མཐེ་བོང་གཉིས་དེ་བཞིན་དུ་བྱས་ལ་མཛུབ་མོ་དང་། མིང་མེད་པདྨའི་འདབ་མའི་རྣམ་པར་བྱའོ༎ འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ༎
8.དེ་ཉིད་ཀྱི་མཛུབ་མོ་དང་། མིང་མེད་དག་རིན་པོ་ཆེའི་རྣམ་པར་བྱའོ༎ འདི་ནི་དབང་བསྐུར་བའི་ཕྱག་རྒྱའོ༎
9.མཐེའུ་ཆུང་དང་། མཐེ་བོང་སོ་སོ་སོ་སོར་སྦྱར་ནས་ལྷག་མ་རྣམས་རབ་ཏུ་བརྐྱང་བ་ནི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ༎
10.ལག་པ་གཡོན་པ་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ༎
11.སྙིམ་པ་གྱེན་དུ་འཐོབ་བ་ནི་མེ་ཏོག་གི་ཕྱག་རྒྱའོ༎
12.དེ་ཉིད་འོག་ནས་ཐོར་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ༎
13.དེ་ཉིད་མཐེ་བོང་གཉིས་གྱེན་དུ་བསྙམས་ལ་འཛིན་པ་ནི་མར་མེའི་ཕྱག་རྒྱའོ༎
14.དེ་ཉིད་དུང་འདྲ་བར་བྱས་པ་ནི་དྲིའི་ཕྱག་རྒྱའོ༎
15.དེ་ཉིད་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ༎
16.དེ་ཉིད་གུང་མོ་རྣམས་ནང་དུ་བཅུག་པ་ནི་ཨརྒའི་ཕྱག་རྒྱའོ༎
17.རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ་ཚིགས་བར་མ་བཅག་ནས་སོར་མོ་ཐམས་ཅད་བརྐྱང་བ་འདི་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ༎
18.དེ་ཉིད་མཐེ་བོང་དང་། མཐེའུ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་བའི་ཕྱག་རྒྱའོ༎
19.དེ་ཉིད་ཀྱི་སྙིམ་པ་འོད་ཟེར་གྱི་རྣམ་པ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ༎
20.དེ་ཉིད་སྤྱི་བོའི་གནས་སུ་བསྐོར་བ་ནི་གདུགས་དཀར་བོའི་ཕྱག་རྒྱའོ༎
21.རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་དང་། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བཅིངས་ལ་བསྐོར་བ་འདི་ནི་འཁོར་ལོའི་ཕྱག་རྒྱའོ༎
22.རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱ་སྟེ། ལྷག་མ་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ༎
23.དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ༎
24.གཡས་པ་མཆོག་སྦྱིན་དང་། གཡོན་པ་མི་འཇིགས་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཡིན་ནོ༎
25.རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ༎
26.དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ༎
27.དེ་ཉིད་ལས་མདའ་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ༎
28.དེ་ཉིད་ཀྱི་ཕྱག་རྒྱ་དང་མཐེ་བོང་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའིའོ༎
29.དེ་ཉིད་ཀྱི་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའིའོ༎
30.དེ་ཉིད་སོར་མོ་རྣམས་འོད་ཟེར་འདྲ་བ་ནི་གཟི་བརྗིད་ཀྱིའོ༎
31.དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱའོ༎
32.དེ་ཉིད་མདུན་དུ་བཞག་པ་ནི་བཞད་པའིའོ༎
33.དེ་ཉིད་པད་མ་འདྲ་བར་བྱས་པ་ནི་པད་མའིའོ༎
34.དེ་ཉིད་གུང་མོ་དང་མཛུབ་མོ་བཀུག་པ་ནི་རལ་གྲིའིའོ༎
35.དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའིའོ༎
36.དེ་ཉིད་པད་མའི་འདབ་མ་འདྲ་བར་བྱས་པ་ནི་ལྕེའིའོ༎
37.དེ་ཉིད་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་སྣ་ཚོགས་ཀྱིའོ༎
38.དེ་ཉིད་ཤིན་ཏུ་བསྐྱེད་པ་ནི་བསྲུང་བའིའོ༎
39.དེ་ཉིད་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ༎
40.དེ་ཉིད་དམ་དུ་བཀུག་པ་ནི་བསྡམས་པའིའོ༎
41.དེ་ཉིད་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའིའོ༎
42.དེ་ཉིད་རྩེ་མོ་སྤྲད་པ་ནི་ཞགས་པའིའོ༎
43.དེ་ཉིད་ཕན་ཚུན་མདུད་པ་ནི་ལྕགས་སྒྲོག་གིའོ༎
44.དེ་ཉིད་བསྐྱོད་པ་ནི་དྲིལ་བུའིའོ༎