དམིགས་བསལ་སྔོན་འགོག་བྱེད་པ་ཞེས་པ་ནི་ཉེས་ཅན་གྱིས་ཡང་བསྐྱར་བྱས་ཉེས་གསོག་པར་སྔོན་འགོག་བྱེད་པ་ལ་ཟེར།
དམིགས་བསལ་སྔོན་འགོག་བྱ་ཡུལ་ནི་ཉེས་ཅན་པ་ཁོ་ན་ཡིན་པ་སྟེ། སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས་ངེས་ཀྱི་མི་ཞིག་ཡིན།
རང་རྒྱལ་དུ་དམིགས་བསལ་དུ་སྔོན་འགོག་བྱེད་པའི་ཉེས་ཆད་ཀྱི་དམིགས་ཡུལ་དེ་གཤམ་གསལ་གྱི་ཐབས་ལམ་གསུམ་བརྒྱུད་དེ་མངོན་འགྱུར་བྱུང་བ་སྟེ།
རང་རྒྱལ་གྱི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཞིབ་ཕྲའི་ཉེས་ཆད་ཀྱི་རྣམ་གྲངས་སྣ་ཚོགས་ནང་སྲོག་ཁྲིམས་ནི་ཉེས་ཅན་གྱི་ཚེ་སྲོག་བཙན་འཕྲོག་བྱས་པ་ཞིག་ཡིན་པ་ཕུད། དེ་མིན་གྱི་ཉེས་ཆད་མང་ཆེ་བ་ལག་བསྟར་བྱེད་པ་ནི་བཙན་ཤེད་ཀྱི་ངལ་རྩོལ་བྱ་ཐབས་སྤྱད་པ་ཞིག་རེད། ཉེས་ཅན་ལ་བཙན་ཤེད་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་དུ་བཅུག་ནས་ཁོ་ཚོར་སྐྱིད་འདོད་ལས་གཡོལ་གྱི་གོམས་གཤིས་ངན་པ་བསྒྱུར་དུ་བཅུག་སྟེ་ངལ་རྩོལ་བྱེད་པའི་གོམས་གཤིས་རིམ་གྱིས་འཇགས་སུ་འཇུག་གི་ཡོད། དེ་དང་མཉམ་དུ། ཁོ་ཚོར་ངལ་རྩོལ་བསྒྱུར་བཀོད་བྱེད་པའི་གོ་རིམ་ཁྲོད་ཁྲིམས་ཆད་ལག་བསྟར་ལས་ཁུངས་ཀྱིས་ད་དུང་ཁོ་ཚོར་ཆབ་སྲིད་བསམ་བློའི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། ཐོན་སྐྱེད་ལག་རྩལ་གྱི་སློབ་གསོ་བཅས་བྱས་ཏེ། སློབ་གསོ་བྱས་པར་བརྟེན་ནས་ཁོ་ཚོར་རིག་གནས་ཀྱི་ཤེས་བྱ་དང་ཐོན་སྐྱེད་ཀྱི་ནུས་རྩལ་ངེས་ཅན་ཞིག་ཤེས་སུ་བཅུག་སྟེ་སྤྱི་ཚོགས་སུ་ཕྱིར་ལོག་རྗེས་རང་ཉིད་ཀྱིས་འཚོ་བ་རོལ་ཐུབ་པའི་ནུས་པ་ལྡན་པར་མ་ཟད། བསམ་བློར་ཡང་འགྱོད་པ་སྐྱེ་རུ་འཇུག་གི་ཡོད་ལ། དུས་ཡུན་རིང་པོའི་སློབ་གསོ་དང་བསྒྱུར་བཀོད་བྱས་པ་བརྒྱུད། ཉེས་ཅན་མང་ཆེ་བས་བྱས་ཉེས་ནི་ངོ་ཚ་དགོས་པ་ཞིག་ཡིན་པ་དང་རང་ཉིད་ཀྱི་བྱས་ཉེས་ཀྱིས་རྒྱལ་ཁབ་དང་མི་དམངས་ལ་གནོད་འཚེ་གཏོང་གི་ཡོད་པ། ཉེས་ཆད་ཕོག་པ་ནི་དགོས་ངེས་ཡིན་པ་དང་། དེར་བརྟེན་སེམས་ནང་རང་གིས་རང་ལ་རྒོལ་གཏམ་བཏང་བ་དང་རྙིང་བསྐྱུར་གསར་གཉེར་བྱ་རྒྱུའི་སེམས་ཐག་བཅད་ནས་སླར་ཡང་མི་ཚུལ་ལྡན་ཞིག་བྱེད་པ་ལས་ཤེས་བཞིན་དུ་བསྐྱར་དུ་ཁྲིམས་ཚོད་ལྟ་མི་བྱེད་པའི་ཁར། སླར་ཡང་བྱས་ཉེས་གསོག་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱིན་ཡོད། ཉེས་ཅན་ཉུང་ཤས་ཀྱིས་རང་ཉིད་ཀྱི་ཉེས་སྤྱོད་ལ་ངོས་འཛིན་གསལ་པོ་བྱུང་མེད་པ་དང་ཐ་ན་ངོས་འཛིན་གསལ་པོ་བྱུང་མེད་ཀྱང་། ཁོང་ཚོས་ཉེས་ཆད་ཀྱི་ཟིལ་ཤུགས་མྱོང་ཚོར་ཐུབ་པ་དང་ཁྲིམས་ཆད་འཁུར་བའི་སྡུག་བསྔལ་མྱོང་ཚོར་ཐུབ་ཀྱིན་ཡོད་ཅིང་། ཉེས་ཆད་ཕོག་པའི་རྐྱེན་གྱིས་སླར་ཡང་ཉེས་པ་གསོག་ཕོད་ཀྱིན་མེད། མི་དེ་རིགས་ལ་བསམ་བློ་བསྒྱུར་བཀོད་བྱེད་པའི་ཚད་གཞིའི་ཐོག་ནས་བལྟས་ན་འདང་གི་མེད། འོན་ཀྱང་ཉེས་ཆད་དམིགས་བསལ་སྔོན་འགོག་བྱེད་པའི་དམིགས་ཡུལ་ལ་བལྟས་ཚེ་སླེབས་ཡོད་པ་རེད།
ཉེས་ཅན་ལ་ཚེ་བཙོན་དང་དུས་བཙོན། བཙན་ཉར་ལས་སྐུལ་བཅས་བྱས་ནས་ཉེས་ཅན་དམིགས་འཛུགས་བྱས་པའི་ས་ཆར་བཙོན་འཇུག་བྱས་ཏེ་སྤྱི་ཚོགས་དང་ཁ་བྲལ་དུ་བཅུག་པས་དུས་སྐབས་ངེས་ཅན་ཞིག་གི་ནང་དེའི་བསྐྱར་དུ་བྱས་ཉེས་བསགས་པའི་ཆ་རྐྱེན་བཙན་འཕྲོག་བྱས་པ་རེད། གཞན་ཡང་ཉེས་ཅན་པར་རྒྱུ་ནོར་གྱི་ཉེས་ཆད་སྤྱད་ན་བསྐྱར་དུ་བྱས་ཉེས་བསགས་པའི་དངོས་པོའི་ཆ་རྐྱེན་བཙན་འཕྲོག་བྱས་ཆོག་པ་དང་། ཉེས་ཅན་ལ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་ན་ཉེས་ཅན་གྱིས་ཁེ་དབང་ག་གེ་མོ་ཞིག་སྤྱད་ནས་བྱས་ཉེས་གསོག་སྲིད་པའི་རང་བཞིན་མེད་པར་བཟོ་ཐུབ།
ནག་ཉེས་ཤིན་ཏུ་ཆེ་བ་དང་བསྒྱུར་བཀོད་བྱེད་མི་ཐུབ་པའི་ཉེས་ཅན་ཉུང་ཤས་ལ་བཅའ་ཁྲིམས་ལྟར་སྲོག་ཁྲིམས་གཅོད་པ་དང་འབྲེལ་འཕྲལ་མར་ལག་བསྟར་བྱས་ནས་ཁོ་ཚོ་སྤྱི་ཚོགས་ཐོག་ནས་ཕྱིར་འབུད་བྱས་ཏེ་དེས་བསྐྱར་དུ་བྱས་ཉེས་གསོག་སྲིད་པས། དེ་ནི་དམིགས་བསལ་གྱི་རྣམ་པ་ལྡན་པའི་དམིགས་བསལ་གྱི་སྔོན་འགོག་ཅིག་རེད། དེ་ནི་བསྒྱུར་བཀོད་བྱས་པར་བརྟེན་ནས་མ་ཡིན་པར་ཚེ་སྲོག་བཙན་འཕྲོག་བྱས་པར་བརྟེན་ནས་བསྐྱར་དུ་བྱས་ཉེས་གསོག་མི་ཐུབ། འོན་ཀྱང་དེ་ནི་དམིགས་བསལ་སྔོན་འགོག་གི་ནང་དོན་གཙོ་བོ་ཞིག་མ་ཡིན་པར་ཉེས་ཅན་སྒྱུར་བཀོད་བྱ་རྒྱུ་དེ་མི་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ནི་རང་རྒྱལ་ཉེས་ཆད་ཀྱི་དམིགས་བསལ་སྔོན་འགོག་གི་ནང་དོན་གཙོ་བོ་ཞིག་ཡིན།
དམིགས་བསལ་སྔོན་འགོག་དང་སྤྱིར་བཏང་གི་སྔོན་འགོག་ནི་ཉེས་ཆད་ཀྱི་དམིགས་ཡུལ་གྱི་གཞི་རྩའི་ནང་དོན་ཡིན་པ་དང་། ཉེས་གསོག་སྔོན་འགོག་བྱེད་པའི་བྱ་ཐབས་གཉིས་ཡིན་ཞིང་དེ་གཉིས་དབར་འགལ་ཟླ་ཡིན་ལ་གཅིག་གྱུར་ཡང་ཡིན་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཞིག་ཡིན།
དམིགས་བསལ་སྔོན་འགོག་དང་སྤྱིར་བཏང་གི་སྔོན་འགོག་ནི་སྔོན་འགོག་བྱ་ཡུལ་མི་འདྲ་བའི་དབང་གིས་དབྱེ་བ་ཕྱེ་བ་ཡིན་མོད། འོན་ཀྱང་དེ་གཉིས་ཀྱི་དམིགས་ཡུལ་ནི་གཅིག་མཐུན་ཡིན་པ་སྟེ། ཚང་མ་ཉེས་གསོག་སྔོན་འགོག་བྱེད་ཆེད་ཡིན། དེ་དང་ཆབས་ཅིག་དེ་གཉིས་ཀྱི་བྱེད་སྟངས་དང་མངོན་འགྱུར་ཐབས་ལམ་ཡང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་པ་སྟེ། ཚང་མ་ཉེས་ཆད་ཀྱི་ནུས་པ་སྣ་ཚོགས་འདོན་སྤེལ་གང་ལེགས་བྱ་རྒྱུར་བརྟེན་དགོས། དེར་བརྟེན་ཉེས་ཆད་གཏན་འབེབས་དང་བེད་སྤྱོད། ལག་བསྟར་བཅས་བྱེད་སྐབས་དམིགས་བསལ་གྱི་སྔོན་འགོག་ལ་བསམ་གཞིགས་བྱེད་དགོས་ལ་སྤྱིར་བཏང་གི་སྔོན་འགོག་ལ་བསམ་གཞིགས་ཀྱང་བྱེད་དགོས་པ་ལས་དེ་གཉིས་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་། གལ་ཏེ་དེའི་ནང་གི་ཕྱོགས་གང་ཞིག་བློས་གཏོང་བྱས་ཚེ་ཚང་མར་ཉེས་ཆད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་དཀའ།
དམིགས་བསལ་སྔོན་འགོག་དང་སྤྱིར་བཏང་གི་སྔོན་འགོག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། འོན་ཀྱང་ཞིབ་ཕྲའི་གནས་ཚུལ་མི་འདྲ་བར་གཞིགས་ནས་དེའི་ནང་གི་ཕྱོགས་གཅིག་གཙོ་གནད་དུ་འཛིན་མི་རུང་བའི་ངེས་པ་མེད།
(1)ཉེས་དོན་བྱ་སྤྱོད་ཀྱི་དུས་རིམ་མི་འདྲ་བའི་དབང་གིས་གཙོ་གནད་ཡོད་པ་སྟེ། ཉེས་དོན་ཁྲིམས་བཟོའི་ཐད་སྤྱིར་བཏང་གི་སྔོན་འགོག་ལ་གཙོ་གནད་བྱས་ཡོད། གང་ལགས་ཤེ་ན། སྐབས་དེའི་ཉེས་ཆད་ནི་འགུལ་མེད་དང་སྤྱིར་བཏང་ཞིག་ཡིན་པ་དང་། སྤྱི་ཚོགས་ཡོངས་ལ་ཉེས་གསོག་གི་ཉེས་ཆད་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱེད་པ་ཞིག་ཡིན་པ་ལས་ཞིབ་ཕྲའི་ཉེས་གསོག་དང་ཞིབ་ཕྲའི་ཉེས་གསོག་པར་དམིགས་པ་ཞིག་མིན། དེར་བརྟེན་ཉེས་ཆད་ནི་གཙོ་བོ་སྤྱི་ཚོགས་ཐོག་གི་བརྟན་ལྷིང་མེད་པའི་མི་ལ་ཟིལ་གྱིས་གནོན་པའི་ཆེད་དུ་ཡིན། ཉེས་ཆད་ལག་བསྟར་བྱེད་སྐབས་དམིགས་བསལ་གྱི་སྔོན་འགོག་ལ་གཙོ་གནད་དུ་འཛིན་དགོས། གང་ལགས་ཤེ་ན། ཉེས་ཆད་ལག་བསྟར་བྱ་ཡུལ་ནི་ཞིབ་ཕྲའི་ཉེས་ཅན་ཞིག་ཡིན་པ་དང་ཉེས་ཆད་གཅོད་པའི་དམིགས་ཡུལ་ནི་ཉེས་ཆད་ཕོག་མཁན་དེ་ཁྲིམས་སྲུང་སྤྱི་དམངས་སུ་སྒྱུར་བཀོད་བྱས་ནས་བྱས་ཉེས་མི་གསོག་པར་བྱ་རྒྱུ་དེ་རེད། ཉེས་དོན་འདྲི་གཅོད་བྱེད་སྐབས་སྔོན་འགོག་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་དགོས།
(གཉིས)ཉེས་ཅན་མི་འདྲ་བར་དམིགས་ས་ཡོད་པ་སྟེ། བྱས་ཉེས་རིམ་པར་གསོག་མཁན་དང་ལང་ཤོར་ཉེས་ཅན་སོགས་མིའི་ལུས་ཁམས་ལ་ཉེན་ཁ་ཅུང་ཆེ་བའི་ཉེས་ཅན་ལ་དམིགས་བསལ་གྱི་སྔོན་འགོག་གཙོ་བོར་འཛིན་དགོས། ཐོག་མར་ཉེས་པ་བསགས་པ་དང་གློ་བུར་དུ་ཉེས་པ་བསགས་པ་སོགས་བསྐྱར་དུ་མི་བཟོ་སྲིད་པའི་རང་བཞིན་ཆེན་པོ་མེད་པའི་ཉེས་ཅན་ལ་སྤྱིར་བཏང་གི་སྔོན་འགོག་ལ་གཙོ་གནད་དུ་འཛིན་དགོས།
(གསུམ)བྱས་ཉེས་ཀྱི་རིགས་མི་འདྲ་བའི་དབང་གིས་གཙོ་བོར་འཛིན་དགོས་ཏེ། དམིགས་བསལ་དང་མཐོང་དཀོན་པའི་བྱས་ཉེས་ལ་ཉེས་ཆད་གཅོད་རྒྱུ་དེ་དམིགས་བསལ་གྱི་སྔོན་འགོག་གཙོ་བོར་འཛིན་དགོས། རྒྱུན་མཐོང་གི་རྒྱུན་འབྱུང་རང་བཞིན་གྱི་བྱས་ཉེས་ལ་སྤྱིར་བཏང་གི་སྔོན་འགོག་གཙོར་འཛིན་དགོས།
(4)སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་གཏན་འཇགས་ཡིན་པ་དང་བྱས་ཉེས་བསགས་ཚད་ཅུང་དམའ་བའི་དུས་སྐབས་སུ་དམིགས་བསལ་གྱི་སྔོན་འགོག་གཙོ་བོར་འཛིན་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། བྱས་ཉེས་བསགས་ཚད་ཅུང་མཐོ་བའི་དུས་སྐབས་སུ་སྤྱིར་བཏང་གི་སྔོན་འགོག་གཙོ་བོར་འཛིན་དགོས།