སི་ཁྲོན་ཞིང་ཆེན་བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་སྲོལ་ཡིག་ཅེས་པར་སྤྱི་ལོ2018ལོའི་ཟླ7པའི་ཚེས26ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ལས་གྲོས་འཆམ་བྱུང་།
བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། བགྲེས་སོང་གི་ལས་དོན་འཕེལ་རྒྱས། མི་གྲངས་རྒས་འགྱུར་ལ་ཧུར་ཐག་གིས་ཁ་གཏད་པ། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་དང་རྒན་གསོ། རྒན་གཅེས། རྒན་རོགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་རྒྱས་སུ་གཏོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། སི་ཁྲོན་ཞིང་ཆེན་གྱི་དོན་དངོས་ལ་འབྲེལ་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་ལས་བསྟན་པའི་བགྲེས་སོང་ཞེས་པ་ནི་ལོ་འཁོར་དྲུག་ཅུ་ཡན་གྱི་སྤྱི་དམངས་ལ་ཟེར་བ་ཡིན།
བགྲེས་སོང་ལ་རྒྱལ་ཁབ་དང་སྤྱི་ཚོགས་ལས་བསྩལ་བའི་དངོས་པོའི་རོགས་སྐྱོར་ཁྲིམས་ལྟར་ལོངས་སྤྱོད་དང་། སྤྱི་ཚོགས་ཀྱི་ཞབས་ཞུ་དང་སྤྱི་ཚོགས་ཀྱི་གཟིགས་སྐྱོང་། སྤྱི་ཚོགས་འཕེལ་རྒྱས་ལ་ཞུགས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་བཅས་ཀྱི་དབང་ཆ་ཡོད།
བགྲེས་སོང་ལ་མཐོང་ཆུང་དང་བརྙས་བཅོས། མནར་གཅོད། ཕྱི་ལ་སྐྲོད་པ་བཅས་བྱ་མི་རུང་།
དོན་ཚན་གསུམ་པ། བགྲེས་སོང་གི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ནང་དུ་ཞུགས་པ། དམངས་ཡོངས་ཀྱིས་དངོས་སྒྲུབ་བཅས་ཀྱི་རྩ་དོན་རྒྱུན་བསྐྱངས་ཏེ། མི་གྲངས་རྒས་འགྱུར་ལ་ཧུར་ཐག་གིས་ཁ་གཏད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་ལམ་འཕེལ་རྒྱས་ལ་སྐུལ་ལྕག་འདེབས་དགོས།
བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་ལམ་ལུགས་རེ་རེ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགན་སྲུང་དང་སྤྱི་ཚོགས་ཀྱི་ཕན་ཁེ། སྤྱི་ཚོགས་ཀྱི་སྐྱོབ་རོགས། སྤྱི་ཕན་དགེ་ལས་སོགས་རྨང་གཞིར་གྱུར་པའི་བགྲེས་སོང་གི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཟོ་བ། གཞིས་ཁྱིམ་རྨང་གཞི་དང་འདུས་སྡེ་བཅོལ་རྟེན། ལས་ཁུངས་ཁ་གསབ་ཏུ་གྱུར་པའི་སྨན་བཅོས་དང་གསོ་སྐྱོང་ཟུང་དུ་འབྲེལ་བའི་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཟོ་བ། བགྲེས་སོང་གི་འཛད་སྤྱོད་ཚོང་ར་ཚད་ལྡན་དུ་གཏོང་བ་དང་བགྲེས་སོང་གི་སྡོད་གནས་ཁོར་ཡུག་བསྐྲུན་པ། བགྲེས་སོང་གི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ། བགྲེས་སོང་སྤྱི་ཚོགས་སུ་ཞུགས་ཚད་རྒྱ་ཆེར་བསྐྱེད་དེ། རྒས་ན་གསོ་བ་དང་རྒས་ན་སྨན་བཅོས། རྒས་ན་ནུས་འདོན། རྒས་ན་སློབ་སྦྱོང་། རྒས་ན་སྐྱིད་པོ་བཅས་མངོན་པར་འགྲུབ་དགོས།
དོན་ཚན་བཞི་བ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བགྲེས་སོང་གི་ལས་དོན་འཕེལ་རྒྱས་འཆར་འགོད་ལ་གཞིགས་ནས། སྲིད་འཛིན་མངའ་ཁོངས་ཀྱི་བགྲེས་སོང་གི་ལས་དོན་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་དགོས་ཤིང་། བགྲེས་སོང་གི་ལས་དོན་འགྲོ་སོང་ནོར་སྲིད་ཀྱི་སྔོན་རྩིས་སུ་འཇུག་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མི་གྲངས་རྒས་འགྱུར་གྱི་ཚད་དང་མཐུན་པའི་གཏན་འཇགས་ཀྱི་འགྲོ་སོང་འགན་སྲུང་གི་ནང་རྐྱེན་བཟོ་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་ཕྱོགས་ཀུན་ནས་གྲོན་དངུལ་ཇེ་མང་དུ་གཏོང་བར་བསྐུལ་ནས། བགྲེས་སོང་གི་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་དགོས།
རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བགྲེས་སོང་གི་བྱ་བའི་འགན་འཁུར་བའི་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་ལས་ཀ་ལེགས་སྒྲུབ་ལ་རྩ་འཛུགས་དང་མཐུན་སྦྱོར། མཛུབ་སྟོན། ལྟ་སྐུལ་བཅས་ཀྱི་འགན་ཁུར་དགོས། ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་ལས་སྒྲུབ་ཁང་གིས་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ། མངའ་ཁོངས་ཀྱི་བགྲེས་སོང་གི་ཁེ་དབང་འགན་སྲུང་བྱ་བའི་འགན་ཁུར་དགོས།
དོན་ཚན་ལྔ་བ། བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན།རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་ཁག ཁེ་ལས་དོན་ལས་སྡེ་ཁག རྩ་འཛུགས་གཞན་དག་གིས་རང་རང་སོ་སོའི་འགན་ལྟར་བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་བྱ་བ་ལེགས་པོར་བསྒྲུབ་དགོས།གྲོང(སྡོད)དམངས་ཨུའི་ཡོན་ལྷན་ཁང་དང་ཁྲིམས་ལྟར་བཙུགས་པའི་བགྲེས་སོང་གི་རྩ་འཛུགས་ཀྱིས་བགྲེས་སོང་གི་རེ་འདུན་གསལ་བོར་ཡར་ཞུ་བྱས་ཏེ། བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་བགྲེས་སོང་ལ་ཞབས་ཞུ་བསྒྲུབ་དགོས།
གཞི་རིམ་གྱི་མང་ཚོགས་རང་བཞིན་རང་སྐྱོང་རྩ་འཛུགས་ཀྱིས་སྡེ་སྲོལ་དམངས་སྲོལ་དང་སྡོད་དམངས་སྤྱི་ཆིངས་སོགས་ལམ་ལུགས་བཟོ་དུས་བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་ལ་འབྲེལ་བའི་ནང་དོན་ཁ་སྣོན་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་དགོས།
དོན་ཚན་དྲུག་པ། མི་གྲངས་རྒས་འགྱུར་གྱི་རྒྱལ་ཁབ་གནས་ཚུལ་དང་ཞིང་ཆེན་གནས་ཚུལ་དྲིལ་སྒྲོག་སློབ་གསོ་དང་། བགྲེས་སོང་གི་བདེ་ཐང་ཤེས་བྱ་དང་ཚན་རིག་ཁྱབ་གདལ་ཤེས་བྱའི་དྲིལ་སྒྲོག་སློབ་གསོ། རྒན་བཀུར་དང་རྒན་གསོ། རྒན་གཅེས། རྒན་རོགས་ཀྱི་ཀུན་སྤྱོད་སློབ་གསོ། བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྲོལ་སློབ་གསོ་སོགས་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཆེར་སྤེལ་དགོས།
བགྲེས་སོང་གི་གསོ་རིག་དང་བགྲེས་སོང་གི་ལྟ་སྐྱོང་སོགས་བགྲེས་སོང་གི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་རོགས་སྐྱོར་བྱེད་དགོས།
རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བགྲེས་སོང་གི་གནས་ཚུལ་དང་བགྲེས་སོང་གི་ལས་དོན་འཕེལ་རྒྱས་གནས་ཚུལ་གྱི་ཕྱོགས་སྡོམ་ལྟ་སྐུལ་ཚད་ལེན་དང་བརྡ་འཕྲིན་ཁྱབ་སྒྲོག་ལམ་ལུགས་བཟོ་དགོས།
དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བགྲེས་སོང་གི་བྱ་བ་འགན་འཁུར་བའི་ལས་ཁུངས་ཀྱིས་བརྡ་འཕྲིན་སྤྱི་བསྒྲགས་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། རང་གི་མངའ་ཁོངས་སུ་གཤམ་གྱི་བརྡ་འཕྲིན་དག་ཁྲིམས་ལྟར་དུས་ཐོག་ཏུ་ཀུན་ལ་སྒྲོགས་དགོས།
(གཅིག)བགྲེས་སོང་གི་མི་གྲངས་དང་རྩ་བའི་གྲུབ་ཚུལ། བགྲེས་སོང་གི་སྤྱི་ཚོགས་འགན་ལེན་གྱི་རྩ་བའི་གནས་ཚུལ། རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་རྩ་བའི་གནས་ཚུལ་བཅས།
(གཉིས)རྒྱལ་ཁབ་དང་ཞིང་ཆེན། མངའ་ཁོངས་དེའི་འོག་གི་བགྲེས་སོང་ལ་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་གཏན་འབེབ། བགྲེས་སོང་གི་བདེ་ཐང་རོགས་སྐྱོར་དང་བསམ་པའི་རིག་གནས་འཚོ་བའི་རོགས་སྐྱོར་གྱི་རྩ་བའི་གནས་ཚུལ་བཅས།
(གསུམ)བགྲེས་སོང་ལ་རང་འདུན་པའི་ཞབས་ཞུ་བསྒྲུབ་པའི་གནས་ཚུལ།
(བཞི)ནོར་སྲིད་ཀྱིས་གྲོན་དངུལ་བཏང་ནས་རྒན་གསོ་ཞབས་ཞུ་དང་འགན་སྲུང་གི་གནས་ཚུལ།
(ལྔ)ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་རྒན་གསོ་ཞབས་ཞུ་ལས་ཁུངས་སོ་སོའི་ལས་རིགས་ཀྱི་ཚད་གཞི་དང་ཞབས་ཞུའི་ཚད་གཞི་སོགས་ཀྱི་གནས་ཚུལ།
(དྲུག)བགྲེས་སོང་གི་ཁེ་དབང་སྲུང་སྐྱོང་གི་ལྟ་སྐུལ་ལས་ཁུངས་དང་ལྟ་སྐུལ་ཁ་པར་ཨང་གྲངས།
(བདུན)བགྲེས་སོང་གཟིགས་སྐྱོང་ཐད་གཏན་ལ་ཕབ་པའི་རྒུད་སྐྱོབ་བྱེད་ཐབས་ལྟར་མ་བསྒྲུབ་པ་དང་དེ་ཇི་ལྟར་ཐག་བཅད་པའི་འབྲས་བུ།
(བརྒྱད)སྤྱི་ལ་བསྒྲག་དགོས་པའི་བརྡ་འཕྲིན་གཞན་དག
ཡུལ་ཚོའམ་གྲོང་རྡལ(སྲང་ལམ་ལས་སྒྲུབ་ཁང་།)དང་གྲོང་སྡེ(འདུས་སྡེ)ཡིས་མངའ་ཁོངས་སུ་རྒན་གསོ་ཞབས་ཞུའི་བརྡ་འཕྲིན་ཀུན་ལ་སྒྲོག་པར་རོགས་སྐྱོར་བྱེད་དགོས།
དོན་ཚན་བརྒྱད་པ། ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་རྒན་བཀུར། རྒན་གསོ། རྒན་གཅེས། རྒན་རོགས་ཀྱི་གྲུབ་འབྲས་ཆེན་པོ་འཐོབ་པའི་རྩ་འཛུགས་དང་ཁྱིམ་ཚང་། ཡང་ན་མི་སྒེར། སྤྱི་ཚོགས་འཕེལ་རྒྱས་ལ་ཞུགས་ནས་བྱས་རྗེས་འབུར་ཐོན་བཞག་པའི་བགྲེས་སོང་བཅས་ལ་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།
དོན་ཚན་དགུ་བ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བགྲེས་སོང་གི་བྱ་བ་འགན་ཁུར་བའི་ལས་ཁུངས་ཀྱིས་བགྲེས་སོང་ལ་རང་འདུན་ཞབས་ཞུ་འདོན་སྤྲོད་བྱེད་པའི་རྩ་བའི་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་སོགས་ཀྱིས་བགྲེས་སོང་ལ་རང་འདུན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐོ་འགོད་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། བགྲེས་སོང་ལ་རང་འདུན་ཞབས་ཞུར་སྐུལ་མ་གཏོང་བའི་ནང་རྐྱེན་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས།
གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་ཁྲིམས་ལྟར་བཙུགས་པའི་རང་འདུན་ཞབས་ཞུ་རྩ་འཛུགས། བགྲེས་སོང་གི་རྩ་འཛུགས། དགེ་ལས་རྩ་འཛུགས་སོགས་རྩ་འཛུགས་དང་སྒེར་ངོས་ནས་བགྲེས་སོང་ལ་རང་འདུན་ཞབས་ཞུ་ཧུར་ཐག་གིས་བསྒྲུབ་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།
རང་འདུན་ཞབས་ཞུའི་ནུས་པ་དང་འདོད་མོས་ལྡན་པའི་བགྲེས་སོང་བར་ལག་སྦྲེལ་རོགས་སྐྱོར་དང་ཁྱིམ་མཚེས་རོགས་རེས། ལོ་ན་ཅུང་གཞོན་པའི་བགྲེས་པོས་ལོ་ན་རྒས་པའི་བགྲེས་པོར་ཞབས་ཞུ། བདེ་ཐང་གི་བགྲེས་པོས་ནུས་པ་དང་བྲལ་བའམ་ཡང་ན་དབང་བོ་སྐྱོན་ཅན་གྱི་བགྲེས་པོར་ཞབས་ཞུ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་རང་འདུན་ཞབས་ཞུ་བསྒྲུབ་པར་བསྐུལ་དགོས།
དོན་ཚན་བཅུ་བ། གཞན་གྱི་འདོད་མོས་དང་མི་འགལ་བ་དང་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་མི་གནོད་པའི་ཐབས་ཀྱིས་རང་མོས་དང་གླ་ཡོན་མེད་པ། འདྲ་མཉམ། གཞུང་དྲང་། ཁྲིམས་མཐུན་བཅས་ཀྱི་རྩ་དོན་ལྟར་བགྲེས་སོང་ལ་རང་འདུན་ཞབས་ཞུ་བསྒྲུབ་པར་སྐུལ་མ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། བགྲེས་སོང་གིས་རང་བཀུར་དང་རང་འཁྱོངས། རང་སྟོབས་ལ་འབད་དགོས་ཤིང་། སྒྲིག་ཁྲིམས་བརྩི་སྲུང་དང་ཁྲིམས་བཀོད་འོས་འགན་ལག་ཏུ་བསྟར་དགོས།
དོན་ཚན་བཅུ་གཉིས་པ། བགྲེས་སོང་གི་རྒན་གསོ་ནི་ཁྱིམ་ཚང་རྨང་གཞི་ཡིན་པས། བཟའ་མི་རེ་རེས་བགྲེས་པོ་ལ་བརྩི་བཀུར་དང་སེམས་ཁུར། ལྟ་སྐྱོང་བྱེད་དགོས།
དོན་ཚན་བཅུ་གསུམ་པ། སྲི་ཞུ་མཁན་ནི་བགྲེས་པོའི་བུ་དང་བུ་མོའམ་ཡང་ན་སྲི་ཞུ་འོས་བབ་ཁྲིམས་ལྟར་འཁུར་དགོས་པའི་མི་སྣ་གཞན་དག་ཡིན།
བགྲེས་པོའི་བུ་དང་བུ་མོའི་ཁོངས་སུ་གཉེན་བསྒྲིགས་ལས་བཙས་པའི་བུ་དང་བུ་མོ། གཉེན་མ་བསྒྲིགས་པར་བཙས་པའི་བུ་དང་བུ་མོ། གསོས་པའི་བུ་དང་བུ་མོ། གསོ་སྐྱོང་སློབ་གསོ་ཡི་འབྲེལ་བ་ཆགས་པའི་རྒྱུད་འཛིན་གྱི་བུ་དང་བུ་མོ་བཅས་འདུ་ལ། ཚང་མར་བགྲེས་པོར་སྲི་ཞུ་བསྒྲུབ་པའི་འོས་བབ་ཡོད།
བགྲེས་པོའི་བུ་དང་བུ་མོ་འདས་པའམ་ཡང་ན་བུ་དང་བུ་མོར་སྲི་ཞུ་བསྒྲུབ་པའི་ནུས་པ་མེད་ན། ནུས་པ་ལྡན་པའི་ཚ་བུ་དང་ཚ་མོ་བཅས་ཀྱིས་བགྲེས་པོར་སྲི་ཞུ་བསྒྲུབ་པའི་འོས་བབ་འཁུར་དགོས།
བགྲེས་པོ་དང་བཟའ་ཟླ་ལ་ཕན་ཚུན་རོགས་སྐྱོང་བྱེད་པའི་འོས་བབ་ཡོད།
དོན་ཚན་བཅུ་བཞི་བ། སྲི་ཞུ་མཁན་གྱིས་བགྲེས་པོ་ལ་དཔལ་འབྱོར་ཐད་གསོ་སྐྱོང་དང་འཚོ་བའི་ཐད་ལྟ་སྐྱོང་། བསམ་པའི་ཐད་སེམས་གསོ་བཅས་ཀྱི་འོས་བབ་ཁུར་དགོས་པ་ལས། རྒྱུད་འཛིན་གྱི་དབང་ཆ་འདོར་མི་རུང་ལ། སྲི་ཞུའི་ཡོན་ཚང་མ་སྦྱིན་ཐེངས་གཅིག་བྱེད་མི་རུང་། བཟའ་འཐོར་རམ་ཡང་ན་གཉེན་བསྐྱར་བསྒྲིགས་ལ་ཁ་གཡར་ནས་བགྲེས་པོར་སྲི་ཞུའི་འོས་བབ་ལག་ཏུ་མི་བསྟར་མི་རུང་ངོ་།།
སྲི་ཞུ་མཁན་གྱིས་བགྲེས་པོའི་འདོད་མོས་དང་འགལ་ནས་བཟའ་ཟླ་སོ་སོར་ཕྱེས་ནས་སྲི་ཞུ་བསྒྲུབ་མི་རུང་།
སྲི་ཞུ་མཁན་གྱི་བཟའ་ཟླས་སྲི་ཞུ་མཁན་ལ་རོགས་ནས་སྲི་ཞུ་བསྒྲུབ་དགོས།
དོན་ཚན་བཅོ་ལྔ་བ། སྲི་ཞུ་མཁན་གྱིས་བགྲེས་སོང་གི་ཟས་གོས་འགྲོ་འདུག་དང་སྨན་བཅོས་སོགས་རྩ་བའི་འཚོ་བའི་དགོས་མཁོ་འགན་ལེན་དགོས། དཔལ་འབྱོར་གྱི་དཀའ་ངལ་ཆེ་བ་དང་། སྲི་ཞུ་མཁན་དང་མཉམ་དུ་བསྡད་མེད་པའི་བགྲེས་སོང་ལ། སྲི་ཞུ་མཁན་གྱིས་དུས་བཅད་ལྟར་སྲི་ཞུའི་ཡོན་སྟེར་དགོས་ཤིང་། ངེས་མཁོའི་འཚོ་ཚིས་དང་སྨན་བཅོས་འགྲོ་སོང་སྟེར་དགོས།
དོན་ཚན་བཅུ་དྲུག་པ། སྲི་ཞུ་མཁན་གྱིས་ནད་པའམ་ཡང་ན་འཚོ་བ་རང་རྐྱ་མི་ཐུབ་པའི་བགྲེས་པོར་གཡོག་ལས་དང་ལྟ་སྐྱོང་གི་འགན་ཁུར་དགོས། སྲི་ཞུ་མཁན་གྱིས་དངོས་སུ་གཡོག་ལས་དང་ལྟ་སྐྱོང་མི་ཐུབ་ན། བགྲེས་པོའི་འདོད་པ་ཇི་བཞིན་མི་གཞན་པའམ་ཡང་ན་རྒན་གསོ་ལས་ཁུངས་སོགས་ལ་བཅོལ་ནས་གཡོག་ལས་དང་ལྟ་སྐྱོང་བྱེད་དགོས་ཤིང་། འགྲོ་སོང་ཚང་མ་དུས་ཐོག་ཏུ་སྤྲོད་དགོས།
དོན་ཚན་བཅུ་བདུན་པ། སྲི་ཞུ་མཁན་གྱིས་བགྲེས་སོང་གི་བསམ་པའི་རིག་གནས་ཕྱོགས་ཀྱི་ལུགས་མཐུན་རེ་འདུན་སྐོངས་དགོས་ཤིང་། བགྲེས་སོང་གི་བདེ་ཐང་ཕན་ལྡན་གྱི་ངལ་གསོ་སྟངས་ལ་བརྩི་བཀུར་བྱེད་དགོས།
བགྲེས་སོང་དང་མཉམ་དུ་བསྡད་མེད་པའི་སྲི་ཞུ་མཁན་གྱིས་རྒྱུན་པར་བགྲེས་སོང་ལ་ལྟ་བའམ་ཡང་ན་ཁ་པར་དང་དྲ་འབྲེལ། འཕྲིན་ཡིག་སོགས་ཀྱི་ལམ་ནས་བགྲེས་སོང་ལ་སེམས་ཁུར་དང་འཚམས་འདྲི་བྱེད་དགོས།
སྲི་ཞུ་མཁན་གྱིས་དུས་བཅད་ལྟར་དུ་རྒན་གསོ་ཁང་དུ་བསྡད་ཡོད་པའི་བགྲེས་སོང་ལ་ལྟ་རྟོག་ཏུ་འགྲོ་བ། དུས་ཡུན་རིང་ཞིག་ལ་བགྲེས་སོང་ལ་ལྟ་རྟོག་མ་བྱས་པའི་སྲི་ཞུ་མཁན་ལ། རྒན་གསོ་ཁང་གིས་དེ་ལ་འབྲེལ་གཏུག་བྱས་ནས་ལྟ་རྟོག་བྱེད་དུ་འཇུག་པའམ་ཡང་ན་ཁོ་ཡོད་སའི་ལས་ཁུངས་སམ་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་ལ་བརྡ་བཏང་ནས་ལྟ་རྟོག་བྱེད་དུ་འཇུག་པའི་འགན་ཁུར་དགོས།
དོན་ཚན་བཅོ་བརྒྱད་པ། བུ་བུ་མོའམ་ཡང་ན་ཉེ་འབྲེལ་གྱིས་བགྲེས་སོང་གི་བཟའ་འཐོར་དང་གཉེན་བསྐྱར་བསྒྲིགས། གཉེན་བསྒྲིགས་རྗེས་ཀྱི་འཚོ་བ་བཅས་ལ་ཐེ་གཏོགས་བྱ་མི་རུང་། བགྲེས་སོང་གིས་བཟའ་འཐོར་དང་གཉེན་བསྐྱར་སྒྲིག་བྱས་པའི་དབང་གིས་བགྲེས་སོང་གི་རྒྱུ་ནོར་དང་དཔང་རྟགས་ལེན་པ་དང་སྐུང་བ། བཙན་ཉར་བྱ་མི་རུང་། བགྲེས་སོང་གི་སྡོད་གནས་དབང་ཆ་ལ་ཚད་འཛིན་མི་རུང་།
དོན་ཚན་བཅུ་དགུ་བ། ངལ་རྩོལ་ནུས་ཤུགས་ལྡན་པའི་དར་མའམ་ཡང་ན་ཉེ་འབྲེལ་གཞན་དག་གིས་བགྲེས་སོང་ལ་དཔལ་འབྱོར་རོགས་སྐྱོར་བྱེད་པའི་རེ་བ་བཏོན་ཡང་། བགྲེས་སོང་ལ་དང་དུ་མི་ལེན་པའི་དབང་ཆ་ཡོད།
བགྲེས་སོང་གིས་ཁ་ཆེམས་ལྟར་སྒེར་གྱི་རྒྱུ་ནོར་བགོ་བཤའམ་ཡང་ན་གཞན་ལ་རྒྱུ་བགོ་བའི་གྲོས་ཡིག་འགོད་པ་སོགས་ཀྱི་བྱ་སྤྱོད་ལ་སྲི་ཞུ་མཁན་གྱིས་ཐེ་གཏོགས་བྱ་མི་རུང་།
བགྲེས་སོང་གིས་ཁ་ཆེམས་ལྟར་རྒྱུ་ནོར་བགོ་དུས། བགྲེས་སོང་གི་བཟའ་ཟླ་ལ་ངེས་མཁོའི་ཐོབ་སྐལ་ཁྲིམས་ལྟར་འཇོག་དགོས།
དོན་ཚན་ཉི་ཤུ་བ། སྲི་ཞུ་མཁན་གྱིས་བགྲེས་སོང་གི་སྡོད་ཁང་འོས་འཚམས་སུ་བཀོད་སྒྲིག་བྱེད་པ་ལས། ཆ་རྐྱེན་ཞན་པའི་སྡོད་ཁང་དུ་བཙན་གྱིས་སྡོད་དུ་འཇུག་པ་དང་གནས་སྤར་དུ་འཇུག་མི་རུང་།
བགྲེས་སོང་དང་བུ་བུ་མོ། ཡང་ན་ཉེ་འབྲེལ་གཞན་དག་གིས་མཉམ་དུ་སྡོད་ཁང་ཉོས་པ་དང་གསར་དུ་བསྐྲུན་པ། དེ་མིན་སྡོད་ཁང་བཤིགས་པ་དང་བསྐྱར་བསྐྲུན་བྱས་པ་གང་ཡིན་རུང་བགྲེས་སོང་གི་ཐོབ་སྐལ་དེ་ཡི་བགྲེས་སོང་གི་རྒྱུ་ནོར་ཡོངས་ཀྱི་དབང་ཆ་ཁྲིམས་ལྟར་ལོངས་སུ་སྤྱོད་ཆོག
དོན་ཚན་ཉེར་གཅིག་པ། བགྲེས་སོང་ལ་ཁྱིམ་ཚང་གཏུམ་སྤྱོད་བྱ་མི་རུང་།
ལས་ཁུངས་གང་དང་མི་སུ་ཡིན་རུང་བགྲེས་སོང་ལ་ཁྱིམ་ཚང་གི་གཏུམ་སྤྱོད་བྱེད་བཞིན་པ་ཤེས་དུས། དུས་ཐོག་ཏུ་བར་བྱེད་པ་དང་སྤྱི་བདེ་ལས་ཁུངས་ལ་གཏུག་དགོས། སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་འབྱོར་རྗེས་དུས་ཐོག་ཏུ་སོང་ནས་ཁྲིམས་ལྟར་ཐག་གཅོད་དགོས།
སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་དང་འདུས་སྡེ། ཡང་ན་ཁྲིམས་ལྟར་བཙུགས་པའི་བགྲེས་སོང་རྩ་འཛུགས་ཀྱིས་བགྲེས་སོང་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ཡོད་པར་དོགས་པ་ཟ་ན། དུས་ཐོག་ཏུ་ཁ་ཏ་དང་བཀག་སྡོམ། བར་སྡུམ་སོགས་ཀྱི་ཐབས་ལ་བརྟེན་ནས་བགྲེས་སོང་གི་མི་ལུས་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
བགྲེས་སོང་ལ་ཁྱིམ་ཚང་གི་གཏུམ་སྤྱོད་བྱས་པའམ་ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་ཉེན་ཁ་ཆེ་ན། མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་ཡིག་འདོན་པའི་ཡར་ཞུ་བྱ་ཆོག
བགྲེས་སོང་ལ་དམངས་དོན་ཞུ་གཏུག་གི་ནུས་པ་མེད་པ་དང་དམངས་དོན་ཞུ་གཏུག་ནུས་པར་བཀག་འགོག་ཐེབས་པ། ཡང་ན་བཙན་གནོན་དང་འཇིགས་སྐུལ་སོགས་ཀྱི་དབང་གིས་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་ཡིག་འདོན་པར་ཡར་ཞུ་བྱེད་མི་ཐུབ་ན། དེའི་ཉེ་འབྲེལ་དང་སྤྱི་བདེ་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་། སྐྱོབ་རོགས་དོ་དམ་ཁང་སོགས་ཀྱིས་ཚབ་བྱས་ཏེ་ཡར་ཞུ་བྱ་ཆོག
དོན་ཚན་ཉེར་གཉིས་པ། ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་བགྲེས་སོང་ལ་ཕན་པ་ཆེས་ཆེ་བའི་རྩ་དོན་ལྟར་ལྟ་སྐྱོང་གི་འགན་འཁྲི་ལག་ཏུ་བསྟར་དགོས།
བགྲེས་སོང་ལ་དམངས་དོན་ཞུ་གཏུག་གི་ནུས་པ་ཤོར་བའམ་ཡང་ན་ནུས་པ་ཁ་ཤས་ཤོར་ཡོད་ན། ལྟ་སྐྱོང་མཁན་གྱིས་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འཚོ་བར་ལྟ་རྟོག་སོགས་ཀྱི་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས། ལྟ་སྐྱོང་མཁན་གྱིས་བགྲེས་སོང་གི་རིག་སྟོབས་དང་བསམ་པའི་བདེ་ཐང་གནས་ཚུལ་ལ་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་འགན་ལེན་དང་རོགས་འདེགས་བྱེད་དགོས་ཤིང་། ལྟ་སྐྱོང་བྱ་ཡུལ་བགྲེས་སོང་གིས་རང་རྐྱ་ཐུབ་པར་དོན་དག་ཐག་གཅོད་ཐུབ་ན། ལྟ་སྐྱོང་བས་ཐེ་གཏོགས་བྱ་མི་རུང་།
ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་བགྲེས་སོང་གི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་ཐེབས་པའི་བྱ་སྤྱོད་སྤེལ་ན། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ལྡན་པའི་མི་སྣ་གཞན་དག་དང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་། སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་བགྲེས་སོང་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཡར་ཞུ་བྱས་ཏེ། ལྟ་སྐྱོང་མཁན་གྱི་ཐོབ་ཐང་མེད་པར་བཟོ་བའི་དབང་ཆ་ཡོད།
དོན་ཚན་ཉེར་གསུམ་པ། བཟའ་མི་དང་བགྲེས་སོང་གིས་མཉམ་དུ་འཚོ་བ་རོལ་བའམ་ཡང་ན་ཉེ་འཁོར་དུ་སྡོད་པར་སྐུལ་མ་གཏོང་དགོས།
ལོ་འཁོར་བརྒྱད་ཅུ་ཡན་གྱི་བགྲེས་སོང་ཆ་རྐྱེན་ཅི་ཡང་མེད་པར་བུ་བུ་མོའི་ཁྱིམ་ཐོར་ཞུགས་ཆོག ལོ་འཁོར་དྲུག་ཅུ་ཡན་གྱི་ཁེར་འདུག་བགྲེས་སོང་ནི་སྲི་ཞུ་བསྒྲུབ་པར་འདོད་པའི་ཉེ་འབྲེལ་ལ་གཅར་ཆོག་ལ། ཉེ་འབྲེལ་གྱི་ཁྱིམ་ཐོར་རང་མོས་སུ་ཞུགས་ཆོག རྒྱལ་ཁབ་ལ་གཏན་འབེབས་གཞན་ཡོད་པ་ཕུད། ཁྱིམ་ཐོར་ཞུགས་པའི་བགྲེས་སོང་གིས་ཁྱིམ་ཐོར་ཞུགས་སའི་རྩ་བའི་སྤྱི་སྤྱོད་ཞབས་ཞུ་ལོངས་སུ་སྤྱོད་ཆོག
དོན་ཚན་ཉེར་བཞི་བ། རྩ་བའི་རྒན་གསོ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆེད་ལས་ལོ་འཁོར་སྲུང་དངུལ་དང་ཁེ་ལས་ལོ་འཁོར་སྲུང་དངུལ། དེ་མིན་སྒེར་གསོག་ལུགས་ཀྱི་རྒན་གསོ་འགན་སྲུང་། ཚོང་ལས་འགན་སྲུང་སོགས་ནང་དུ་ཚུད་པའི་རིམ་མང་རྒན་གསོ་འགན་སྲུང་མ་ལག་བཟོ་བར་རོགས་སྐྱོར་བྱེད་དགོས།
དོན་ཚན་ཉེར་ལྔ་བ། རྩ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྩ་བའི་སྨན་བཅོས་འགན་སྲུང་གི་དངུལ་གཏོང་ཚད་ཆེར་བསྐྱེད་དང་སྨན་བཅོས་འགན་སྲུང་ཐོབ་ཐང་མཐོ་རུ་བཏང་ནས། བགྲེས་སོང་གི་རྩ་བའི་སྨན་བཅོས་དགོས་མཁོ་འགན་ལེན་དགོས།
མ་མཐའི་འཚོ་རྟེན་འགན་སྲུང་ལོངས་སུ་སྤྱོད་པའི་བགྲེས་སོང་དང་རྒྱལ་ཁབ་ཀྱི་གཏན་འབེབ་ལྟར་གཏན་ལ་ཕབ་པའི་ཁྱད་དབུལ་མི་སྣའི་ཁྲོད་ཀྱི་བགྲེས་སོང་མཁར་གྲོང་སྡོད་དམངས་ཀྱི་རྩ་བའི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ལ་སྲིད་གཞུང་གིས་གསབ་དངུལ་སྟེར་དགོས།
དོན་ཚན་ཉེར་དྲུག་པ། ཡུན་རིང་ལྟ་སྐྱོང་འགན་ལེན་གྱི་བྱ་བ་བསྒྲུབ་དགོས། ཡུན་རིང་ལྟ་སྐྱོང་འགན་ལེན་ལམ་ལུགས་བཟོ་བ་དང་། ཚོང་ལས་འགན་སྲུང་ཀུང་སིས་ཡུན་རིང་ལྟ་སྐྱོང་འགན་ལེན་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་ལ་སྐུལ་མ་བཏང་ནས། བགྲེས་སོང་གི་ཡུན་རིང་ལྟ་སྐྱོང་དགོས་མཁོ་འགན་ལེན་དགོས།
དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཏན་ལ་ཕབ་པའི་ཁྱད་དབུལ་མི་སྣའི་ཁྲོད་ཀྱི་བགྲེས་སོང་ལ་རྫོང་རིམ་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་ལྟར་གསོ་སྐྱོང་བྱེད་དགོས།
འཁྱམ་པོ་སྤྲང་བོ་དང་རྒྱང་དུ་བསྐྲད་པ་སོགས་འཚོ་བར་རྒྱབ་རྟེན་མེད་པའི་བགྲེས་སོང་དང་དེ་མིན་སྐྱོབ་རོགས་ཆ་རྐྱེན་དང་མཐུན་པའི་བགྲེས་སོང་ལ་རྫོང་རིམ་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབ་ལྟར་སྐྱོབ་རོགས་བྱ་དགོས།
དོན་ཚན་ཉེར་བརྒྱད་པ། རང་རེའི་ཞིང་ཆེན་གྱིས་ལོ་འཁོར་བརྒྱད་ཅུ་ཡན་གྱི་བགྲེས་སོང་ལ་ལོ་རྒས་གསབ་དངུལ་ལམ་ལུགས་ལག་ཏུ་བསྟར་རྒྱུ། ལོ་རྒས་གསབ་དངུལ་དེ་ལོ་ཚད་རིམ་པ་དབྱེ་ནས་སྟེར་བར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས་གསབ་དངུལ་ཚད་གཞི་དུས་བསྟུན་ལེགས་སྒྲིག་བྱེད་ངེས།
འཚོ་བ་རང་རྐྱ་མི་ཐུབ་པ་དང་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་བགྲེས་སོང་ལ་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ནུས་ཤོར་ཚད་རིམ་སོགས་གནས་ཚུལ་ལ་གཞིགས་ནས་ལྟ་སྐྱོང་གསབ་དངུལ་སྟེར་དགོས།
དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་ལོ་རྒས་དང་ནུས་ཤོར་སོགས་བགྲེས་སོང་ལ་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒན་གསོ་ཞབས་ཞུའི་གསབ་དངུལ་རིམ་པ་བཞིན་སྟེར་དགོས།
དོན་ཚན་ཉེར་དགུ་བ། འཆར་ལྡན་བུ་བཙའ་ཁྱིམ་ཚང་གི་བགྲེས་སོང་རོགས་སྐྱོར་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆ་རྐྱེན་དང་མཐུན་པའི་འཆར་ལྡན་བུ་བཙའི་ཁྱིམ་ཚང་དམིགས་བསལ་ཅན་གྱི་བགྲེས་སོང་ལ་དམིགས་བསལ་རོགས་དངུལ་སྟེར་བར་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞིགས་ནས་འགྱུར་ལུགས་ལེགས་སྒྲིག་བྱེད་དགོས།
རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཆར་ལྡན་བུ་བཙའི་ཁྱིམ་ཚང་དམིགས་བསལ་ཅན་གྱི་བགྲེས་སོང་སྨན་ཁང་དུ་སྡོད་པའི་ལྟ་སྐྱོང་གསབ་དངུལ་འགན་སྲུང་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། བགྲེས་སོང་གི་འདོད་པ་ཇི་བཞིན་རྫོང་རིམ་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་རྒན་གསོ་ཁང་དུ་སྡོད་པ་བཀོད་སྒྲིག་སྔོན་ལ་བྱེད་དགོས།
དོན་ཚན་སུམ་ཅུ་བ། བགྲེས་སོང་ནད་པ་སྨན་ཁང་དུ་སྡོད་དུས་རང་རྐྱ་མི་ཐུབ་ན། དེའི་བུ་དང་བུ་མོ་ལ་ལས་ཁུངས་ཀྱིས་ཁེར་བཙས་བུ་དང་བུ་མོ་ཡིན་ན་ལོ་རེར་སྡོམ་འབོར་ཉིན་བཅོ་ལྔ་ལས་མ་འདས་པའི་གཡོག་ལས་ལྟ་སྐྱོང་གི་དུས་ཚོད་སྟེར་དགོས་ཤིང་། ཁེར་བཙས་བུ་དང་བུ་མོ་མིན་ན་ལོ་རེར་སྡོམ་འབོར་ཉིན་བདུན་ལས་མ་འདས་པའི་གཡོག་ལས་ལྟ་སྐྱོང་གི་དུས་ཚོད་སྟེར་དགོས།
ལས་ཁུངས་ཀྱིས་མཉམ་དུ་གྲོས་མོལ་ལམ་ཡང་ན་སྒྲིག་སྲོལ་ལམ་ལུགས་བཟོ་བ་སོགས་རྣམ་པ་བརྒྱུད་ནས་གཡོག་ལས་ལྟ་སྐྱོང་གི་དུས་ཚོད་ཁྲིམས་ལྟར་གཏན་འབེབས་བྱེད་དགོས། གཡོག་ལས་ལྟ་སྐྱོང་གི་སྐབས་སུ་ཟླ་ཕོགས་དང་ཐོབ་ཐང་གི་ཁེ་བཟང་ལ་འགྱུར་བ་མེད།
དོན་ཚན་སོ་གཅིག་པ། དམངས་དོན་བྱ་སྤྱོད་ནུས་པ་ཡོངས་སུ་ལྡན་པའི་བགྲེས་སོང་གིས་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་དང་རྒན་གསོ་ཁང་སོགས་རྩ་འཛུགས་སམ་ཡང་ན་ཁྲིམས་བཀོད་རྒྱུད་འཛིན་པ་ལས་གཞན་མི་སྣ་གཞན་དག་ལ་རྒྱུ་འབུལ་རོགས་སྐྱོང་གྲོས་གཞིའམ་ཡང་ན་རྒན་གསོ་རོགས་སྐྱོར་གྱི་གྲོས་གཞི་གཞན་དག་འགོད་ཆོག
དོན་ཚན་སོ་གཉིས་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་བགྲེས་སོང་ལས་དོན་ལ་ཞལ་འདེབས་དང་རོགས་དངུལ་སྟེར་བར་སྐུལ་མ་བཏང་ནས། བགྲེས་སོང་ལས་དོན་འཕེལ་རྒྱས་ལ་མི་ཤུགས་དང་དངོས་ཤུགས། གྲོན་དངུལ། ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱེད་དགོས།
རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་ཕན་བདེའི་ལས་དོན་གྱི་ཚོན་བྱང་སྤྱི་ཕན་མ་དངུལ་གྱི་བརྒྱ་ཆ༥༠ཡན་གྱི་གྲོན་དངུལ་རྒན་གསོ་ཞབས་ཞུ་ལས་རིགས་ལ་རོགས་སྐྱོར་བྱེད་པར་སྤྱོད་དགོས།
དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གྱི་འཆར་འགོད་སྤྱི་དང་ཚོད་འཛིན་ལུགས་ཀྱི་འཆར་འགོད་ཞིབ་ཕྲ་བཟོ་དུས། མི་རེའི་ཆ་སྙོམས་སྤྱོད་པའི་ས་ཡི་སྨི་གྲུ་བཞི་མ0.1ལས་མི་ཉུང་བའི་ཚད་གཞི་ལྟར། རྒན་གསོ་ཞབས་ཞུ་སྒྲིག་བཀོད་ཁག་བགོ་རིམ་བགོ་སྒོས་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས། དེའི་སྲིད་འཛིན་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་རྒན་གསོའི་དགོས་མཁོའི་གནས་ཚུལ་ལ་གཞིགས་ནས། དེའི་སྲིད་འཛིན་ས་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆེད་ཚན་འཆར་གཞི་བཟོ་དགོས།
དོན་ཚན་སོ་བཞི་བ། འདུས་སྡེ་དང་སྡོད་ཁང་གཞིས་ཁུལ་གསར་བ་བསྐྲུན་དུས། འཆར་འགོད་དང་འབྲེལ་ཡོད་གཏན་འབེབ་ལྟར་རྒན་གསོ་ཞབས་ཞུ་སྒྲིག་བཀོད་དང་གསར་དུ་བསྐྲུན་དགོས། བེད་སྤྱོད་བཞིན་པའི་འདུས་སྡེ་དང་སྡོད་ཁང་གཞིས་ཁུལ་ལ་རྒན་གསོ་ཞབས་ཞུ་སྒྲིག་བཀོད་མེད་པའམ་ཡང་ན་ད་ཡོད་སྒྲིག་བཀོད་དེ་འཆར་འགོད་ཀྱི་བླང་བྱ་ཡི་ཚད་དུ་མ་བསླེབས་ན། ཉོ་སྒྲུབ་དང་བརྗེ་བཀོད། གཞན་ནས་གླ་བ། སྒྱུར་སྐྲུན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འཛུགས་སྐྲུན་བྱེད་དགོས།
དོན་ཚན་སོ་ལྔ་བ། ཁེ་གཉེར་མིན་པའི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ས་གནས་ནི་ཁྲིམས་ལྟར་རྒྱལ་དབང་བགོ་སྤྲོད་དམ་ཡང་ན་ཞིང་གྲོང་གི་ཐུན་མོང་འཛུགས་སྐྲུན་ས་ཞིང་སྤྱོད་ཆོག ཁེ་གཉེར་ཅན་གྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ས་གནས་ནི་གླ་བའམ་ཡང་ན་གཞན་བསྐོར་སོགས་རིན་ལེན་ཐབས་ཀྱིས་སྔོན་ལ་མཁོ་སྤྲོད་འགན་ལེན་ཡོད་དགོས།
ཁེ་གཉེར་མིན་པའི་རྒན་གསོ་ལས་ཁུངས་ལ་འབྲེལ་ཡོད་སྡེ་ཁག་གིས་ཁེ་གཉེར་ཅན་གྱི་རྒན་གསོ་ལས་ཁུངས་སུ་བསྒྱུར་བར་ཁྲིམས་ལྟར་ངོས་འཛིན་མོས་མཐུན་བྱུང་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབ་གཞན་ཡོད་པ་ཕུད། དེ་ཡི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གྱི་ས་གནས་ལ་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཆོག་མཆན་འཐོབ་པ་བརྒྱུད་ནས། ས་ཞིང་གཞན་བསྐོར་དང་གླ་བའི་འགྲོ་ལུགས་བསྒྲུབ་པ་དང་གྲོས་བྱས་ཏེ། ས་ཞིང་གཞན་བསྐོར་གྲོན་དངུལ་དང་གླ་ཡོན་གསབ་དགོས།
རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གྱི་ས་གནས་ལ་ཁྲིམས་བཀོད་སྒྲིག་རིམ་མ་བརྒྱུད་པར་དེ་ཡི་སྤྱོད་སྒོ་བསྒྱུར་མི་རུང་།
དོན་ཚན་སོ་དྲུག་པ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགན་འཁུར་བའི་བགྲེས་སོང་གི་བྱ་བའི་ལས་ཁུངས་ཀྱིས་ཞིང་ཆེན་ཧྲིལ་བོར་གཅིག་གྱུར་གྱི་ཆ་འཕྲིན་སྟེགས་བུ་བཙུགས་ཏེ། གཞི་གྲངས་ཀྱི་རྨང་གཞི་དང་རྒན་གསོའི་ཞབས་ཞུའི་ཐོན་ཁུངས། རྒན་གསོ་ཞབས་ཞུའི་ལས་ཁུངས་ཟིན་ཐོར་འགོད་པ་དང་། ལས་ཞུགས་མི་སྣའི་ཚུལ་མིན་གྱི་ཆ་འཕྲིན། ཡར་ཞུ་དང་ལེན། ཐེར་འདོན་ཡར་ཞུ་སོགས་མཁོ་སྤྲོད་བྱ་དགོས།
ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་བ་སྤེལ་ཏེ། ཁྱེར་འཕྲིན་སྦྲེལ་དྲྭ་དང་སྤྲིན་རྩིས། དངོས་འབྲེལ་དྲ་རྒྱ། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་རྒན་གསོའི་ལས་དོན་དང་ཕྱར་བུ་གྲུ་འདེགས་ཀྱི་ཚུལ་གྱིས། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་དང་ཁྱིམ་ཐོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཆ་འཕྲིན་ཐོན་ཁུངས་གཅིག་ཏུ་བསྒྲིལ་བར་སྐུལ་མ་བཏང་ནས། རྒན་གསོ་ཞབས་ཞུའི་སྤྱི་བའི་ཆ་འཕྲིན་གྱི་ཐོན་ཁུངས་རིགས་སོ་སོའི་རྒན་གསོ་ཞབས་ཞུའི་ལས་ཁུངས་དང་མཉམ་དུ་སྤྱོད་པར་བསྐུལ་དགོས།
ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྱིམ་མཚེས་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུ་གསར་བསྐྲུན་ལ་བསྐུལ་ཏེ། སྡེ་ཁུལ་དུ་ཕྱོགས་བསྡུས་ཀྱི་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་གྱིས། ཞབས་ཞུའི་ཆེད་ལས་སོ་སོའི་རྩ་འཛུགས་དང་མཉམ་འབྲེལ་བྱས་ནས་སྐུད་མེད་ཞབས་ཞུ་དང་བརྙན་མིག མྱུར་སྐྱོར་སོགས་ཁྱབ་སྤེལ་བྱས་ཏེ་བགྲེས་སོང་རྣམས་ལ་ཟ་རོགས་དང་ལས་རོགས། ནད་བཅོས་རོགས་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱ་དགོས།
དོན་ཚན་སོ་བདུན་པ། ཞབས་ཞུའི་ཆེད་དམིགས་ལས་ཁུངས་དང་མི་སྒེར་དང་རྩ་འཛུགས་ཀྱིས་སྐུལ་མ་དང་རོགས་སྐྱོར་ལ་བརྟེན་ནས། ཁྱིམ་མཚེས་ཀྱི་བགྲེས་སོང་ལ་འཚོ་བའི་ཐད་ནས་མཐུན་རྐྱེན་སྦྱར་བ་དང་། འཚོ་ཚིས་ལ་རོགས་རམ། ཁང་བ་ཞིག་གསོ། མྱུར་སྐྱོབ། སྨན་བཅོས། སེམས་གསོ། རིག་གནས་རོལ་རྩེད་སོགས་རིམ་པ་མི་འདྲ་བ་དང་སྣ་མང་ཅན་གྱི་ཞབས་ཞུ་མཁོ་སྤྲོད་བྱ་དགོས།
གྲོང་རྡལ་དང་ཡུལ་ཚོའི་སྡེ་ཁུལ་གྱིས་བྱེད་ནུས་འདོན་པར་སྐུལ་མ་དང་རྒྱབ་སྐྱོར་གྱིས་ཞབས་ཞུའི་སྣེ་ཁྲིད་སོགས་ཀྱི་བྱེད་ནུས་བཏོན་ཏེ། ཁྱིམ་མཚེས་རྒན་གསོའི་ཞབས་ཞུའི་ཆ་འཕྲིན་ཕྱོགས་བསྡུས་ཀྱིས་སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས་(ས་ཚིགས)དང་སྡེ་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས། འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་བགྲེས་སོང་རྣམས་ལ་སེམས་ཁམས་སློབ་སྟོན་དང་ཁྱིམ་ལས་དང་བཟའ་བཅའ། ཅ་ལག ཁེ་སྲུང་། སྨན་བཅོས་འཕྲོད་བསྟེན། དུར་སྦེད་སོགས་གནད་འཁེལ་རང་བཞིན་དང་ཁྱད་ཆོས་རང་བཞིན། ཆེད་ལས་རང་བཞིན་བཅས་ཀྱི་རྣམ་པ་ལྡན་པའི་ཞབས་ཞུ་བསྒྲུབ་དགོས།
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་བཟོ་བ་དང་འཐུས་ཚང་དུ་གཏང་དགོས།
ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོ་ཁང་དང་ཞིང་གྲོང་གི་ཉིན་མོའི་བདག་སྐྱོང་ལྟེ་གནས། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་སོགས་ལ་མངག་བཅོལ་ནས། གཅིག་སྡུད་མངའ་ཁོངས་རང་བཞིན་ལྡན་པའི་རྒན་གསོ་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ནས། རྒན་གསོ་ཞབས་ཞུའི་ཉི་འོད་ཁྱིམ་ཚང་སོ་སོར་འཕྲོ་ཐུབ་དགོས།
གྲོང་གསེབ་ཀྱི་ངལ་གསོ་ར་བ་དང་མཁོ་ཆས་བསྐྲུན་པར་རྒྱབ་སྐྱོར་དང་བཀོལ་སྤྱོད་བྱས་ཏེ། རང་མོས་རོགས་རམ་དང་རང་མོས་མཉམ་ལས་ཀྱི་རྣམ་པའི་རྒན་གསོ་ཞབས་ཞུའི་མཁོ་ཆས་ཇེ་བཟང་ཇེ་ལེགས་སུ་གཏང་དགོས།
གྲོང་གསེབ་ཀྱི་རྒན་གསོ་ཞབས་ཞུ་ཁང་དུ་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་འཇོག་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དང་ས་ཞིང་སྐོར་སྐྱོད་སོགས་ཀྱི་ཁེ་ཕན་སྙོམས་སྒྲིག་ལེགས་པོར་བྱས་ཏེ། རང་རང་སོ་སོས་སྡེ་བའི་བགྲེས་སོང་གསོ་སྐྱོང་གི་གནད་དོན་ཐག་གིས་གཅོད་དགོས།
སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བཙུགས་པའི་བགྲེས་སོང་གི་རྩ་འཛུགས་སོགས་ཀྱི་ཕན་ནུས་འདོན་པར་རྒྱབ་སྐྱོར་གྱིས། སྤྱི་ཚོགས་སྟེང་གི་ལས་ཀ་བ་དང་རང་འདུན་པ་བཅས་ཞིང་གྲོང་གི་རྒས་འཁོགས་དང་ནུས་མེད། དབུལ་ཕོངས། དབང་སྐྱོན། དམིགས་བསལ་ཅན་གྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་། ཁྱིམ་ལུས་བགྲེས་སོང་རྣམས་ལ་གཅེས་སྐྱོང་དང་བདག་སྐྱོང་། སེམས་གསོ་སོགས་ཀྱི་ཞབས་ཞུའི་ཁྲོད་ཞུགས་པར་སྐུལ་མ་གཏང་དགོས།
དོན་ཚན་སོ་དགུ་བ། སྤྱི་ཚོགས་ཀྱི་ནུས་ཤུགས་བཏོན་ནས་རྒན་གསོའི་ལས་ཁུངས་དང་རྒན་གསོ་ཞབས་ཞུའི་རྩ་འཛུགས་གཞན་པ་སྤེལ་བར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གིས་མ་དངུལ་བཏང་བའི་རྒན་གསོ་ཞབས་ཞུའི་མཁོ་ཆས་འཁོར་སྐྱོད་བྱ་དགོས།
ཁེ་ལས་དང་ལས་དོན་སྡེ་ཁག་གིས་ཟས་རིགས་དང་སྨན་རྫས། སྨན་བཅོས་གསོ་སྐྱོང་། ཉིན་རྒྱུན་གྱི་བདག་སྐྱོང་སྐོར་གྱི་ཐོན་རྫས་དང་སྤྱོད་རྫས་ཞིབ་འཇུག་དང་གསར་སྐྲུན། ཐོན་སྐྱེད། སྤྱི་གཉེར་བཅས་བྱས་ནས་བགྲེས་སོང་གི་དགོས་མཁོ་བསྐངས་ནས་ཞབས་ཞུའི་རྣམ་གྲངས་འཐུས་ཚང་དུ་གཏང་དགོས།
དོན་ཚན་བཞི་བཅུ་བ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བགྲེས་སོང་ལས་ཁུངས་འཕེལ་རྒྱས་གཏོང་བའི་ཁྲལ་བསྡུའི་སྲིད་ཇུས་དོན་འཁྱོལ་ཡོང་བར་བསྐུལ་དགོས།
རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་གཏན་འཁེལ་གཞི་བྱས་ནས། ཁེ་གཉེར་མིན་པའི་རྒན་གསོའི་ལས་ཁུངས་ཀྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་ཡོན་མེད་པར་གཏོང་བ་དང་། ཁེ་གཉེར་ཅན་གྱི་རྒན་གསོའི་ལས་ཁུངས་ཀྱི་ཁྲལ་བསྡུ་དང་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་ཡོན་ཕྱེད་ཙམ་མེད་པ་གཏོང་བ་དང། རྒན་གསོའི་ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུའི་འཁོར་སྐྱོད་ཚོང་གཉེར་གྱི་ཁྲལ་བསྡུ་དང་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་ཡོན་ཕྱེད་མེད་པར་གཏོང་དགོས། རྒན་གསོའི་ལས་ཁུངས་ཀྱི་གློག་དང་ཆུ། སོལ་རླངས་བཅས་སྡོད་དམངས་ཀྱི་འཚོ་བའི་རིན་གོང་ལྟར་ལག་ཏུ་བསྟར་དགོས།
དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དམངས་སྲིད་སྡེ་ཁག་གིས། རྒན་གསོའི་ལས་ཁུངས་ཁག་བགོས་དོ་དམ་དང་རྒན་གསོ་ཞབས་ཞུའི་དཔྱད་དཔོག་ལམ་ལུགས་བཟོ་དགོས། ཁྱིམ་སྡོད་རྒན་གསོ་ཞབས་ཞུ་དང་ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུ། བདེན་དཔང་ལ་ཁ་གསབ་སྤྲོད་པའི་དཔྱག་དཔོག་བརྒྱུད་དེ། རྒན་གསོ་ཞབས་ཞུའི་ཕྱི་གཏོང་ནང་འཇུག་གི་ལམ་ལུགས་གནད་དུ་འཁེལ་བར་འཐུས་ཚང་དུ་བཏང་ནས། རྒན་གསོ་ཞབས་ཞུ་ཚད་ལྡན་ཅན་དང་ཚུལ་མཐུན་ཅན་དུ་གཏོང་བར་བསྐུལ་དགོས།
དམངས་སྲིད་སྡེ་ཁག་གིས་དུས་བཅད་ལྟར་རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་མིང་ཐོ་དང་རྒན་གསོ་ཞབས་ཞུའི་གླ་དངུལ་གྱི་རྣམ་གྲངས། ཚད་ལྡན་བཅས་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་དགོས།
རིན་གོང་དང་དམངས་སྲིད་སོགས་ཀྱི་སྡེ་ཁག་གིས་འགྱུར་ལུགས་བདམ་བཤེར་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་ལས་སྒོའི་བྱ་འགུལ་ལ་ལྟ་སྐུལ་དང་དོ་དམ་བྱ་དགོས་པར་མ་ཟད། ཁྲིམས་འགལ་གྱི་ཆ་འཕྲིན་ཡིག་ཚགས་རྣལ་མའི་ཁྲོད་ཐོ་བཀོད་ནས་དུས་ལྟར་སྤྱི་ཚོགས་སུ་སྒྲོགས་དགོས།
དོན་ཚན་ཞེ་གཉིས་པ། རྒན་གསོ་ཞབས་ཞུའི་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད། གདེང་འཇོག སྐུལ་མ་བཅས་གཏོང་བའི་ལམ་ལུགས་བཟོས་ནས་རྒན་གསོ་ཞབས་ཞུ་ཇེ་རྒྱས་ཇེ་ལེགས་སུ་གཏང་དགོས། ཁྲིམས་ལྟར་ལས་ཀ་ཚད་ལྡན་དང་ལས་ཞུགས་མི་སྣའི་ངལ་རྩོལ་གླ་ཆ་ལུགས་མཐུན་གྱིས་ཇེ་མང་གཏོང་བར་བསྐུལ་ཏེ། ཆེད་བསྐོས་ལས་འགན་དང་འགན་གཅིག་ལྕོགས། རང་འདུན་པ་བཅས་རྒན་གསོ་ཞབས་ཞུའི་དཔུང་ཁག་དང་ཟུང་དུ་འབྲེལ་བ་འཕེལ་རྒྱས་གཏང་དགོས།
མཐོ་རིམ་སློབ་གླིང་དང་ལས་རིགས་སློབ་གླིང་། ལས་རིགས་གསོ་སྐྱོང་བཅས་ཀྱི་ལས་ཁུངས་ཀྱིས། རྒན་གསོ་ཞབས་ཞུ་དང་འབྲེལ་བའི་ཆེད་ལས་སམ་གསོ་སྐྱོང་གི་རྣམ་གྲངས་གསར་དུ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། རྒན་གསོ་ཞབས་ཞུའི་ཆེད་ལས་མི་སྣ་གསོ་སྐྱོང་བྱ་དགོས། ཆ་རྐྱེན་དང་མཐུན་པའི་མི་སྣ་རྒན་གསོ་ཞབས་ཞུའི་ལས་རིགས་གསོ་སྐྱོང་དུ་ཞུགས་སུ་བཅུག་སྟེ། འབྲེལ་ཡོད་གཏན་འཁེལ་ལྟར་ཁ་གསབ་ལོངས་སུ་སྤྱོད་ཆོག
དོན་ཚན་ཞེ་གསུམ་པ། རྒན་གསོ་ལས་ཁུངས་དང་ལས་ཀ་བས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཞབས་ཞུའི་གྲོས་མཐུན་ལག་ལེན་གྱི་འོས་འགན་བཅས་གཙུག་ཏུ་བཀུར་ནས། བགྲེས་སོང་གི་ཁེ་དབང་ལ་གནོད་པའི་བྱ་བ་གཅིག་ཀྱང་བསྒྲུབ་མི་རུང་།
དོན་ཚན་ཞེ་བཞི་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། སྲིད་གཞུང་གི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་འགན་ནུས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་ཀྱིས། ཁྱིམ་སྡོད་བགྲེས་སོང་གི་ཞབས་ཞུའི་དགོས་མཁོ་སྐོང་བར་འགན་ཡོད་པ་གཤམ་གསལ།
(གཅིག) ཡིག་ཚགས་རྣལ་མ་བཟོས་ནས་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས་དུས་བཅད་ལྟར་རིན་མི་ལེན་པར་བརྟག་དཔྱད་དང་རིམས་འགོག་སྨན་ཁབ་དང་འགོག་སྨན་རྒྱག་པའི་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། ནད་རིགས་སྔོན་འགོག་དང་རྨས་སྐྱོན་སྔོན་འགོག རང་སྐྱོབ། རང་སྲུང་སོགས་ཀྱི་བདེ་ཐང་མཛུབ་སྟོན་འདོན་སྤྲོད་བྱ་དགོས།
(གཉིས) ལུས་གསོ་ཞབས་ཞུའི་མཛུབ་སྟོན་བྱས་ནས། བགྲེས་སོང་ལ་ཀྲུང་ལུགས་སྨན་རྫས་བདེ་ཐང་དང་ཤེས་བྱ། ལུས་ཁམས་བདེ་སྲུང་། ནད་རིགས་དྭངས་པའི་ཞབས་ཞུ་ཁྱབ་གདལ་བཏང་ནས། ཀྲུང་ལུགས་སྨན་རྫས་གཟུགས་གཞི་ལ་ཕན་པའི་ཞབས་ཞུ་བསྒྲུབ་དགོས།
(གསུམ) ཁྱིམ་དུ་སྨན་བཅོས་བྱེད་པའི་གྲོས་མཐུན་དུ་མིང་རྟགས་བཀོད་པའི་ཁྱིམ་སྡོད་བགྲེས་སོང་རྣམས་ལ། གྲོས་མཐུན་གྱི་ནང་དོན་ལྟར་ཁྱིམ་དུ་སོང་ནས་སྨན་བཅོས་དང་ནད་གཡོག ནད་ཁྲི། ནད་མེད་འགོག་བཅོས། སྔོན་ལ་སྨན་བཅོས། ཕྱོགས་གཉིས་སྨན་བཅོས་སོགས་ཀྱི་ཞབས་ཞུ་རྣམ་དག་བསྒྲུབ་དགོས།
གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་དང་ཁོངས་གཏོགས་སྡེ་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས། གྲོང་གསེབ་མངའ་ཁོངས་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་སྟེགས་བུ། རྒན་གསོ་ཞབས་ཞུའི་ལས་ཁུངས་བཅས་ཕྱར་བ་གྲུ་འདེགས་བྱས་ནས། སྨན་བཅོས་ས་གནས་སམ་ནད་གཡོག་མངགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། བགྲེས་སོང་རྣམས་ལ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་བྱ་དགོས།
དོན་ཚན་ཞེ་ལྔ་བ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་པར་ཤུགས་བསྣན་ནས། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒན་གསོའི་ལས་ཁུངས་སུ་ནང་འདྲེན་དང་། སྡེ་ཁུལ་དང་ཞིང་གྲོང་གི་མངའ་ཁོངས་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་སྟེགས་བུ་སྐུལ་སྤེལ་གྱིས། རྒན་གསོའི་ལས་ཁུངས་སུ་བགྲེས་སོང་གི་སྨན་ཁང་དང་ལུས་གསོའི་སྨན་ཁང་། སྨན་བཅོས་ལས་དོན་ཁང་སོགས་སྨན་བཅོས་འཕྲོད་བསྟེན་གསར་དུ་འཛུགས་པར་རྒྱབ་སྐྱོར་བྱ་དགོས། ཆ་རྐྱེན་དང་མཐུན་པའི་ལས་གཉེར་སྨན་པ་རྒན་གསོའི་ལས་ཁུངས་དང་། སྡེ་ཁུལ་གྱི་བགྲེས་སོང་བདག་སྐྱོང་ལས་ཁུངས་སུ་བཙུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་ལས་གཉེར་གང་མང་བསྒྲུབ་དགོས།
རྒན་གསོའི་ལས་ཁུངས་སུ་བཙུགས་པའི་སྨན་བཅོས་ལས་ཁུངས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཁག་ཐེག་དང་། གྲོང་རྡལ་དང་ཡུལ་ཚོའི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཁག་ཐེག་གི་གནས་ས་གཏན་འཁེལ་བྱེད་པའི་ཆ་རྐྱེན་དང་མཐུན་ཚེ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གནས་ས་གཏན་འཁེལ་བྱེད་པའི་ཁྱབ་ཁོངས་སུ་ཚུད་པར་བྱ་དགོས།
རྫོང(ས་ཁུལ)དང་ཡུལ་ཚོ(གྲོང་རྡལ)གྱི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོའི་ལས་ཁུངས་སུ་བཙུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གོམ་གང་མདུན་སྤོས་ཀྱིས་ས་ཆ་གཞན་དུ་སྨན་པ་བསྟེན་པའི་ཚེ་ཐད་ཀར་བསྡོམས་རྩིས་ཆོག་པའི་ཁྱབ་ཁོངས་སུ་ཚུད་པར་བྱས་ཏེ། བགྲེས་སོང་རྣམས་ཀྱིས་ས་ཆ་གཞན་ནས་སྨན་པ་བསྟེན་པའི་དོ་དམ་ལེགས་བཅོས་དང་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་པར་སྟབས་བདེར་བཟོས་ནས་བགྲེས་སོང་གིས་ས་ཆ་གཞན་ནས་ལས་སླ་མོས་སྨན་པ་བསྟེན་པར་ཁག་ཐེག་བྱ་དགོས།
དོན་ཚན་ཞེ་དྲུག་བ། བགྲེས་སོང་གི་གཅོང་ནད་དོ་དམ་དང་ལུས་གསོ་བདག་སྐྱོང་ལེགས་པར་བསྒྲུབ་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོའི་ལས་ཁུངས་བར་ཕྱར་བ་གྲུ་འདེགས་བྱེད་པའི་ལམ་ལུགས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། རྒན་གསོའི་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུ་ཡུན་དུ་བསྲིངས་ཏེ་བགྲེས་སོང་རྣམས་ལ་སྨན་བཅོས་ཞབས་ཞུ་སྟབས་བདེར་བསྐྲུན་དགོས།
ཆ་རྐྱེན་ཡོད་པའི་སྨན་བཅོས་ལས་ཁུངས་དང་རྒན་གསོའི་ལས་ཁུངས་སུ་ལུས་ཁམས་གསོ་བའི་ལྟེ་གནས་འཛུགས་པར་བསྐུལ་ཏེ། རྒས་འཁོགས་ནད་པ་རྣམས་ལ་ཚེ་མཇུག་གི་སེམས་ཁུར་ཞབས་ཞུ་བསྒྲུབ་དགོས།
དོན་ཚན་ཞེ་བདུན་པ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ལས་ཀར་ཤུགས་བསྣན་ནས། བདེ་འཇགས་དང་སྟབས་བདེ། གཞུང་དྲང་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་བགྲེས་སོང་རྣམས་ལ་མཁོ་འདོན་བྱས་ཏེ། བགྲེས་སོང་གི་འཛད་སྤྱོད་ཁེ་དབང་ལ་གནོད་པའི་བྱ་བ་མཐའ་དག་ཁྲིམས་ལྟར་ཐག་གཅོད་དང་ཡར་ཞུ་བྱ་དགོས།
ཡུལ་ཚོའི(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་གྱི་ལས་སྒྲུབ་ཁང་གིས་དུས་ལྟར་གྲོང་རྡལ་དང་ཡུལ་ཚོ། སྡེ་ཁུལ་བཅས་ཀྱི་བགྲེས་སོང་རྩ་འཛུགས་ཀྱིས་མགོ་གཡོག་མགོ་སྐོར་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ་ནས། ཐེར་འདོན་ཡར་ཞུ་དང་དྲིལ་སྒྲོག་རྫུན་མ། གཡོ་འཕྲུལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བགྲེས་སོང་ཚོར་བརྣག་སེམས་བཅངས་ནས་བདེ་ཐང་སྐོར་གྱི་ཅ་ལག་དང་བཟའ་བཅའ། སྨན་རྫས། ཡོ་བྱད་སོགས་ངོ་སྤྲོད་བྱེད་པར་དུས་ལྟར་དགག་དགོས།
དངུལ་རྩའི་ལས་ཁུངས་སུ་བགྲེས་སོང་རྣམས་ཀྱིས་སྒོར་མོ་སྐུར་བ་དང་དངུལ་འགྲུལ་གཏོང་བའམ་དངུལ་རྩའི་ཐོན་རྫས་ཉོ་བ་སོགས་ཀྱི་ལས་དོན་སྒྲུབ་དུས། དངུལ་རྩའི་ཉེན་ཁའི་སྐོར་དྲན་སྐུལ་བྱ་དགོས།
སྤྱི་བདེ་ལས་ཁུངས་ཀྱིས་བགྲེས་སོང་རྣམས་ལ་མགོ་སྐོར་དང་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་སོགས་ཀྱི་བྱེད་ཐབས་ཁྲིམས་ལྟར་ཞིབ་བཤེར་གྱིས། བགྲེས་སོང་ཚོའི་ལུས་པོ་དང་རྒྱུ་ནོར་བདེ་འཇགས་ཁག་ཐེག་བྱ་དགོས།
དོན་ཚན་ཞེ་བརྒྱད་པ། ཞིང་གྲོང་གི་བགྲེས་སོང་ཚོར་སྤྱི་ཕན་ལས་དོན་གྱི་ཞལ་འདེགས་དང་མ་དངུལ་བསྡུ་བའི་འགན་ཁུར་མེད།
དབུལ་ཕོངས་དམིགས་བསལ་ལ་ཞབས་ཏོག་དང་མ་མཐའི་འཚོ་རྟེན་ཁག་ཐེག འཆར་ལྡན་བུ་བཙའ་ཡི་དམིགས་བསལ་ཁྱིམ་ཚང་། གཟིགས་སྐྱོང་གཙོ་གནད་སོགས་ཀྱི་གྲོང་རྡལ་དང་ཡུལ་ཚོའི་འཚོ་བའི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བགྲེས་སོང་ཚེ་ལས་འདས་པའི་དུར་སྦེད་འགྲོ་གྲོན་ཇེ་ཉུང་ངམ་མེད་པར་བྱ་དགོས།
དོན་ཚན་ཞེ་དགུ་བ། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་དུ་སྡོད་པའི་མི་མང་པོ་མེད་དུས་བགྲེས་སོང་རྣམས་ལ་རིན་མི་ལེན་པར་འདུག་ཏུ་འཇུག་དགོས། བགྲེས་སོང་རྣམས་ལ་རིན་མི་ལེན་པར་སྤྱི་སྤྱོད་འགྲིམ་འགྲུལ་དུ་སྡོད་པར་དོན་འཁྱོལ་ཡོང་བར། ཁེ་ལས་ཀྱིས་གང་ཐུབ་ཀྱིས་གསབ་དངུལ་སྤྲོད་དགོས། བྱེ་བྲག་གི་བྱེད་ཐབས་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱེད་དགོས།
རླངས་འཁོར་འབབ་ཚིགས་དང་གནམ་གྲུ་ཐང་། མཚོ་ཁ་བཅས་ཀྱི་འབབ་ཚིགས་སུ་བགྲེས་སོང་རྣམས་ཀྱིས་འཛིན་ཡིག་སྔོན་ལ་ཉོ་བ་དང་། སྒུག་ས་དང་འགྲོ་ལམ། ལམ་ཆེན་གཙང་མ་བཅས་བཀོད་སྒྲིག་བྱ་དགོས།
དོན་ཚན་ལྔ་བཅུ་བ། ལྗོངས་ཁུལ་གྱི་འཛིན་ཡིག་རིན་གོང་སྲིད་གཞུང་གིས་གཏན་འཁེལ་དང་གོང་བཅག་ཆོག་པ་ལག་ཏུ་བསྟར་ཏེ། ལོ་དྲུག་ཅུ་རེ་ལྔ་ལོན་པའི་བགྲེས་སོང་རྣམས་ལ་རིན་མི་་ལེན་པར་འཛིན་ཡིག་སྟེར་བ་དང་། ལོ་རེ་ལྔ་མ་ལོན་པའི་བགྲེས་སོང་རྣམས་ལ་རྒྱལ་ཁབ་ཀྱིས་བཀས་བཅད་པའི་དུས་ཆེན་མིན་དུས་རིན་མི་ལེན་པ་འཛིན་ཡིག་སྟེར་དགོས་ཤིང་། རྒྱལ་ཁབ་ཀྱིས་བཀས་བཅད་པའི་དུས་ཆེན་དུ་འཛིན་ཡིག་གི་རིན་གོང་ཕྱེད་གཅོག་པའམ་རིན་མི་ལེན་པར་སྟེར་དགོས། བགྲེས་སོང་རྣམས་ཀྱིས་ཐོབ་ཐང་ལག་འཁྱེར་རམ་གཟིགས་སྐྱོང་བདེན་དཔང་སོགས་ཚད་ལྡན་དཔང་རྟགས་ཀྱིས་རང་ལ་ཕན་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག
ཁྲོམ་རའི་སྙོམས་སྒྲིག་བྱེད་པའི་ལྗོངས་ཁུལ་གྱི་རིན་གོང་གོང་འཁོད་ལྟར་ལག་ཏུ་བསྟར་བར་བསྐུལ་དགོས། ལྗོངས་ཁུལ་སོ་སོས་གོང་འཁོད་ལྟར་ལག་ཏུ་བསྟར་བའི་རྨང་གཞིའི་སྟེང་བགྲེས་སོང་རྣམས་ཀྱི་གཟིགས་སྐྱོང་ཇེ་ལེགས་སུ་གཏོང་བར་བསྐུལ་དགོས།
ལྗོངས་ཁུལ་དུ་ཡོད་པའི་འགྲིམ་འགྲུལ་ཡོ་བྱད་ཀྱིས་བགྲེས་སོང་རྣམས་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས།
ལྗོངས་ཁུལ་དུ་བགྲེས་སོང་གིས་འཛིན་ཡིག་སྔོན་ལ་ཉོ་བ་དང་། སྒུག་ས་དང་འགྲོ་ལམ། ལམ་ཆེན་གཙང་མ་སོགས་བཀོད་སྒྲིག་བྱ་དགོས།
དོན་ཚན་ང་གཅིག་བ། རྟེན་མཛོད་ཁང་དང་མཛེས་རྩལ་ཁང་། ཚན་རྩལ་ཁང་། དྲན་གསོ་ཁང་། སྤྱི་བའི་དཔེ་མཛོད་ཁང་། རིག་དངོས་ཁང་། ལུས་རྩལ་ཁང་། སྤྱི་གླིང་སོགས་སྤྱི་བའི་རིག་གནས་དང་ལུས་རྩལ་བཅས་ཀྱི་བྱེད་ནུས་དང་ཁྱད་ཆོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་བགྲེས་སོང་ཚོར་རིན་མི་ལེན་པའམ་གཟིགས་སྐྱོང་གང་ལེགས་བྱ་དགོས།
དོན་ཚན་ང་གཉིས་པ། སྨན་བཅོས་ལས་ཁུངས་ཀྱིས་སྒེའུ་ཁུང་ངམ་ལམ་གཙང་མ། གནས་ཚུལ་འདྲི་རྟོག་སོགས་གསར་དུ་བསྣན་ནས། བགྲེས་སོང་ཚོར་སྨན་བསྟེན་སྔོན་འགྲོ་སྒྲུབ་པ་དང་སྨན་པ་བསྟེན་པ། སྨན་ལེན་པ། བསྡོམས་རྩིས་བརྒྱག་པ། སྨན་ཁང་གཞན་དུ་སྤོ་བ། ཕྱོགས་བསྡུས་སྨན་བཅོས་སོགས་སྟབས་བདེ་དང་གཟིགས་སྐྱོང་གང་ལེགས་བྱ་དགོས།