ཀྲུང་གུང་ཀྲུང་དབྱང་གི་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་གནད་དོན་གལ་ཆེན་སྐོར་ཞིག་གི་ཆོད་དོན་ལ་སྤྱི་ལོ2008ལོའི་ཟླ10པའི་ཚེས12ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།
ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་རྗེས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་འདིར་རང་རྒྱལ་གྱི་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་བཏང་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཉམས་མྱོང་རྩ་ཆེན་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་མིག་ལྟ་བ་དང་ཕྱོགས་བསྡོམས་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་སྔར་ལས་གཅིག་གྱུར་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དེས་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་གཏིང་ཟབ་པོ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་འཐོབ་ཐབས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་པར་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་པོ་ལྡན་པའི་ངོས་འཛིན་ཐོབ་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གནས་བབ་གསར་པའི་འོག་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་གནད་དོན་གལ་ཆེན་འགའ་ཞིག་ཞིབ་འཇུག་བྱས་ཏེ་ཆོད་དོན་བཞག་པ་གཤམ་གསལ།
གཅིག གནས་བབ་གསར་པའི་འོག་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་གལ་འགངས་ཆེ་བའི་དོན་སྙིང་།
ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་གནད་དོན་དང་འབྲེལ་བ་ཡོད། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱས་པའི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ང་ཚོའི་ཏང་གིས་་མང་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རང་རྒྱལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོང་བྱས་པ་དང་། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་པའི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། སྤྱོད་ཚུལ་ནན་ཏན་འཛིན་པ། ཤུགས་གང་ཡོད་ཀྱིས་ཐག་གཅོད་བཅས་བྱས་ནས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་འགྲོ་ལམ་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ལེགས་འགྲུབ་ངང་བཏོད་པ་རེད།
སྤྱི་ལོ1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་རྒྱུ་དང་བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐབས་ཇུས་བཀོད་པ་རེད། ང་ཚོའི་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་པ་དང་། ཞིང་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་དང་ཐོག་གྲོང་གསེབ་ཏུ་བསྒྱུར་བཅོས་བྱེད་འགོ་ཚུགས་པ་མ་ཟད། བརྗིད་རྔམ་ལྡན་པའི་ངང་ནས་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་སྟེ། མི་དམངས་ཀྱི་འགོ་ཁྲིད་དེ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་བྱས་རྗེས་བཞག་པ་རེད། རླབས་ཆེ་ཉམས་བརྗིད་ཀྱི་བསྒྱུར་བཅོས་སྒོ་འབྱེད་བྱེད་རིམ་ནང་ང་ཚོའི་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་གཏིང་ཟབ་པོ་བྱས་ཤིང་། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད་བཅས་ཀྱི་སྒོ་ནས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་རྒྱུན་ཆད་མེད་པར་བཏང་བས། རང་རྒྱལ་གྱི་གྲོང་གསེབ་ལ་གནམ་ས་མགོ་རྟིང་བསློགས་པ་ལྟ་བུའི་འགྱུར་ལྡོག་རླབས་པོ་ཆེ་བྱུང་ཡོད། མི་དམངས་ཀུང་ཧྲེ་མེད་པར་བཟོས་ནས་ཁྱིམ་དུད་ཀྱིས་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱ་རྒྱུ་གཙོ་བོ་བྱེད་ཅིང་གཅིག་གྱུར་དང་ཁ་འགྲེམས་ཟུང་དུ་སྦྲེལ་བའི་བང་རིམ་ཟུང་ལྡན་གྱི་གཉེར་སྐྱོང་སྒྲིག་སྲོལ་བརྟན་པོར་བཙུགས་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་སྒོ་ཕྱོགས་ཡོངས་ནས་ཕྱེ་བ། ཞིང་ལས་དཔྱ་ཁྲལ་མེད་པར་བཟོས་པ། ཞིང་པར་ཐད་ཀར་ཁ་གསབ་བཅས་བྱས་ནས་རང་རྒྱལ་གྱི་གནས་ཚུལ་དངོས་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་དགོས་མཁོ་དང་མཐུན་པའི་གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་རགས་ཙམ་གྲུབ་པ་དང་གཅིག འབྲུ་རིགས་ཐོན་སྐྱེད་ཟམ་མི་འཆད་པར་སྐས་རིམ་གསར་པར་འཕར་བ་དང་། ཞིང་ལས་ཐོན་རྫས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཞིང་པའི་ཡོང་འབབ་འཕར་སྣོན་ཧ་ཅང་ཆེན་པོ་བྱུང་བ། དབུལ་སྐྱོར་གསར་སྤེལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་འཚོ་རྟེན་བཟའ་འབྲུའི་གནད་དོན་ཐག་གཅོད་བྱས་པ་དང་གཉིས། ཞང་གྲོང་ཁེ་ལས་ཀྱི་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་། གྲོང་གསེབ་ཀྱི་ཚོང་ར་དར་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་ལ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྤོ་ལས་ཞུགས་གཞི་རྒྱ་ཆེན་པོ་བྱས་ཤིང་ཞིང་པ་ལས་མི་དུང་ཕྱུར་དུ་མ་ཐོན་ལས་བཟོ་པའི་གྲུབ་ཆ་གལ་ཆེན་དུ་གྱུར་ཏེ། ཀྲུང་གོ་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་གང་མགྱོགས་བཏང་བས། དུས་སྐབས་གསར་པའི་བཟོ་ཞིང་མནའ་འབྲེལ་སྲ་བརྟན་ཏན་ཏིག་བྱུང་བ་དང་གསུམ། གྲོང་གསེབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྤེལ་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རྒྱ་ཆེའི་ཞིང་པ་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་བཟང་ཚད་ལེགས་སུ་མངོན་གསལ་ཕྱིན་པ་དང་། ཚན་རིག་དང་རིག་གནས་བྱང་ཚད་མཐོ་རུ་མངོན་གསལ་ཕྱིན་པ། ལུས་ཁམས་བདེ་ཐང་བྱུང་ཚད་ལེགས་སུ་མངོན་གསལ་ཕྱིན་པ་བཅས་དང་བཞི། གྲོང་གསེབ་ཏུ་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཞིང་། གྲོང་ཚོའི་ཏང་གི་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་འཐུས་ལེགས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བས་གྲོང་གསེབ་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་ནུས་ལྡན་བྱུང་བ་དང་ལྔ་བཅས་རེད། གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་རླབས་པོ་ཆེ་བྱས་པར་བརྟེན་ཞིང་པ་དུང་ཕྱུར་མང་པོའི་ཧུར་སེམས་སྐུལ་སློང་ཧ་ཅང་ཆེན་པོ་ཐུབ་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བཏང་ཞིང་། རྒྱ་ཆེའི་ཞིང་པའི་དངོས་པོ་དང་རིག་གནས་ཀྱི་འཚོ་བ་ལེགས་བཅོས་ཧ་ཅང་ཆེན་པོ་བྱུང་བ་རེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་རླབས་པོ་ཆེ་བྱས་པར་བརྟེན་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཚོལ་ཞིབ་བྱས་པ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་འཛོམས་པོ་མིན་པ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བར་བརྒལ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལེགས་འགྲུབ་ངང་གཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འགྲུབ་པར་ཉམས་མྱོང་རྩ་ཆེན་བསགས་པ་བཅས་རེད།
ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བསྒྱུར་བཅོས་བྱེད་པའི་ཁ་ཕྱོགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་སྒྱུར་བའི་འགྲོ་ལམ་མཐའ་འཁྱོངས། ཞིང་པའི་དངོས་པོའི་ཁེ་ཕན་དང་དམངས་གཙོའི་ཁེ་དབང་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ན། ད་གཟོད་གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོདགསལ་པོར་བྱུང་ཡོད།
མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་མུ་མཐུད་ནས་འགྱུར་བ་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་དོན་གནད་འགག་ཆེ་བའི་དུས་རིམ་དུ་སླེབས་ཡོད། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་རླབས་པོ་ཆེ་རྒྱལ་ཁའི་ངང་མངོན་དུ་སྒྱུར་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གང་མགྱོགས་གཏོང་དགོས་ན། སྔར་ལས་རང་རྟོགས་ཀྱི་སྒོ་ནས་བསམ་བློ་བཅིངས་འགྲོལ་མུ་མཐུད་གཏོང་རྒྱུ་དེ་བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུ་དང་། ཚན་རིག་དང་མཐུན་པར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་བཅས་པའི་ཐོག་ཏུ་དོན་འཁྱོལ་བྱ་དགོས་པ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། མུ་མཐུད་དེ་བསམ་བློ་བཅིངས་འགྲོལ་གཏོང་བར་ངེས་པར་དུ་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་རླབས་པོ་ཆེ་དང་ཟུང་འབྲེལ་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པའི་སྒོ་ནས་འདུ་ཤེས་དང་བསམ་བཀོད་གསར་པར་བརྟེན་ཏེ་གྲོང་གསེབ་འཕེལ་རྒྱས་གཏོང་བའི་དཀའ་གནད་སྒྲོལ་བ་དང་ཐག་གཅོད་བྱས་ཐོག ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱེད་པར་འབྱུང་ཁུངས་ཟད་མཐའ་མེད་པ་འདོན་སྤྲོད་བྱ་དགོས། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱེད་པར་ངེས་པར་དུ་གྲོང་གསེབ་བསྒྱུར་བཅོས་བྱ་རྒྱུའི་གཙོ་གནད་འདི་ཁོང་དུ་ཆུད་པར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བསྒྱུར་བཅོས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུའི་ཐད་བར་བརྒལ་ཆེན་པོ་ཡོང་བར་བྱས་ནས་གྲོང་གསེབ་གོང་དུ་འཕེལ་བར་འགུལ་ཤུགས་གསར་པ་བསྣན་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་པོ་གོང་དུ་འཕེལ་བར་གསོན་ཤུགས་གསར་པ་བསྣན་དགོས། ཚན་རིག་དང་མཐུན་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་འཕེལ་རྒྱས་གཏོང་རྒྱུའི་རྨང་གཞི་འདིར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བ་དང་ཞིང་ལས་ཐོན་རྫས་གཙོ་བོ་ཕན་ནུས་ལྡན་པར་མཁོ་འདོན་བྱ་རྒྱུར་ཁག་ཐེག་ཏན་ཏིག་བྱེད་པ་དང་། ཞིང་ལས་ཐོན་འཕར་ཡོང་བ་དང་། ཞིང་པའི་ཡོང་སྒོ་འཕར་བ། གྲོང་གསེབ་དར་ཞིང་རྒྱས་པ་བཅས་ལ་སྐུལ་སྤེལ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་གོང་དུ་འཕེལ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བར་ངེས་པར་དུ་གྲོང་གསེབ་བརྟན་ལྷིང་ཡོང་བའི་ཁྱོན་ཡོངས་འདི་དམ་འཛིན་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་འཐུས་སྒོ་ཚང་དུ་གཏོང་ཞིང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཞིང་པ་ལས་བརྩོན་བདེ་འཁོད་ཡོང་བར་འགན་ལེན་བྱས་ཏེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་གདིང་དགོས།
རང་རྒྱལ་གྱི་གྲོང་གསེབ་ལ་འཕོ་འགྱུར་གསར་པ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་ཞིང་ལས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པའི་ཐད་གནས་ཚུལ་གསར་པ་ལྷགས་ཤིང་། གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་མཐུན་རྐྱེན་མང་པོ་འཛོམས་ཡོད་ལ། དཀའ་ངལ་དང་འགྲན་སློང་ཡང་མང་པོ་འཕྲད་པ་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་རིགས་གཉིས་ལས་བྱུང་བའི་རིམ་པ་ཟབ་པའི་འགལ་བ་འབུར་ཐོན་དུ་གནས་ཡོད། གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་ད་དུང་འཐུས་སྒོ་ཚང་བ་མིན་པ་དང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཅན་དུ་འགྱུར་ཚད་དམའ་བ། ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་མ་ལག་དང་། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་བཅས་འཐུས་སྒོ་ཚང་བ་མིན་པ་བཅས་པའི་དབང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བའི་སྒྲིག་སྲོལ་དང་ནང་རྐྱེན་འཛུགས་སྐྱོང་བྱ་དགོས་པའི་རེ་འདུན་ཁ་ཚ་དགོས་གཏུག་ཆེ་བ་དང་གཅིག ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྔར་བཞིན་རགས་ལས་ཡིན་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་སྒྲིག་ཆས་རྗེས་ལུས་ཐེབས་པ། རྨོ་ཞིང་ཉུང་དུ་འབོར་ཆེན་སོང་བ། མི་འབོར་ཐོན་ཁུངས་ཁོར་ཡུག་གསུམ་གྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ། གནམ་གཤིས་འགྱུར་ལྡོག་བྱུང་བའི་གནོད་ཚད་ཚབས་ཆེ་རུ་སོང་བ། རང་བྱུང་གནོད་འཚེ་ཡང་ཡང་བྱུང་བ། རྒྱལ་སྤྱིའི་ཐོག་འབྲུ་རིགས་འདོན་སྤྲོད་དང་དགོས་མཁོའི་བར་གྱི་འགལ་བ་མངོན་གསལ་ཆེ་བ་བཅས་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བ་དང་ཞིང་ལས་ཐོན་རྫས་གཙོ་བོ་འདོན་སྤྲོད་དང་དགོས་མཁོའི་བར་དོ་མཉམ་ཡོང་བར་བྱ་རྒྱུའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་གཉིས། གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཅུང་དམའ་བ་དང་། ས་ཁོངས་བར་འཕེལ་རྒྱས་འགྲོ་ཚུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་ཇེ་ཆེར་སོང་བ། གྲོང་གསེབ་ཀྱི་རྗེས་ལུས་ཐེབས་པའི་རྣམ་པ་ལེགས་བཅོས་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་རུ་སོང་བ་བཅས་དང་གསུམ། གྲོང་གསེབ་ཀྱི་སྤྱི་ཚོགས་ཁེ་ཕན་གྱི་གནས་སྟངས་ལ་འགྱུར་བ་གཏིང་ཟབ་བྱུང་ཞིང་། ས་གནས་ཁ་ཤས་སུ་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ནུས་མེད་ཟབ་ཟོབ་ཏུ་གྱུར་པས། གྲོང་གསེབ་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་དང་། གཞི་རིམ་རྩ་འཛུགས་ལེགས་སྐྱོང་། སྤྱི་ཚོགས་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་འགན་ཧ་ཅང་ལྗིད་པོ་ཡིན་པ་དང་བཞི་བཅས་རེད། མདོར་ན་གྲོང་གསེབ་ཀྱི་རྨང་གཞི་སྔར་བཞིན་ཞན་པས། ཤུགས་སྣོན་རྒྱག་དགོས་ཤོས་ཡིན་པ་དང་། གྲོང་གསེབ་གོང་དུ་འཕེལ་ཚུལ་སྔར་བཞིན་རྗེས་ལུས་ཐེབས་པས། རོགས་སྐྱོར་བྱ་དགོས་ཤོས་ཡིན་ཞིང་། ཞིང་པའི་ཡོང་སྒོ་འཕར་བར་སྔར་བཞིན་དཀའ་ངལ་ཆེ་བས། ཡོང་སྒོ་འཕར་སྣོན་ཡོང་བ་གང་མགྱོགས་བྱ་དགོས་ཤོས་རེད། ང་ཚོས་ངེས་པར་དུ་བདེ་སྡོད་ཉེན་བསམ་དང་འབད་བརྩོན་ལྡབ་འགྱུར་བྱས་ནས་གྲོང་གསེབ་ཀྱི་གནས་བབ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ཞིང་ལས་ནི་གནམ་འོག་བདེ་འཁོད་ཡོང་བ་དང་དམངས་སེམས་བརྟན་པོ་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་ཐོན་ལས་ཤིག་ཡིན་པས། ཞིང་ལས་དེང་རབས་ཅན་དུ་གྱུར་མེད་ན་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་མི་སྲིད་པ་དང་། གྲོང་གསེབ་དར་རྒྱས་དང་བརྟན་ལྷིང་མ་བྱུང་ན་རྒྱལ་ཡོངས་དར་རྒྱས་དང་བརྟན་ལྷིང་ཡོང་མི་སྲིད། ཞིང་པ་སྒོ་ཀུན་ནས་འབྱོར་འབྲིང་དུ་གྱུར་མེད་ན་རྒྱལ་ཡོངས་མི་དམངས་སྒོ་ཀུན་ནས་འབྱོར་འབྲིང་དུ་འགྱུར་མི་སྲིད་པ་བཅས་ཏང་ཡོངས་ཀྱིས་ངེས་པར་དུ་ངོས་འཛིན་གཏིང་ཟབ་པོ་བྱ་དགོས། སྤྱིའི་ཆ་ནས་རང་རྒྱལ་ནི་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་པ་དང་། སྲོལ་རྒྱུན་ཞིང་ལས་བསྒྱུར་བཀོད་གང་མགྱོགས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་སྒྱུར་བའི་འགྲོ་ལམ་དུ་སྐྱོད་པའི་གནད་འགག་ཆེ་བའི་དུས་སྐབས་སུ་སླེབས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་རིགས་གཉིས་མེད་པར་བཟོ་གང་ཐུབ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བའི་གནས་སྟངས་གསར་པ་འགྲུབ་པའི་དུས་སྐབས་གལ་ཆེན་དུ་སླེབས་པ་ཡིན། ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་དུས་རིམ་གྱི་རང་བཞིན་ལྡན་པའི་ཁྱད་ཆོས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པ་དང་བསྟུན་ཐབས་དང་། ཞིང་པ་དུང་ཕྱུར་མང་པོ་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་རྒྱུའི་རེ་འདོད་གསར་པ་དང་བསྟུན་ཐབས་བྱས་ཏེ་གོ་སྐབས་དམ་འཛིན་དང་། དུས་བསྟུན་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཧུར་ཐག་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་སྟོབས་ཤུགས་གང་ཡོད་བཏོན་ཏེ་གཏོད་དགོས།
གཉིས། གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱལ་ལ་སྐུལ་སྤེལ་གཏོང་རྒྱུའི་སློབ་སྟོན་བསམ་བློ་དང་། དམིག་ཡུལ་དང་ལས་འགན། གལ་ཆེའི་རྩ་དོན།
དུས་སྐབས་གསར་པར་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་ “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་འཛིན་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་ཟབ་པོ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་དུ་བཟུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ལམ་དུ་བསྐྱོད་རྒྱུ་གཞི་རྩའི་ཁ་ཕྱོགས་སུ་བཟུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་སྒྱུར་བའི་གནས་སྟངས་གསར་པ་གང་མགྱོགས་གྲུབ་པ་བྱ་རྒྱུ་རྩ་བའི་བླང་བྱར་བཟུང་སྟེ་བཟོ་ལས་ཀྱིས་ཞིང་ལས་སྐྱོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པ། མང་སྤྲོད་ཉུང་བསྡུ་འཁྲུག་གཏོང་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་དང་། སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད། ཞིང་ལས་ཀྱི་རྨང་གཞིར་ཤུགས་སྣོན། ཞིང་པའི་ཡོང་འབབ་འཕར་སྣོན། ཞིང་པའི་ཁེ་དབང་འགན་སྲུང་། གྲོང་གསེབ་འཆམ་མཐུན་ཡོང་བར་སྐུལ་སྤེལ་བཅས་བྱས་ནས་རྒྱ་ཆེའི་ཞིང་པ་རྣམས་ཀྱི་ཧུར་བརྩོན་བྱེད་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མགྱོགས་པའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པས་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུའི་བླང་བྱ་གསར་པ་དང་། ཐོན་སྐྱེད་གོང་དུ་འཕེལ་བ་དང་། འཚོ་བ་ཕྱུག་པོ། གྲོང་གསེབ་ཀྱི་དར་སྲོལ་བཟང་བ། གྲོང་ཚོའི་རྣམ་པ་གཙང་ཞིང་གྲ་འགྲིག་པོ། དོ་དམ་དམངས་གཙོ་ལྡན་པ་བཅས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་བླང་བྱར་གཞིགས་ནས2020ལོར་སླེབས་དུས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་དམིགས་ཡུལ་དང་ལས་འགན་ནི། གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་སྒོ་ཚང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བའི་སྒྲིག་སྲོལ་དང་ནང་རྐྱེན་གཞི་རྩའི་ཐོག་འཛུགས་པ་དང་གཅིག དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་ལ་ཡར་རྒྱས་མངོན་གསལ་ཡོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་མངོན་གསལ་འགྲོ་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བ་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་འདོན་ཐད་འགན་སྲུང་ནུས་ལྡན་བྱེད་ཐུབ་པ་དང་གཉིས། ཞིང་པ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེར་གཙང2008ལོ་ལས་ལྡབ་གཅིག་འཕར་རྒྱུ་དང་། འཛད་སྤྱོད་ཆུ་ཚད་མཐོ་རུ་ཆེན་པོ་འགྲོ་ཞིང་། བལྟོས་བཅས་ཀྱི་དབུལ་ཕོངས་གནས་ཚུལ་གཞི་རྩའི་ཆ་ནས་མེད་པར་བཟོ་བ་དང་གསུམ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་གྲོང་མིའི་རང་སྐྱོང་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་ཞིང་། ཞིང་པའི་དམངས་གཙོའི་ཁེ་དབང་འགན་སྲུང་ཏན་ཏིག་ཡོང་བ་དང་བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་མངོན་གསལ་བཏང་ནས་གྲོང་གསེབ་ཀྱི་རིག་གནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་། ཞིང་པའི་གཞི་རྩའི་རིག་གནས་ཁེ་དབང་སྔར་ལས་དོན་ཐོག་ཏུ་འཁྱོལ་ཞིང་། གྲོང་མི་ཚང་མར་སློབ་གསོ་ལེགས་པོ་དང་ལེན་བྱེད་པའི་གོ་སྐབས་ལོངས་སུ་སྤྱོད་ཐུབ་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་། གཞི་རྩའི་འཕྲོད་བསྟེན་སྨན་བཅོས་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་བ་མ་ཟད། གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་མ་ལག་སྔར་ལས་འཐུས་སྒོ་ཚང་བ་དང་ལྔ། ཐོན་ཁུངས་གྲོན་ཆུང་ཅན་དང་། ཁོར་ཡུག་མཛའ་མཐུན་ཅན་གྱི་ཞིང་ལས་ཐོན་སྐྱེད་མ་ལག་གཞི་རྩའི་ཐོག་གྲུབ་པ་དང་། གྲོང་གསེབ་ཀྱི་མི་རྣམས་ཀྱི་སྡོད་གནས་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་མངོན་གསལ་འགྲོ་ཞིང་། རྒྱུན་མཐུད་ངང་གོང་དུ་སྤེལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་དྲུག་བཅས་ཡིན།
གོང་གསལ་དམིགས་ཡུལ་དང་ལས་འགན་མངོན་འགྱུར་བྱ་དགོས་ན་གཤམ་གསལ་གྱི་རྩ་དོན་གལ་ཆེན་དག་ལ་བརྩི་སྲུང་བྱ་དགོས།
ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ཅིས་ཀྱང་སྲ་བརྟན་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་མི་འབོར་དུང་ཕྱུར་བཅུ་གྲངས་ཀྱི་འཚོ་རྟེན་བཟའ་འབྲུའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཨང་དང་པོར་འཛིན་དགོས། རྒྱལ་ནང་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པ་བྱ་རྒྱུ་གཞིར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་ཤུགས་ཆེར་གཏོང་། ཚན་སློབ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ཐབས་ཇུས་ལག་བསྟར་གཏིང་ཟབ། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་གང་མགྱོགས། ཞིང་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་བརྟན་པོ་ཡོང་བ་བཅས་བྱས་ནས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ། རྒྱལ་ཁབ་བདེ་འཇགས་ཡོང་བ་སྲུང་སྐྱོང་བཅས་བྱེད་ཆེད་རྨང་གཞི་བརྟན་པོ་གདིང་དགོས།
ཞིང་པའི་ཁེ་དབང་ཅིས་ཀྱང་འགན་སྲུང་ཏན་ཏིག་བྱས་ནས་རྒྱ་ཆེའི་ཞིང་པའི་རྩ་བའི་ཁེ་དབང་མངོན་འགྱུར་ལེགས་པོ་དང་། སྲུང་སྐྱོང་ལེགས་པོ། གོང་འཕེལ་ལེགས་པོ་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་ལས་དོན་མཐའ་དག་སྤེལ་འགོ་ཚུགས་ས་དང་དམིགས་ཡུལ་དུ་འཛིན་དགོས། མི་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞིང་པའི་འདོད་བློར་བརྩི་འཇོག་བྱས་ནས་ཞིང་པས་སེམས་ཁུར་ཆེ་ཤོས་དང་། ཐད་ཀ་ཆེ་ཤོས། དོན་དངོས་དང་མཐུན་ཤོས་བཅས་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། ཞིང་པའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་ཁེ་དབང་འགན་སྲུང་བྱས་ནས། ཞིང་པའི་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོར་འདེགས་དང་། ཞིང་པ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད། ཞིང་པའི་རྐང་བྱེད་མཁན་གྱི་ནུས་པ་དང་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཞིང་པ་དུང་ཕྱུར་མང་པོར་རྒྱབ་རྟེན་དམ་པོར་བཅོལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་དགོས།
གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཅིས་ཀྱང་བཅིངས་འགྲོལ་དང་འཕེལ་རྒྱས་རྒྱུན་ཆད་མེད་པར་བཏང་ནས་བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་གོང་འཕེལ་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་འཛིན་དགོས། གྲོང་གསེབ་བསྒྱུར་བཅོས་དང་ལམ་ལུགས་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་རྒྱུན་འཁྱོངས་ལྷོད་མེད་བཏང་སྟེ། བསྒྱུར་བཅོས་ཀྱི་ཐབས་ཇུས་ལ་ཚན་རིག་གི་རང་བཞིན་ལྡན་ཚད་དང་བསྒྱུར་བཅོས་ཀྱི་བྱེད་ཐབས་ལ་མཐུན་སྦྱོར་གྱི་རང་བཞིན་ལྡན་ཚད་མཐོ་རུ་བཏང་ཐོག ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཚོང་རའི་རྨང་གཞིའི་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་བར་རྒྱལ་ཁབ་ཀྱིས་སྙོམས་སྒྲིག་དང་སྣེ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བླང་བྱ་དང་མཐུན་པའི་གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་བླང་བྱ་དང་མི་མཐུན་པའི་ཐོན་སྐྱེད་ཀྱི་འབྲེལ་བ་དང་སྟེང་གི་བཀོད་པ་ལེགས་སྒྲིག་བཅས་བྱས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་གསོན་ཤུགས་ཀྱིས་ཁེངས་པར་བྱ་དགོས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཅིས་ཀྱང་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་བཟོ་ལས་དང་ཞིང་ལས་བར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་གསར་པ་འཛུགས་སྐྱོང་ཤུགས་ཆེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པའི་འཐབ་ཇུས་གལ་ཆེན་དུ་འཛིན་དགོས། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་འགྱུར་བའི་འཛུགས་སྐྲུན་བྱ་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་སྤེལ་བྱེད་པ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པའི་ཡུན་རིང་ཕན་པའི་ནང་རྐྱེན་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་དམངས་ཡོང་འབབ་ཀྱི་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་དང་། ཞིང་ལས་ལ་ཤུགས་སྣོན་རྒྱག་པ་དང་ཞིང་པར་གཟིགས་སྐྱོང་བྱ་རྒྱུའི་སྲིད་ཇུས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་ཞིང་། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་གཙོ་གནད་གྲོང་གསེབ་ཏུ་འཇོག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་བར་མཐུན་འགྲིག་ངང་འཕེལ་རྒྱས་ཡོང་བར་བྱས་ཐོག་རྒྱ་ཆེའི་ཞིང་པ་རྣམས་འདྲ་མཉམ་ངང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དུ་ཞུགས་པ་དང་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པར་བྱ་དགོས།
ཏང་གིས་གྲོང་གསེབ་ཀྱི་ལས་ཀ་དོ་དམ་བྱ་རྒྱུ་ཅིས་ཀྱང་རྒྱུན་འཁྱོངས་བྱས་ནས་ཏང་གིས་གྲོང་གསེབ་ཀྱི་ལས་ཀར་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཆབ་སྲིད་ཀྱི་འགན་ལེན་དུ་འཛིན་དགོས། བྱ་བ་མཐའ་དག་དོན་དངོས་ལ་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་དང་། གྲོང་གསེབ་ལ་འཛིན་པའི་ཏང་གི་གཞི་རྩའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེར་གཏོང་དང་། ཏང་གིས་གྲོང་གསེབ་ཀྱི་ལས་ཀ་དོ་དམ་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་དང་བྱེད་སྟངས་བྱེད་ཐབས་འཐུས་སྒོ་ཚང་བ། ཏང་དང་ཞིང་པ་མང་ཚོགས་བར་གི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བཅས་བྱས་ཏེ་ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་བཏང་ནས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཤིག་ཆགས་པར་བྱ་དགོས།
གསུམ། བསྒྱུར་བཅོས་དང་གསར་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཀྱི་ལམ་ལུགས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དམིགས་ཡུལ་མངོན་འགྱུར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱ་དགོས་ན་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པའི་བླང་བྱ་ལྟར། གྲོང་གསེབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་གནད་འགག་ཆེ་བའི་ལྷུ་ཚིགས་སུ་འགག་སྒྲོལ་བྱ་རྒྱུ་དམ་འཛིན་དང་། གྲོང་གསེབ་ཀྱི་དཔལ་འབྱོར་སྔར་ལས་ལྷུག་ཅིང་འཁྲུག་པོ་ཡོང་བ། གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཕྱི་རོལ་གྱི་ཁོར་ཡུག་ལེགས་འགྱུར། གྲོང་གསེབ་འཕེལ་རྒྱས་གཏོང་བར་ལམ་ལུགས་ཐོག་ནས་འགན་སྲུང་བྱེད་ཤུགས་ཆེར་གཏོང་བཅས་བྱ་དགོས།
(གཅིག)གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་དང་འཐུས་ཚང་དུ་གཏོང་དགོས། ཁྱིམ་དུད་ཀྱིས་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱ་རྒྱུ་རྨང་གཞིར་བྱེད་ཅིང་གཅིག་གྱུར་དང་ཁ་འགྲེམས་ཟུང་དུ་སྦྲེལ་བའི་བང་རིམ་ཟུང་ལྡན་གྱི་གཉེར་སྐྱོང་སྒྲིག་སྲོལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་འཚམ་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་མཐུན་པའི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ཤིག་ཡིན་པ་དང་། ཏང་གིས་གྲོང་གསེབ་ཏུ་འཛིན་པའི་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན་སྟབས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་བྱ་དགོས། ཞིང་པར་ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་སྔར་ལས་ལེགས་ཤིང་འགན་སྲུང་བྱེད་པ་སྤྲོད་པར་ད་ལྟ་ལག་བསྟར་བྱེད་བཞིན་པའི་ས་ཞིང་གཉེར་འགན་གཙང་ལེན་བྱེད་པའི་འབྲེལ་བ་དེ་བརྟན་པོ་དང་ཡུན་རིང་མི་འགྱུར་བར་སྲུང་འཛིན་བྱ་དགོས། ཞིང་ལས་གཉེར་སྐྱོང་སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་གཉེར་སྐྱོང་བྱེད་སྟངས་མགྱོགས་སུ་བསྒྱུར་དགོས། ཁྱིམ་དུད་ཀྱི་གཉེར་སྐྱོང་བྱེད་སྟངས་དེ་སྔོན་ཐོན་གྱི་ཚན་རྩལ་དང་ཐོན་སྐྱེད་བྱེད་ཐབས་སྤྱོད་པའི་ཕྱོགས་སུ་སྒྱུར་བ་དང་། ལག་རྩལ་དང་མ་དངུལ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འཇོག་ཤུགས་ཆེ་རུ་བཏང་སྟེ་ཞིབ་ལས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ་དང་། གཅིག་གྱུར་གྱི་གཉེར་སྐྱོང་བྱ་རྒྱུ་དེ་ཞིང་དུད་ཀྱིས་མཉམ་འབྲེལ་དང་མཉམ་ལས་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་བཏང་ནས་སྣེ་མང་ཅན་དང་། རིམ་པ་མང་བ། རྣམ་པ་མང་བ་བཅས་ཀྱི་གཉེར་སྐྱོང་དང་ཞབས་ཞུའི་མ་ལག་ཆགས་པའི་ཕྱོགས་སུ་བསྒྱུར་བ་དང་། ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་བ་དང་ཐུན་མོང་རྩ་འཛུགས་ཀྱི་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་ཞིང་། ཞིང་པའི་མཉམ་ལས་རྩ་འཛུགས་གསར་པ་གསོ་སྐྱོང་དང་། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་འཕེལ་རྒྱས་ཡོང་བ། སྣེ་འཁྲིད་ཁེ་ལས་དང་ཞིང་པའི་བར་ཁེ་ཕན་མཉམ་འབྲེལ་དམ་ཟབ་བྱེད་པའི་ནང་རྐྱེན་འཛུགས་པར་བསྔགས་སྐུལ་བཅས་བྱས་ནས་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། ཞིང་པར་ཞབས་ཞུ་དང་། ནང་ཞུགས་དང་ཕྱིར་འཐེན་རང་མོས། ཁེ་དབང་འདྲ་མཉམ། དོ་དམ་དམངས་གཙོ་ལྡན་པ་བཅས་བྱ་དགོས་པའི་བླང་བྱ་ལྟར། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་རོགས་སྐྱོར་བྱས་ཏེ། དེ་ཉིད་ཞིང་པའི་སྣེ་འཁྲིད་དེ་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་འགྲན་རྩོད་ལ་ཞུགས་པའི་དེང་རབས་ཞིང་ལས་ཀྱི་གཉེར་སྐྱོང་རྩ་འཛུགས་སུ་འགྱུར་བར་བྱ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་གཞུང་དབང་ནགས་ར་དང་གཙོ་གནད་གཞུང་དབང་ནགས་ཁུལ་གྱི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དགོས། གཞུང་དབང་ཞིང་རའི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས་པ་དང་། རྩྭ་ཐང་གཉེར་སྐྱོང་བྱེད་འགན་གཙང་ལེན་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས།
(གཉིས)ནན་ཞིང་ཚད་དང་ལྡན་པའི་གྲོང་གསེབ་ཀྱི་ས་ཞིང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཞིང་ལམ་ལུགས་ནི་གྲོང་གསེབ་ཀྱི་རྨང་གཞིའི་ལམ་ལུགས་ཡིན། རྒྱུ་ནོར་བདག་དབང་ཁ་གསལ་དང་། སྤྱོད་སྒོ་དོ་དམ། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། དོ་དམ་ནན་པོ་བཅས་བྱ་དགོས་པའི་རྩ་དོན་ལ་གཞིགས་ནས་གྲོང་གསེབ་ས་ཞིང་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་རྒྱུན་འཁྱོངས་བྱས་ནས་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱས་ཏེ་རྨོ་ཞིང་མུའུ་དུང་ཕྱུར18ཀྱི་མ་མཐའི་མཚམས་ཚད་དམ་སྲུང་མཐའ་གཅིག་ཏུ་བྱ་དགོས། གཏན་འཇགས་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་ཁ་གསལ་བྱེད་པ་དང་། སྲུང་སྐྱོང་དང་སྐྱིན་གསབ་ནང་རྐྱེན་བཙུགས་ཏེ་གཞི་རྩའི་ས་ཞིང་གི་བསྡོམས་གྲངས་ཉུང་དུ་མི་འགྲོ་བ་དང་། སྤྱོད་སྒོ་མི་འགྱུར་བ། སྤུས་ཀ་ལེགས་སུ་འགྲོ་བ་བཅས་ལ་འགན་ལེན་ཏན་ཏིག་བྱ་དགོས། ས་ཞིང་ལེགས་སྒྲིག་དང་བསྐྱར་སྦོལ་གསར་སྤེལ་བྱེད་པར་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་ཐད་སྔོན་གསབ་རྗེས་བཟུང་གི་བྱེད་ཐབས་སྤྱོད་དགོས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་ཏེ་ས་ཞིང་བཟུང་གསབ་དོ་མཉམ་བྱས་མི་ཆོག གྲོང་གསེབ་ཏུ་ས་ཞིང་གཉེར་དབང་གཏན་ཁེལ་དང་། ཐོ་འགོད། འཛིན་སྤྲོད་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་གྱི་ཁེ་དབང་སྤྱོད་ནུས་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་པས་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱས་པའི་ས་ཞིང་བཟུང་བ་དང་། བེད་སྤྱོད། ཕན་ཆ་ཐོབ་པ་བཅས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་དགོས། ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་བཤུག་འཁོར་བྱེད་པར་དོ་དམ་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་སྟེ་ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་བཤུག་འཁོར་ཚོང་ར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་རང་མོས་དོད་ལེན་བྱེད་པའི་རྩ་དོན་ལྟར་ཞིང་པས་གཉེར་འགན་གཞན་སྤྲོད་དང་། བོགས་མར་གཏོང་བ། བརྗེ་རེས། ནང་བཤུག མ་རྐང་མཉམ་ལས་ལ་སོགས་པའི་བྱེད་ཐབས་ལ་བརྟེན་ནས་ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་བཤུག་འཁོར་བྱས་ཏེ་རྣམ་པ་སྣ་མང་གི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་ཐབས་འཕེལ་རྒྱས་བཏང་ཆོག ཆ་རྐྱེན་འཛོམས་པའི་ས་ཆར་ཆེད་ལས་ཁྱིམ་དུད་ཆེ་གྲས་དང་། ཁྱིམ་དུད་ཀྱི་ཞིང་ར། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་མཁན་གཙོ་བོ་འཕེལ་རྒྱས་བཏང་ཆོག ས་ཞིང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱེད་དབང་བཤུག་འཁོར་བྱེད་པར་ས་ཞིང་ཐུན་མོང་ལ་དབང་བའི་ངོ་བོ་བསྒྱུར་མི་ཆོག་པ་དང་། ས་ཞིང་གི་སྤྱོད་སྒོ་བསྒྱུར་མི་ཆོག་ཅིང་། ཞིང་པའི་ས་ཞིང་གཉེར་འགན་གཙང་ལེན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག ས་ཞིང་བེད་སྤྱོད་གྲོན་ཆུང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་གཞི་ཁྱོན་བསྡོམས་འབོར་ཚོད་འཛིན་ནན་པོ་བྱ་དགོས་ཤིང་། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁང་ས་དོ་དམ་ནན་པོ་བྱེད་ཅིང་། ཞིང་དུད་ཀྱི་ཁང་སའི་སྤྱོད་ཁེ་ཐོབ་བྱེད་རྒྱུ་དངོས་བདག་དབང་ཁྲིམས་ལྟར་འགན་སྲུང་བྱ་དགོས། གྲོང་གསེབ་ཀྱི་ཁང་ས་དང་གྲོང་སྡེ་ལེགས་སྒྲིག་བྱས་ནས་གྲོན་ཆུང་བྱུང་བའི་ས་ཞིང་དག་དང་ཐོག་རྨོ་ཞིང་དུ་བསྐྱར་སྦོལ་བྱ་དགོས་པ་དང་། འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་དུ་སྙོམས་སྒྲིག་བྱས་པ་རྣམས་ངེས་པར་དུ་ས་ཞིང་བེད་སྤྱོད་འཆར་འགོད་དང་མཐུན་དགོས་ལ་ལོ་འཁོར་མོའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་སྐོར་གྱི་འཆར་འགོད་ནང་དུ་འཇུག་དགོས་པ་མ་ཟད། སྔོན་ལ་ཐུན་མོང་གི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་བསྐང་དགོས། ས་ཆ་བསྡུ་ལེན་ལམ་ལུགས་བསྒྱུར་བཅོས་བྱས་ཏེ་སྤྱི་ཕན་རང་བཞིན་གི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་དང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་གི་དབྱེ་མཚམས་ལོགས་འབྱེད་ནན་པོ་བྱས་ཐོག ས་ཆ་བསྡུ་ལེན་གཞི་ཁྱོན་རིམ་གྱིས་ཆུང་དུ་གཏོང་བ་དང་། ས་ཆ་བསྡུ་ལེན་བྱས་པར་སྐྱིན་གསབ་བྱ་རྒྱུའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཐུན་མོང་གི་ས་ཆ་ཁྲིམས་ལྟར་བསྡུ་ལེན་བྱེད་སྐབས། ས་ཆ་གཅིག་མཚུམས་ལ་རིན་གོང་གཅིག་མཚུངས་ཀྱི་རྩ་དོན་ལྟར་གྲོང་གསེབ་ཐུན་མོང་རྩ་འཛུགས་དང་ཞིང་པར་དུས་ཐོག་ཏུ་ལུགས་དང་མཐུན་པའི་སྐྱིན་གསབ་ཆད་ལུས་མེད་པར་སྤྲད་དེ། ས་ཞིང་བསྡུས་པའི་ཞིང་པའི་ལས་ཞུགས་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་འགན་ལེན་བཅས་པའི་ཐད་ཀྱི་གནད་དོན་ཐག་གཅོད་ལེགས་པར་བྱ་དགོས། ས་ཞིང་བེད་སྤྱོད་འཆར་འགོད་ནང་གཏན་འབེབས་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ཁྱབ་ཁོངས་སུ་གཏོགས་པ་ཕུད། ཆོག་མཆན་ཐོབ་པ་བརྒྱུད་གྲོང་གསེབ་ཐུན་མོང་གི་ས་ཞིང་བཟུང་སྟེ་སྤྱི་ཕན་རང་བཞིན་མིན་པའི་རྣམ་གྲངས་འཛུགས་སྐྲུན་བྱས་ཚེ། ཞིང་པས་ཁྲིམས་ལྟར་ཐབས་ཤེས་སྣ་མང་ལ་བརྟེན་ནས་གསར་སྤེལ་གཉེར་སྐྱོང་ལ་ཞུགས་ཆོག་པ་མ་ཟད་ཞིང་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཡང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་ཚོང་ར་རིམ་གྱིས་འཛུགས་དགོས་ཤིང་། ཁྲིམས་ལྟར་གྲོང་གསེབ་ཐུན་མོང་གི་གཉེར་སྐྱོང་རང་བཞིན་ལྡན་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་ཐོབ་པ་དག་ངེས་པར་དུ་གཅིག་གྱུར་དང་དངོས་ཡོད་ས་ཞིང་ཚོང་ར་བརྒྱུད་དེ་ཡོངས་གྲགས་སུ་ཚད་ལྡན་གྱི་བྱེད་ཐབས་སྤྱད་དེ་ས་ཞིང་སྤྱོད་དབང་བརྒྱུད་བཤུག་བྱ་དགོས་པ་དང་། འཆར་འགོད་དང་མཐུན་པའི་ཆ་རྐྱེན་འོག་གཞུང་དབང་ས་ཞིང་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཆ་སྒྲིག་སྲིད་ཇུས་འཐུས་ཚང་དུ་གང་མགྱོགས་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་དོ་དམ་ལམ་ལུགས་བསྒྱུར་བཅོས་ཚད་ལྡན་དུ་གཏོང་བ་དང་དེར་སྐུལ་སྤེལ་གཏོང་དགོས།
(གསུམ)ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་ལ་མ་དངུལ་འཇོག་པར་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་གཏོང་སྒོ་དང་། བརྟན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ། ཡིད་རྟོན་དངུལ་བུན་གཏོང་བའི་གྲུབ་ཆ་བཅས་ལེགས་སྒྲིག་བྱས་ནས། རིམ་པ་ཁག་གི་ནོར་སྲིད་ནས་ཞིང་ལས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་གཏོང་ཚད་དེ་རྒྱུན་ལྡན་རང་བཞིན་གྱི་ཡོང་འབབ་འཕར་ཚད་ལས་མང་བར་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་གོང་དུ་སྤེལ་བར་མ་དངུལ་འཇོག་གྲངས་འཕར་སྣོན་ཆེན་པོ་གཏོང་བ་དང་། སྲིད་གཞུང་གིས་ས་ཞིང་ནང་བཤུག་བཏང་བའི་ཕན་ཆ་ཐོབ་རིགས་དང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་གསར་འཕར་ཡོང་འབབ་ཞིང་ལས་ལ་སྤྱོད་པའི་བསྡུར་ཚད་མཐོ་རུ་ཆེས་ཆེར་གཏོང་ཞིང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་ལྡན་པའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་ཆེན་པོ་གཏོང་དགོས། རྒྱལ་ཁབ་ཀྱིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་ཆུ་མཛོད་སྐྱོན་ཅན་དང་རགས་ཁ་ཤོར་ཉེན་ཆེ་རིགས་ཀྱི་ཉེན་ཁ་སེལ་ཐབས་དང་སྲ་བརྟན་གཏོང་བ་དང་། སྐྱེ་ཁམས་ལེགས་སྐྱོང་བྱེད་པ་སོགས་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་ཐད་ལ་རྫོང་དང་རྫོང་རིམ་པ་མན་གྱི་མ་དངུལ་ཆ་སྒྲིག་གཏོང་རིགས་རིམ་གྱིས་མེད་པར་བཟོ་དགོས། ཞིང་ལས་ལ་འཇོག་རྒྱུའི་མ་དངུལ་གྱི་འབྱུང་ཁུངས་དང་ཐབས་ལམ་རྒྱ་སྐྱེད་དང་། མ་དངུལ་འཇོག་བྱའི་རྣམ་གྲངས་སྡེབ་སྒྲིག མ་དངུལ་འཇོག་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེར་གཏོང་། མ་དངུལ་སྤྱོད་འབྲས་ཆེན་པོ་ཐོབ་པ་བཅས་བྱ་དགོས། ཞིང་ལས་ལ་ཁ་གསབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྱབ་རྒྱ་ཆེར་གཏོང་དང་། ཚད་གཞི་མཐོར་འདེགས། བྱེད་ཐབས་འཐུས་ཚང་བཅས་བྱ་དགོས་པ་དང་། ཁྱད་པར་དུ་འབྲུ་རིགས་དང་ཡོང་འབབ་འཕར་སྣོན་ཡོང་བར་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་བྱེད་ཚད་ལོ་རེ་བཞིན་འཕར་སྣོན་ཆེ་ཙམ་གཏོང་དགོས། ཞིང་ལས་ཀྱི་ཐོན་སྐྱེད་རྒྱུ་ཆས་ཀྱི་རིན་གོང་འཕར་བ་དང་འབྲེལ་བའི་ཞིང་སྤྱོད་དངོས་རྫས་ལ་ཕྱོགས་བསྡུས་ཁ་གསབ་བྱེད་ཚུལ་ལེགས་སྒྲིག་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཚོང་རའི་སྙོམས་སྒྲིག་མ་ལག་འཐུས་ཚང་བཏང་ནས། འབྲུ་རིགས་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་བརྟན་པོའི་ངང་འཕར་བ་དང་། ཞིང་ལས་ཐོན་རྫས་གཙོ་བོ་གཞན་དག་གི་རིན་གོང་སྲུང་སྐྱོང་བྱེད་ཐབས་ལེགས་བཅོས། ཞིང་ལས་ཐོན་རྫས་གཙོ་བོ་གསོག་འཇོག་འདང་ངེས། ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་དང་འདོན་འཇུག་སྙོག་སྒྲིག་བྱེད་པའི་ནང་རྐྱེན་འཐུས་ལེགས་ཡོང་བ་བཅས་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལུགས་མཐུན་ཡོང་བར་སྲུང་འཛིན་བྱ་དགོས། འབྲུ་རིགས་ལ་སོགས་པའི་ཞིང་ལས་ཐོན་རྫས་གཙོ་བོ་རྣམས་ཀྱི་རིན་གོང་གྲུབ་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་གོང་བསྡུར་ཚད་ཀྱི་འབྲེལ་བ་མཐུན་སྦྱོར་བྱས་ནས་ཐོན་སྤེལ་ཡོང་སྤར་ཐད་ཚོང་རའི་རིན་གོང་གི་སྐུལ་སྤེལ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྐྱིན་གསབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རྨོ་ཞིང་དང་། ཆུ་ཁོངས། ནགས་ཚལ། རྩྭ་ཐང་། འདམ་ར་སོགས་རང་བྱུང་ཐོན་ཁུངས་དང་ཞིང་ལས་ཀྱི་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་བྱེད་པར་ཕན་པའི་ངར་ཤུགས་སྐུལ་བའི་ནང་རྐྱེན་ཆགས་པར་བྱ་དགོས།
(བཞི)དེང་རབས་གྲོང་གསེབ་ཀྱི་དངུལ་རྩའི་ལམ་ལུགས་འཛུགས་དགོས། གྲོང་གསེབ་ཀྱི་དངུལ་རྩ་ནི་དེང་རབས་གྲོང་གསེབ་དཔལ་འབྱོར་གྱི་སྲོག་ཤིང་ཡིན། གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་སྲོལ་གསར་གཏོད་དང་། གྲོང་གསེབ་ཀྱི་དངུལ་རྩ་ཚོང་རར་ཞུགས་ཆོག་པའི་སྲིད་ཇུས་ལྷུག་ཏུ་བཏང་ནས། ཚོང་ལས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ་དང་། མཉམ་ལས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ་བཅས་ཕན་ཚུན་ཟུང་སྦྲེལ་དང་། མ་རྩ་འདང་ངེས་དང་། ནུས་པ་ཆ་ཚང་བ། ཞབས་ཞུ་འཐུས་སྒོ་ཚང་བ། འཁོར་རྒྱུག་བདེ་འཇགས་ཡིན་པ་བཅས་ཀྱི་གྲོང་གསེབ་ཀྱི་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་དགོས། གྲོང་གསེབ་ཀྱི་དངུལ་རྩའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་རྩ་འདུ་འཁོར་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ནོར་ཁྲལ་གྱི་བཀན་ཤིང་དང་དངུལ་ལོར་སྲིད་ཇུས་ཀྱི་ཡོ་བྱད་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ། དམིགས་འཛུགས་ཀྱིས་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བ་དང་འགྲོ་གྲོན་ཁ་གསབ་བྱས་ཏེ་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་བ་གྲོང་གསེབ་ཏུ་འཇོག་པར་ཁྲིད་སྟོན་བྱ་དགོས། དངུལ་རྩའི་ལས་ཁུངས་རིགས་ཁག་ཚང་མས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས། ཞིང་ལས་དངུལ་ཁང་གིས་ཞིང་པར་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འགན་ནུས་ཇེ་ཆེར་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་ཞབས་ཞུའི་དྲ་བ་བརྟན་པོ་དང་འཕེལ་རྒྱས་ཡོང་བ་བྱ་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩས་ཞིང་ལས་གསར་སྤེལ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དུས་ཡུན་རིང་འབྲིང་གི་ཡིད་རྟོན་དངུལ་བུན་བཏང་ནས་རྒྱབ་སྐྱོར་བྱེད་ནུས་ཆེ་རུ་གཏོང་དགོས། སྦྲག་སྲིད་དངུལ་བཅོལ་དངུལ་ཁང་གི་ཞིང་ལས་དང་འབྲེལ་བའི་ལས་སྒོའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས། རྫོང་ཁོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་གསར་དུ་བསྡུས་པའི་བཅོལ་དངུལ་རྣམས་གཙོ་བོ་ས་གནས་དེ་གར་ཡིད་རྟོན་དངུལ་བུན་གཏོང་བར་སྤྱོད་དགོས། གྲོང་གསེབ་ཀྱི་ཡིད་རྟོན་མཉམ་ལས་ཁང་གི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་ལེགས་བཅོས་དང་། རྫོང(གྲོང་ཁྱེར)དང་མཉམ་ལས་ཁང་གི་ཁྲིམས་མིའི་གོ་གནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་ཞིང་པར་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱ་དགོས། རྣམ་པ་སྣ་མང་གི་གྲོང་གསེབ་ཀྱི་དངུལ་རྩའི་ལས་ཁུངས་གསར་པ་དང་གྲོང་གསེབ་ལ་ཞབས་ཞུ་གཙོ་བོ་བྱེད་པའི་ས་ཁུལ་གྱི་རང་བཞིན་ལྡན་པའི་དངུལ་ཁང་ཆུང་འབྲིང་ཚད་ལྡན་ངང་འཕེལ་རྒྱས་གཏོང་དགོས། ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་གྲངས་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་དང་དགོས་མཁོ་དང་འཚམ་པའི་དངུལ་རྩའི་ཞབས་ཞུ་ཆུང་གྲས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་བྱ་དགོས། གྲོང་གསེབ་ཀྱི་དངུལ་རྩའི་རྩ་འཛུགས་ཆུང་གྲས་ཀྱིས་དངུལ་རྩའི་ལས་ཁུངས་ནས་མ་དངུལ་འདུས་ཆོག་པ་དང་། ཆ་རྐྱེན་འཛོམས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཡིད་རྟོན་མཉམ་ལས་སྤེལ་ཆོག དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཚུལ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་། ཕྱོགས་མང་ཞུགས་པ། ཚོང་རས་འཁོར་སྐྱོད་བྱེད་པ་བཅས་ཀྱི་གྲོང་གསེབ་ཀྱི་ཡིད་རྟོན་དངུལ་བུན་ཁག་ཐེག་ནང་རྐྱེན་འཛུགས་དགོས། གྲོང་གསེབ་ཀྱི་གོ་ཆོད་ཁག་ཐེག་དངོས་པོའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་འགན་བཅོལ་བྱ་གཞག་འཕེལ་རྒྱས་དང་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་འགན་བཅོལ་བསྐྱར་མ་དང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁ་བགོ་འགྲེམས་ནང་རྐྱེན་གང་མགྱོགས་འཛུགས་དགོས། ཞིང་ལས་ཐོན་རྫས་ཀྱི་དུས་བཅད་མངག་ཉོ་ཚོང་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
(ལྔ)གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བར་སྐུལ་སྤེལ་གཏོང་བའི་ལམ་ལུགས་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། ཐོན་ལས་བཀོད་སྒྲིག་བྱེད་ཚུལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་གཞི་གཅིག་ཏུ་འགྱུར་བ་སོགས་ཀྱི་ཐད་འགག་སྒྲོལ་ཐུབ་པ་གང་མགྱོགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བར་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དོ་མཉམ་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་ཐུབ་པར་སྐུལ་སྤེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཆ་བཀོལ་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་གཅིག་གྱུར་བྱས་ཏེ་གྲོང་ཁྱེར་དང་རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་། ས་ཞིང་སྲུང་སྐྱོང་། ཐོན་ལས་གཅིག་བསྡུས། གྲོང་སྡེ་ཁྱབ་ཚུལ། སྐྱེ་ཁམས་གསོ་འཁྱོངས་སོགས་ཀྱི་བར་སྟོང་བཀོད་སྒྲིག་ལུགས་མཐུན་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་འགྱུར། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་དང་ཞང་གྲོང་ཁེ་ལས་འཕེལ་རྒྱས་བཅས་བྱས་ནས་གྲོང་ཁྱེར་གྱི་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ། དོ་དམ་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་གྲོང་གསེབ་ཏུ་འཁོར་རྒྱུག་བྱེད་པར་ཁྲིད་སྟོན་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ནོར་སྲིད་ནས་གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་ལ་འགན་སྲུང་བྱེད་པའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་ཡིན་པའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་རིམ་བཞིན་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ལས་ཞུགས་གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་མི་ཤུགས་ཐོན་ཁུངས་ཚོང་ར་གང་མགྱོགས་བཙུགས་ནས་ཞིང་པ་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ལས་ཞུགས་བྱེད་པར་འགྲོ་བར་ཁྲིད་སྟོན་དང་། ཞིང་པས་ཐག་ཉེ་ཡུལ་དུ་གནས་སྤོ་ལས་ཞུགས་བྱེད་པར་བསྔགས་སྐུལ། ཞིང་པས་རང་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་བྱེད་པར་རོགས་སྐྱོར་བཅས་བྱ་དགོས། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆ་དང་། བུ་ཕྲུག་སློབ་གྲྭར་ཞུགས་པ། སྤྱི་པའི་འཕྲོད་བསྟེན། སྡོད་ཁང་བོགས་ལེན་དང་ཉོ་སྒྲུབ་སོགས་ཀྱི་ཐད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་རིམ་བཞིན་མངོན་འགྱུར་བྱ་དགོས་པ་དང་། ཞིང་པ་ལས་མིའི་ངལ་རྩོལ་ཆ་རྐྱེན་ལེགས་བཅོས་བྱས་ནས་ཐོན་སྐྱེད་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས་ཤིང་། ཞིང་པ་ལས་མི་ལས་རྨས་སུ་ཚུད་པ་དང་། སྨན་བཅོས། རྒན་གསོའི་འགན་བཅོལ་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་རྒན་གསོའི་འགན་བཅོལ་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱེད་ཐབས་གཏན་འབེབས་དང་ལག་བསྟར་གང་མགྱོགས་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཆུང་འབྲིང་དུ་ཐེམ་ཐོ་སྤོ་བའི་ཆ་རྐྱེན་ལྷུག་ཏུ་བཏང་ཐོག་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་བཅའ་སྡོད་བརྟན་པོ་བྱེད་པའི་ཞིང་པ་རྣམས་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་འགྱུར་བ་བྱ་དགོས། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་སྒྲིག་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་འཕེལ་རྒྱས་གཏོང་བའི་རང་ཐག་རང་གཅོད་ཀྱི་དབང་ཆ་རྒྱ་སྐྱེད་གཏོང་བ་དང་། རྫོང་ལ་སྤྱིར་བཏང་གི་རང་བཞིན་ལྡན་པའི་གཏོང་སྤྲོད་སྤོ་བསྒྱུར་བྱེད་གྲངས་འཕར་སྣོན་དང་། ནོར་ཤུགས་དང་དོན་གཅོད་དབང་ཆ་ཕན་ཚུན་སྙོམ་སྒྲིག་ཡོང་བར་སྐུལ་སྤེལ་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་སྟོབས་ཤུགས་དངོས་ཆེ་རུ་གཏོང་དགོས། ཞིང་ཆེན་གྱིས་རྫོང(གྲོང་ཁྱེར)གི་ནོར་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ལ་ཐད་ཀར་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་རྫོང་ཆེན་པོ་སྔོན་ལ་བསྒྱུར་བཅོས་བྱེད་ཁོངས་སུ་འཇུག་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་བཅའ་ཁྲིམས་ལྟར་ཞིང་ཆེན་གྱིས་ཐད་ཀར་རྫོང(གྲོང་ཁྱེར)དོ་དམ་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་བྱས་ཆོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་ཆེ་འབྲིང་གིས་གྲོང་གསེབ་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ལེགས་པར་བྱེད་ཅིང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤིང་མི་འབོར་བསྡུ་ལེན་བྱེད་ནུས་ཆེ་བའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ལ་བཅའ་ཁྲིམས་ལྟར་བབ་མཚུངས་ཀྱི་སྲིད་འཛིན་དོ་དམ་དབང་མཚམས་སྤྲད་ནས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་འགྲིག་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་བ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་ཕན་ཚུན་སྐུལ་འདེད་མཉམ་འཕེལ་གྱི་ནང་རྐྱེན་གྲུབ་པ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་སྒྲིག་བསྒྱུར་བཅོས་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ཚོད་ལྟར་སྐུལ་སྤེལ་ཧུར་ཐག་བྱ་དགོས།
(དྲུག)གྲོང་གསེབ་ཀྱི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་གཞི་རིམ་དམངས་གཙོ་འཕེལ་རྒྱས་བཏང་ནས། གོ་རིམ་ཡོད་པའི་སྒོ་ནས་ཞུགས་རྒྱ་ཆེར་གཏོང་དང་། ཆ་འཕྲིན་ཡོངས་གྲགས་ལ་སྐུལ་སྤེལ། གཞུང་དོན་གྲོས་མོལ་བྱེད་སྟངས་འཐུས་ཚང་བ། དབང་ཆར་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་བཅས་གཙོ་གནད་དུ་བཟུང་སྟེ་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་མིའི་རང་སྐྱོང་བྱེད་ཁོངས་རྒྱ་སྐྱེད་བཏང་ཐོག་ཞིང་པར་དམངས་གཙོའི་ཁེ་དབང་སྔར་ལས་མང་ཞིང་ཏན་ཏིག་ལོངས་སྤྱོད་བྱ་རྒྱུ་ཡོད་པར་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཏུ་མི་འབོར་འདྲ་མཚུངས་ཀྱི་བསྡུར་ཚད་ལྟར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་རིམ་བཞིན་ལག་བསྟར་བྱས་ཏེ་རྫོང་དང་ཞང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ཞིང་པའི་བསྡུར་ཚད་མང་དུ་གཏོང་བ་དང་། ་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཞིང་པའི་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས། གྲོང་གསེབ་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པར་མུ་མཐུད་སྐུལ་སྤེལ་བྱས་ནས། 2012ལོར་སླེབས་དུས་ཞང་དང་གྲོང་རྡལ་གྱི་སྒྲིག་གཞི་བསྒྱུར་བཅོས་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་ཏེ་ཞང་དང་གྲོང་རྡལ་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཇེ་ཆེར་གཏོང་བར་ཤུགས་རྒྱག་དགོས། ཞིང་པ་ཆབ་སྲིད་ལ་ཞུགས་པའི་ཧུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་འཚམ་པའི་ཞང་དང་གྲོང་རྡལ་བཅོས་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྲིད་དོན་ཡོངས་གྲགས་བྱས་ཏེ་བཅའ་ཁྲིམས་ལྟར་ཞིང་པའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། གསལ་བཤད་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱ་དགོས། གྲོང་སྡེའི་ཏང་གི་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གསོན་ཤུགས་རབ་འཕེལ་གྱི་གྲོང་མིའི་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་བཏང་ནས་ཐད་ཀར་འདེམས་བསྐོ་དང་། གཞུང་དྲང་ཞིང་གོ་རིམ་ལྡན་པ་གཞི་རྩའི་བླང་བྱར་འཛིན་པའི་དམངས་གཙོའི་འདེམས་བསྐོ་ལག་ལེན་དང་། གྲོང་མིའི་གྲོས་ཚོགས་དང་། གྲོང་མིའི་འཐུས་མིའི་གྲོས་ཚོགས། གྲོང་མིས་གཞུང་དོན་གྲོས་མོལ་བཅས་བྱ་རྒྱུ་རྣམ་པ་གཙོ་བོར་འཛིན་པའི་དམངས་གཙོས་ཇུས་ཐག་གཅོད་པའི་ལག་ལེན། རང་གིས་རང་ལ་སློབ་གསོ་དང་། རང་གིས་རང་དོ་དམ། རང་གིས་རང་ལ་ཞབས་ཞུ་བཅས་བྱ་རྒྱུ་དམིགས་ཡུལ་གཙོ་བོར་འཛིན་པའི་དམངས་གཙོས་དོ་དམ་ལག་ལེན། གྲོང་ཚོའི་གཞུང་དོན་ཡོངས་གྲགས་དང་། ནོར་དོན་ལ་ལྟ་སྐུལ། མང་ཚོགས་ཀྱིས་དཔྱད་གླེང་བཅས་བྱ་རྒྱུ་ནང་དོན་གཙོ་བོར་འཛིན་པའི་དམངས་གཙོས་ལྟ་སྐུལ་ལག་ལེན་བཅས་གཏིང་ཟབ་སྤེལ་ནས་གྲོང་མིའི་རང་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བ་བྱ་དགོས། གྲོང་གསེབ་ཀྱི་ཁྲིམས་ལུགས་འཛུགས་སྤེལ་བྱེད་པར་ཤུགས་སྣོན་དང་། ཞིང་པ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་བ། ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་ཆེར་གཏོང་བཅས་བྱས་ནས་ཞིང་པ་དང་འབྲེལ་བ་ཡོད་པའི་ཁྲིམས་ལག་ལེན་བསྟར་བར་ལྟ་སྐུལ་དང་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོང་གསེབ་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། བཅའ་ཁྲིམས་ཐོག་ནས་ཞབས་ཞུ་ལེགས་པ། ཞིང་པའི་ཁྲིམས་སྲུང་འདུ་ཤེས་འཛིན་ཤུགས་ཆེར་གཏོང་བཅས་བྱས་ནས་གྲོང་གསེབ་བཅའ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་དགོས། གྲོང་གསེབ་ཀྱི་ཞབས་ཞུའི་རང་བཞིན་དང་། སྤྱི་ཕན་གྱི་རང་བཞིན། རོགས་རེས་ཀྱི་རང་བཞིན་བཅས་ལྡན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་སྐྱེད་སྲིང་བྱས་ནས་སྤྱི་ཚོགས་རང་སྐྱོང་ནུས་པ་འཐུས་ཚང་དུ་གཏོང་དགོས། བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་གྱི་ནོར་ཤུགས་ཇེ་ཆེར་བཏང་ནས་སྲིད་འཛིན་གྲོང་སྡེ་འགའ་ཤས་འཁོར་སྐྱོད་དཀའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་པ་དང་། གྲོང་གསེབ་ཀྱི་བུ་ལོནསེལ་ཐབས་ཧུར་བརྩོན་ཆེ་ཞིང་བརྟན་པོ་བྱ་དགོས། ཞིང་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀ་མུ་མཐུད་ལེགས་པར་སྒྲུབ་པ་དང་། གྲོང་མིའི་དོན་རེར་གྲོས་རེ་དང་མ་དངུལ་དང་ངལ་རྩོལ་གྲབས་གསོག་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།
བཞི། དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཇེ་ཆེར་གཏོང་དགོས།
དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཐོན་ཚད་མཐོ་བ་དང་། སྤུས་ཀ་ལེགས་པ། ཕན་འབྲས་ཆེ་བ། སྐྱེ་ཁམས་སྲུང་སྐྱོང་། ཉེན་མེད་གནོད་མེད་བཅས་བྱ་རྒྱུའི་བླང་བྱ་ལྟར་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར་གང་མགྱོགས་བྱེད་པ་དང་། ཞིང་ལས་ཚན་རྩལ་ཡར་རྒྱས་དང་གསར་གཏོད་བྱེད་པར་སྐུལ་སྤེལ་གཏོང་བ། ཞིང་ལས་ཀྱི་དངོས་པོའི་ལག་རྩལ་སྒྲིག་ཆས་ཇེ་བཟང་དུ་གཏོང་བ། ཞིང་ལས་ཀྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་ཞིང་གི་ཐོན་ཚད་དང་། ཐོན་ཁུངས་བཀོལ་སྤྱོད་བྱེད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་ཇེ་མཐོར་གཏོང་བ་བཅས་ཀྱི་སྒོ་ནས་ས་ཞིང་ལས་ཐད་ཀྱི་ཉེན་ཁ་འགོག་ནུས་དང་། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ནུས་བཅས་ཇེ་ཆེར་གཏོང་དགོས། དམིགས་ཡུལ་ངེས་གསལ་དང་། འཆར་གཞི་གཏན་འབེབས། མ་དངུལ་འཇོག་གྲངས་འཕར་སྣོན། སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་ཡུན་རིང་ལ་ཤུགས་རྐྱེན་ཐེབས་པའི་དོན་ཆེན་ལེགས་པར་བསྒྲུབ་དགོས།
(གཅིག)རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བྱ་དགོས། འབྲུ་རིགས་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་དུས་གང་ཞིག་ཏུའང་ལྷོད་གཡེང་བྱེད་མི་རུང་བར་ངེས་པར་དུ་ཡུན་རིང་དམ་འཛིན་ལྷོད་མེད་བྱ་དགོས། མཁོ་སྤྲོད་བརྟན་པོ་དང་། གསོག་འཇོག་འདང་ངེས། སྙོམས་སྒྲིག་ནུས་ལྡན། འཁོར་སྐྱོད་ནུས་ཆེ་བཅས་པའི་འབྲུ་རིགས་བདེ་འཇགས་ཡོང་བའི་འགན་སྲུང་ནང་རྐྱེན་གང་མགྱོགས་འཛུགས་དགོས། འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་བྱེད་པའི་གོ་གནས་དང་པོར་བཞག་སྟེ་འདེབས་ཁྱོན་བརྟན་པོ་ཡོང་བ་དང་། འདེབས་རིགས་གྲུབ་ཚུལ་ལེགས་འགྱུར། མུའུ་རེའི་ཐོན་ཚད་མཐོར་གཏོང་བཅས་བྱས་ཏེ་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ས་ཁུལ་ཁག་གིས་འབྲུ་རིགས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ངེས་གསལ་དང་དོན་འཁྱོལ་དང་། རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེར་གཏོང་། གསོག་འཇོག་ལས་འགན་དོན་འཁྱོལ་བཅས་བྱས་ནས་རྒྱལ་ཁབ་དང་འབྲུ་རིགས་བདེ་འཇགས་ཡོང་བ་བྱེད་འགན་མཉམ་འཁུར་བྱ་དགོས། འབྲུ་རིགས་སྐོར་གྱི་འཐབ་ཇུས་ལས་གྲྭ་ལག་བསྟར་དམ་འཛིན་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཁུལ་ལྟེ་བ་དང་རྗེས་གྲབས་ཐོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་ཐོན་སྐྱེད་བྱེད་ནུས་གསར་སྣོན་བྱ་རྒྱུའི་འཛུགས་སྐྲུན་འཆར་འགོད་དོན་འཁྱོལ་གང་མགྱོགས་བྱས་ཏེ་རྫོང་སྡེ་ཚན་དུ་བརྩིས་ནས་གཅིག་བསྡུས་ཀྱིས་མ་དངུལ་འཇོག་རྒྱུ་དང་། ཕྱོགས་ཡོངས་ནས་གསར་གཏོད་བྱ་རྒྱུ་ད་ལོ་ནས་ལག་ལེན་དུ་བསྟར་བའི་སྒྲིག་འཛུགས་བྱེད་འགོ་འཛུགས་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འབྲུ་རིགས་ཐོན་ཁུལ་གཙོ་བོར་ཕྱོགས་པ་དང་། འབྲུ་རིགས་ཐོན་ཁྲུལ་གཙོ་བོའི་ཁེ་ཕན་སྐྱིན་གསབ་ལམ་ལུགས་བཙུགས་ནས་འབྲུ་རིགས་ཐོན་ཆེའི་རྫོང་ལ་ནོར་སྲིད་ཀྱི་བྱ་དགའ་སྤྲོད་ཤུགས་དང་འབྲུ་རིགས་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་ཐོན་འཕར་དང་། ཞིང་པའི་ཡོང་སྒོ་འཕར་སྣོན། ནོར་ཤུགས་ཇེ་ཆེར་འགྲོ་བ་བཅས་མཐུན་འགྲིག་གང་མགྱོགས་ཡོང་བ་བྱས་ཏེ་ཞིང་པའི་འབྲུ་རིགས་འདེབས་པ་དང་། ས་གནས་ཀྱིས་འབྲུ་རིགས་དམ་འཛིན་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱ་དགོས། འབྲུ་རིགས་ཀྱི་ཉེན་འགོག་ཐེབས་རྩའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་མ་དངུལ་ཆ་སྒྲིག་འཇོག་རིགས་རིམ་བཞིན་མེད་པ་བཟོ་དགོས། ཐོན་འཚོང་དོ་མཉམ་ཁུལ་དང་ཚོང་ཁུལ་གཙོ་བོས་འབྲུ་རིགས་ཐོན་ཆེའི་རྫོང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་ས་ཁོངས་ནང་འབྲུ་རིགས་འདེབས་ཞིང་གི་གཞི་ཁྱོན་ཆུང་དུ་མི་འགྲོ་བ་དང་འབྲུ་རིགས་རང་ཁ་རང་གསོ་བྱེད་ཚད་དམའ་རུ་མི་འགྲོ་བའི་འགན་སྲུང་ཏན་ཏིག་བྱ་དགོས། ཚོང་རའི་སྒོ་འབྱེད་པ་མཐའ་འཁྱོངས་དང་། འགྲོ་རྒྱུག་འཁྲུག་པོ་ཡོང་བ་ཧུར་ཐག ཐོན་འཚོང་འབྲེལ་མཐུད་བྱེད་ཐབས་འཐུས་སྒོ་ཚང་བ་བཅས་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་འབྲུ་རིགས་གྲོན་ཆུང་བྱེད་པའི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་བཏང་ནས་ཐོན་སྐྱེད་བྱེད་པ་ནས་འཛད་སྤྱོད་བྱེད་པའི་བརྒྱུད་རིམ་ཡོངས་སུ་འབྲུ་རིགས་གྲོན་ཆུང་བྱེད་ཐབས་སྤྱོད་ཤུགས་ཇེ་ཆེར་གཏོང་དགོས། འབྲུ་རིགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་སྤྲོད་ལེགས་འགྱུར་ཡོང་བར་ལེགས་སྐྱེས་འབུལ་དགོས།
(གཉིས)ཞིང་ལས་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་སྐུལ་སྤེལ་བྱ་དགོས། ཚོང་རའི་དགོས་མཁོས་ཁྲིད་ཕྱོགས་བྱེད་པ་དང་། ཚན་རྩལ་གསར་གཏོད་བྱེད་ཐབས་སུ་འཛིན་པ། སྤུས་ཚད་དང་ཕན་འབྲས་དམིགས་ཡུལ་དུ་འཛིན་པ་བཅས་ཀྱི་སྒོ་ནས་དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་དགོས། ཐོན་ལས་བཀོད་སྒྲིག་བྱེད་ཚུལ་འཆར་འགོད་ལེགས་པར་བྱེད་པ་དང་། ས་ཁོངས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་གཙོ་གནད་ཚན་རིག་དང་མཐུན་པར་གཏན་ཁེལ་བྱས་ནས་ལེགས་ཆ་འབུར་ཐོན་དང་ཁྱད་ཆོས་ངེས་གསལ་གྱི་ཐོན་ལས་ཁུལ་ཆགས་པ་བྱས་ཐོག་ལས་སྣོན་དང་། འགྲོ་རྒྱུག གསོག་འདྲེན་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རིགས་ལེགས་ཆ་ལྡན་པའི་ཐོན་ཁུལ་དུ་རུབ་སྡུད་བྱེད་པའི་ཁྲིད་སྟོན་བྱ་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་སྣུམ་རྒྱུ་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ཟས་སྤྱོད་རྩི་ཤིང་སྣུམ་རིགས་རང་ཁ་རང་གསོ་བྱེད་ཚད་མཐོ་རུ་གཏོང་དགོས། ལེགས་ཆ་ལྡན་པའི་ཐོན་ཁུལ་གྱིས་སྲིང་བལ་དང་། མངར་ཆའི་རྒྱུ་ཆ། ཞོག་ཁོག་ལ་སོགས་པའི་ཐོན་འབོར་ཆེ་བའི་ཐོན་རྫས་གཅིག་བསྡུས་ཀྱིས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། མེ་ཏོག་སོགས་ལྡུམ་རའི་ལག་རྩལ་ཐོན་རྫས་ཞིབ་ལས་ཅན་དང་སྒྲིག་བཀོད་ཅན་དུ་འགྱུར་བའི་ཐོན་སྐྱེད་བྱེད་པར་སྐུལ་སྤེལ་བཏང་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས། ཕྱུགས་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་གཞི་ཁྱོན་ཅན་དུ་འགྱུར་བའི་གསོ་སྤེལ་བྱེད་པར་རྒྱབ་སྐྱོར་དང་། ཕྱུགས་རྒྱུད་ལེགས་བཅོས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་དགོས། ཆུ་ཐོན་དངོས་རིགས་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་སྐུལ་སྤེལ་བཏང་ནས་རྒྱང་རིང་རྒྱ་མཚོ་ཆེན་པོའི་ཉ་ལས་སྤེལ་བར་རོགས་སྐྱོར་བྱེད་པ་དང་རྒྱ་སྐྱེད་གཏོང་དགོས། ནགས་ལས་ཐོན་ལས་འཕེལ་རྒྱས་བཏང་ནས་རི་ཁུལ་གྱི་དཔལ་འབྱོར་དར་རྒྱས་གཏོང་དགོས། ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་གཉེར་སྐྱོང་བྱེད་རིགས་འཕེལ་རྒྱས་བཏང་ནས་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་གྲུབ་ཚུལ་རིམ་འཕར་བྱེད་པར་སྐུལ་སྤེལ་གཏོང་བ་དང་། སྣེ་འཁྲིད་ཁེ་ལས་ལ་རོགས་སྐྱོར་དང་དེ་རྒྱ་སྐྱེད་བཏང་ནས་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱ་དགོས། ཞིང་ལས་ཐོན་རྫས་གཙོ་བོ་ཐོན་ཆེའི་རྫོང་ལ་ནོར་སྲིད་ཀྱི་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲལ་བསྡུའི་ཐོག་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་ཚད་ལྡན་ཅན་དུ་འགྱུར་བ་དང་ཞིང་ལས་ཐོན་རྫས་སྤུས་དག་གནོད་མེད་ཡོང་བའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། ཐོན་སའི་ཁོར་ཡུག་དང་། གཏོང་བའི་དངོས་རྫས་བེད་སྤྱོད། ཐོན་སྐྱེད་བྱེད་རིམ། ཐོན་རྫས་ཀྱི་སྤུས་ཀ་བཅས་ཡོངས་ལ་ལྟ་སྐུལ་དང་ཚོད་འཛིན་ནན་པོ་བྱས་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་འདྲེན། ལས་སྣོན། བྲིན་འཚོང་བཅས་ལྷུ་ཚིགས་ཁག་ཏུ་སྤུས་དག་གནོད་མེད་ཡོང་བར་ལྟ་སྐུལ་དང་དོ་དམ་བྱེད་འགན་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཚད་གཞི་མ་ལོངས་པའི་ཐོན་རྫས་ཚོང་རར་འདྲེན་རིགས་གཏན་འགོག་བྱ་དགོས། སྦགས་མེད་བཟའ་ཆས་དང་སྐྱེ་ལྡན་བཟའ་ཆས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ཀྱི་ཐོ་བཀོད་ཚོང་རྟགས་དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚོ་འགག་ངོགས་གཉིས་བར་ཞིང་ལས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས།
(གསུམ)ཞིང་ལས་ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་དགོས། ཞིང་ལས་འཕེལ་རྒྱས་ཡོང་བའི་རྩ་བའི་བགྲོད་ལམ་ནི་ཚན་རྩལ་ཡར་ཐོན་ཡོང་བར་རག་ལས་ཡོད་གཤིས། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་བྱེད་པར་དམིགས་ནས་ཞིང་ལས་ཚན་རྩལ་རང་བརྟེན་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་དང་། ཐོག་མའི་གསར་གཏོད་དང་། ཕྱོགས་བསྡུས་གསར་གཏོད། ནང་འདྲེན་དང་ཁོང་ཆུད་སྡུད་ལེན་ཀྱིས་གསར་གཏོད་བསྐྱར་མ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་ཚན་རྩལ་ཕྱོགས་བསྡུས་ཅན་དང་། ངལ་རྩོལ་བརྒྱུད་རིམ་འཕྲུལ་ཆས་ཅན། ཐོན་སྐྱེད་གཉེར་སྐྱོང་ཆ་འཕྲིན་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་རྒྱུན་ཆད་མེད་པར་གཏོང་དགོས། ཞིང་ལས་ཚན་རྩལ་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་ཞིང་ལས་ཐད་ཀྱི་ཚན་རྩལ་གསར་གཏོད་ཐེབས་རྩ་བཙུགས་ཐོག་ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་དང་སྔོན་གྲལ་རང་བཞིན་གྱི་ཚན་རིག་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ནས། གནད་འགག་ཆེ་བའི་ཁྱབ་ཁོངས་དང་ལྟེ་གནད་ལག་རྩལ་ཐད་འགག་སྒྲོལ་གལ་ཆེན་ཐུབ་པར་བརྩོན་ལེན་ཆེན་པོ་བྱ་དགོས། ཞིང་ལས་ལག་རྩལ་ཞིབ་འཇུག་དར་སྤེལ་དང་ཕྱོགས་བསྡུས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྐྱེ་དངོས་ཀྱི་ལག་རྩལ་དང་། སོན་བཟང་འདེབས་གསོ། ཐོན་སྤར་འཛུགས་གསོ། ཞིང་ལས་ཐད་སྤྱོད་པའི་ཆུ་གྲོན་ཆུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། གནོད་འཚེར་སྔོན་འགོག་དང་ཉུང་དུ་གཏོང་བ་ལ་སོགས་པའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་དང་། གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཀྱི་རིགས་གསར་པ་གསོ་སྐྱོང་བྱེད་པའི་ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་གཉེར་སྒྲུབ་བྱས་ནས་བེད་སྤྱོད་རིན་ཐང་གལ་ཆེན་ལྡན་པའི་སོན་རིགས་ཕུལ་བྱུང་ཁག་ཅིག་གང་མགྱོགས་འབྱུང་བར་བྱ་དགོས། ཞིང་ལས་གཞི་ཁྱོན་ཅན་དུ་འགྱུར་བ་དང་། ཞིབ་ཅིང་ཚད་ལྡན་ཅན་དུ་འགྱུར་བ། སྒྲིག་བཀོད་ཅན་དུ་འགྱུར་བ་ལ་སོགས་པའི་བླང་བྱ་དང་འཚམ་ཞིང་། བྱེད་ལས་མང་བ་དང་། རིག་སྟོབས་ཅན། རིན་དོད་ཆུང་བ་བཅས་ཡིན་པའི་ཞིང་ལས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་གསར་སྤེལ་གང་མགྱོགས་བྱས་ཏེ། གཙོ་བོ་ཞིང་ཁའི་ལས་ཀ་བྱེད་པ་དང་། སྒྲིག་ཆས་ལ་བརྟེན་ནས་འཛུགས་གསོ་བྱེད་པ། སྐྱོན་དང་བྲལ་བར་གསོ་སྤེལ་བྱེད་པ། ཞིབ་ཅིང་ཚགས་པའི་ལས་སྣོན་བྱེད་པ། སོས་པ་རྒྱུན་སྲུང་གིས་གསོག་འདྲེན་བྱེད་པ་སོགས་ཀྱི་ལྷུ་ཚིགས་སུ་ཡར་རྒྱས་གསར་པ་ཡོང་བར་བྱ་དགོས། ཞིང་ལས་ཀྱི་ཆ་འཕྲིན་ཞབས་ཞུའི་ལག་རྩལ་གོང་དུ་སྤེལ་བར་སྐུལ་འདེད་བཏང་ནས་གཙོ་བོ་ཆ་འཕྲིན་འཚོལ་སྡུད་བྱེད་པ་དང་། ལས་ཀ་དང་དོ་དམ་གྱི་ཆ་འཕྲིན་ཞིབ་ཅིང་ཚད་དང་ལྡན་པ། གྲོང་གསེབ་ཀྱི་རྒྱང་གཏོང་ཨང་གྲངས་ཅན་དུ་འགྱུར་བ་དང་མཐོང་རུང་ཅན་དུ་འགྱུར་བ། གནམ་གཤིས་སྔོན་དཔག་དང་སྔོན་བརྡ་གཏོང་བ། གནོད་སྐྱོན་སྔོན་དཔག་ཉེན་བརྡ་གཏོང་བ་སོགས་ཀྱི་ལག་རྩལ་གཙོ་གནད་དུ་བཟུང་སྟེ་གསར་སྤེལ་བྱ་དགོས། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་དང་དེང་རབས་ཀྱི་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཛུགས་སྐྲུན་གང་མགྱོགས་བྱས་ཐོག སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཞིང་ལས་སློབ་གྲྭ་ཆེ་བ་དང་སློབ་གླིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཚན་རིག་ཞིབ་འཇུག་རྣམ་གྲངས་གལ་ཆེན་དང་། གཙོ་གནད་རིག་གཞུང་ཚན་ཁག ཚན་རིག་ཞིབ་འཇུག་རྟེན་གཞི་བཅས་ལ་བརྟེན་ཏེ་ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ཚོགས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཚན་རྩལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་སྤྱི་དང་སྒོས་སུ་དཔུང་སྣེ་འཁྲིད་མཁན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། ཞིང་ལས་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་བརྟན་པོ་དང་རྒྱ་སྐྱེད་ཡོང་བར་བྱེད་པ་དང་། ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་པར་ལག་རྩལ་གསོ་སྐྱོང་སྦྱོང་བདར་བྱ་དགོས། ཞིང་ལས་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་མགྱོགས་སུ་བཏང་ནས་ཐོན་སློབ་ཞིབ་གསུམ་དང་ཞིང་ཚན་སློབ་གསུམ་ལྷན་དུ་སྦྲེལ་བར་སྐུལ་སྤེལ་གཏོང་བ་དང་། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། སྣེ་འཁྲིད་ཁེ་ལས། ཞིང་དུད་བཅས་དང་རྣམ་པ་སྣ་མང་གི་ལག་རྩལ་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱ་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ལག་རྩལ་མཐོ་གསར་ཐོན་ལས་དཔེ་སྟོན་ཁུལ་མུ་མཐུད་དུ་ལེགས་པར་གཉེར་དགོས། གཞུང་དབང་ཞིང་རས་སྔོན་ཐོན་ལག་རྩལ་བེད་སྤྱོད་དང་དེང་རབས་ཀྱི་ཞིང་ལས་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་དགོས།
(བཞི)ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཞིང་ཆུ་བེད་གཙོ་གནད་ཡིན་པའི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ནི་དེང་རབས་ཞིང་ལས་ཀྱི་དངོས་པོའི་ཆ་རྐྱེན་གལ་ཆེན་ཡིན། ས་ཞིང་ལེགས་སྒྲིག་དང་བཅོས་སྐྱོང་གཞི་ཁྱོན་ཆེན་པོ་བྱས་ནས། འཆར་འགོད་དང་། གཅིག་གྱུར་གྱིས་བཀོད་སྒྲིག ཡུག་འབྲེལ་གྱིས་ཁྱབ་སྤེལ་བཅས་ལེགས་པར་བྱས་ནས། ཐོན་ཚད་འབྲིང་བ་དང་དམའ་བའི་ས་ཞིང་ལེགས་སྒྱུར་གང་མགྱོགས་དང་། ཞིང་པས་ས་གཤིས་ལེགས་བཅོས་བྱེད་པར་བསྔགས་སྐུལ། ས་རྒྱུ་ཚད་འཇལ་གྱིས་རྫས་སྦྱོར་ལུད་རྒྱག་དང་སྲུང་སྐྱོང་རང་བཞིན་ལྡན་པའི་སྒོ་ནས་རྨོ་ལས་བྱེད་སྟངས་ཁྱབ་གདལ་བཅས་བྱས་ཐོག་ས་ཞིང་གི་སྤུས་ཀ་ལེགས་སུ་བཏང་སྟེ་ཐོན་ཚད་མཐོ་ཞིང་བརྟན་པའི་ས་ཞིང་གི་བསྡུར་ཚད་འཕར་སྣོན་ཆེན་པོ་གཏོང་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་པར་བྱེད་པ་དང་། གཙང་པོ་དང་མཚེའུ་ཆེ་གྲས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་བེད་ཀྱི་སྲོག་ཤིང་ལྟ་བུའི་ལས་གྲྭ་ཆེ་འབྲིང་ཁག་ཅིག་གཅིག་བསྡུས་ཀྱིས་སྒྲུབ་པ་དང་། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་དང་། ཞིང་ཆུ་འདྲེན་འབུད་འཕྲུལ་འཁོར་ས་ཚིགས་ཆ་སྒྲིག་བསྒྱུར་བཀོད། ཆུ་ཁུངས་ལས་གྲྭ་བཅས་ཀྱི་འཛུགས་སྐྲུན་གང་མགྱོགས་བྱས་ནས། སྤྱི་ལོ2020ལོར་ཞིང་ཆུ་གཏོང་ཁུལ་ཆེ་གྲས་ཀྱི་མུ་མཐུད་འཛུགས་སྐྲུན་ཆ་སྒྲིག་བྱ་རྒྱུ་དང་ཆུ་གྲོན་ཆུང་གི་བསྒྱུར་བཀོད་བྱ་རྒྱུའི་ལས་འགན་གཞི་རྩའི་ཆ་ནས་འགྲུབ་པར་འབད་བརྩོན་བྱ་དགོས། ཆུ་མཛོད་སྐྱོན་ཅན་དང་རགས་ཁ་ཤོར་ཉེན་ཆེ་རིགས་ཀྱི་ཉེན་ཁ་སེལ་ཐབས་དང་སྲ་བརྟན་གང་མགྱོགས་བཏང་སྟེ། སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཆུ་མཛོད་ཆེ་འབྲིང་དང་གཙོ་གནད་ཆུ་མཛོད་ཆུང་གྲས་ཀྱི་ཉེན་ཁ་སེལ་ཐབས་དང་སྲ་བརྟན་གཏོང་བའི་ལས་འགན་འགྲུབ་པར་ཁག་ཐེག་བྱ་དགོས། མ་དངུལ་འཇོག་པའི་ནང་རྐྱེན་གསར་གཏོད་བྱེད་པ་དང་། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་ལ་སོགས་པའི་བྱེད་སྟངས་སྤྱད་དེ་ཞིང་པས་ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་དང་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་རྒྱ་ཆེར་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། ཆུ་གྲོན་ཆུང་བྱས་ནས་ཞིང་ཆུ་འདྲེན་པ་ཁྱབ་སྤེལ་གཏོང་བ་དང་སྐམ་ཞིང་ཞིང་ལས་དཔེ་སྟོན་ལས་གྲྭ་ལེགས་པར་གཉེར་དགོས། ཞིང་སྤྱོད་བཟོ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་སྤེལ་མགྱོགས་སུ་གཏོང་དགོས། དེང་རབས་ཅན་གྱི་ཆུ་ཚད་མཐོ་བ་དང་ཁེབས་རྒྱ་ཆེ་བའི་བླང་བྱ་ལྟར་སོན་བཟང་འདེབས་གསོ་མ་ལག་དང་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའི་དྲ་བ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེང་རབས་ཀྱི་འབྲུ་རིགས་སྐྱེལ་འདྲེན་མ་ལག་དང་ཞིང་ལས་ཐོན་རྫས་སོས་པ་གྲང་བཟོས་འབྲེལ་མཐུད་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་གང་མགྱོགས་བྱ་དགོས།
(ལྔ)ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་གསར་པ་འཛུགས་དགོས། མགོ་མཇུག་བར་གསུམ་ལ་ཁྱབ་པ་དང་། ཕྱོགས་བསྡུས་ཆ་སྒྲིག སྟབས་བདེ་ནུས་ལྡན་བཅས་པའི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་བླང་བྱ་ཟློག་ཏུ་མེད་པ་ཞིག་ཡིན། སྤྱི་པའི་ཞབས་ཞུའི་ལས་ཁུངས་རྒྱབ་རྟེན་ཡིན་པ་དང་། མཉམ་ལས་དཔལ་འབྱོར་རྩ་འཛུགས་རྨང་གཞི་ཡིན་པ། སྣེ་འཁྲིད་ཁེ་ལས་སྲོག་ཤིང་ཡིན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་ཁ་གསབ་ཡིན་པ་བཅས་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་ཟུང་འབྲེལ་བྱེད་པ་དང་། ཆེད་དོན་ཞབས་ཞུ་དང་ཕྱོགས་བསྡུས་ཞབས་ཞུ་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ཀྱི་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་གསར་པ་འཛུགས་སྐྱོང་གང་མགྱོགས་བྱ་དགོས། ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྤེལ་བྱེད་ཤུགས་ཆེར་གཏོང་དང་། དོ་དམ་སྒྲིག་སྲོལ་གསར་གཏོད། མི་སྣའི་བྱང་ཚད་མཐོར་འདེགས་བཅས་བྱས་ནས། ལོ་ངོ་གསུམ་གྱི་ནང་ལ་རྒྱལ་ཡོངས་སུ་ཞང་གྲོང་ངམ་ཡང་ན་ས་ཁོངས་ཀྱི་རང་བཞིན་ལྡན་པའི་ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དོ་དམ་སོགས་བྱེད་པའི་སྤྱི་པའི་ཞབས་ཞུའི་ལས་ཁུངས་ཡོངས་ཁྱབ་ཏུ་འཐུས་སྒོ་ཚང་བ་གང་ཐུབ་བྱ་དགོས་པ་དང་། རིམ་བཞིན་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་འཛུགས་དགོས། མཁོ་འཚོང་མཉམ་ལས་ཁང་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཆེད་ལས་ཞབས་ཞུའི་ཀུང་སི། ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་པའི་བར་ཁེ་པ། སྣེ་འཁྲིད་ཁེ་ལས་ལ་སོགས་པས་རྣམ་པ་མང་བའི་ཐོན་སྐྱེད་གཉེར་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱ་དགོས། གྲོང་གསེབ་ཀྱི་ཚོང་ར་གསར་སྤེལ་དང་གྲོང་གསེབ་ཀྱི་འཁོར་རྒྱུག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་ཀྱི་ཆ་འཕྲིན་འཚོལ་སྡུད་དང་ཁྱབ་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་དེང་རབས་ཀྱི་འཁོར་རྒྱུག་བྱེད་སྟངས་འཕེལ་རྒྱས་གཏོང་བ། སྐྱེལ་འདྲེན་དང་བྲིན་འཚོང་ལྷུ་ཚིགས་སུ་གྲོན་དངུལ་བསྡུ་རིགས་ཉུང་དུ་གཏོང་བའམ་ཡང་ན་མེད་པར་བཟོ་བ། དུས་ཡུན་རིང་པོར་ཤར་སྐྱོད་བགྲོད་ལམ་གྱི་སྲིད་ཇུས་ལག་ལེན་བསྟར་བ་བཅས་པའི་སྒོ་ནས་འཁོར་རྒྱུག་མ་གནས་དམའ་ཞིང་འཁོར་སྐྱོད་ཕན་ནུས་མཐོ་བའི་ཞིང་ལས་ཐོན་རྫས་གཉེར་འཚོང་དྲ་བ་གང་མགྱོགས་ཆགས་པར་བྱ་དགོས། ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་བྱ་རྒྱུར་འགན་ལེན་དང་། གྲོང་གསེབ་ཀྱི་ཚོང་རའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་བཏང་ནས་ཞིང་གནོད་ཞིང་འཚེའི་སྤྱོད་པར་ཆད་གཅོད་ནན་པོ་བྱ་དགོས།
(དྲུག)ཞིང་ལས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ལྡན་པ་འཛུགས་སྐྱོང་བྱེད་པའི་བླང་བྱ་ལྟར་གྲོན་ཆུང་ཅན་གྱི་ཞིང་ལས་དང་། འཁོར་རྒྱུག་ཞིང་ལས། སྐྱེ་ཁམས་ཞིང་ལས་བཅས་གོང་དུ་སྤེལ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་ལས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་ནས་སྐུལ་སྤེལ་བཏང་སྟེ་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་བའི་དུས་བཀག་རིང་དུ་གཏོང་བ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་རྨོ་འདོར་ནགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་། ཤིང་འཛུགས་ནགས་བཟོ་བྱས་ཏེ་ནགས་ཚལ་གྱིས་ཁེབས་ཚད་ཇེ་མཐོར་གཏོང་དགོས། རྩྭ་ཐང་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་པའི་ལས་གྲྭ་ལག་ལེན་བསྟར་ནས་ཕྱུགས་འདོར་རྩྭ་འདེབས་ལ་སྐུལ་འདེད་བཏང་སྟེ། ཆུ་འདྲེན་རྩྭ་ར་འཕེལ་རྒྱས་གཏོང་བ་དང་རྩྭ་ཐང་གི་སྐྱེ་ཁམས་སྤང་ཤུན་སོར་ཆུད་བྱ་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆུར་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་གསོ་འཕེལ་དང་ཉེའུ་འདོན་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་འབབ་རྒྱུད་དང་ས་ཁོངས་ཀྱི་ས་ཆུ་ཤོར་བར་ཕྱོགས་བསྡུས་འགོག་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ཐང་རྒོད་ཅན་དང་བྱེ་རྡོ་ཅན་དུ་འགྱུར་བར་བཅོས་སྐྱོང་གང་མགྱོགས་བྱ་དགོས་པ་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་དངོས་དཀོན་ཞིང་རྩ་ཆེན་དང་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་བྱ་དགོས་པ་དང་། ཕྱི་ནས་འོངས་པའི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་དང་གནོད་ལྡན་སྐྱེ་དངོས་རྒྱལ་ནང་དུ་འཛུལ་ཡོང་བར་འགོག་ཟོན་བྱ་དགོས། ཐབས་ལམ་སྣ་མང་ནས་ནགས་ཚལ་དང་། རྩྭ་ཐང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཀྱི་ཕན་ནུས་ཁ་གསབ་མ་དངུལ་གྲབས་གསོག་བྱས་ནས་སྐྱིན་གསབ་ཀྱི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་དགོས། འབྲུ་སྣུམ་ལོ་ཏོག་མིན་པའི་རིགས་ཀྱིས་མ་བཅོས་རྒྱུ་ཆ་བྱེད་པའི་སྐྱེ་དངོས་ཐོན་རྫས་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱས་ནས་ཞིང་ནགས་ཞོར་ལས་ཐོན་རྫས་དང་བེད་མེད་དངོས་རྫས་ནུས་ཁུངས་སུ་སྒྱུར་བ་དང་ཐོན་ཁུངས་སུ་བསྒྱུར་ཏེ་བེད་སྤྱོད་བྱེད་པར་སྐུལ་སྤེལ་གཏོང་དགོས། ནུས་ཁུངས་གྲོན་ཆུང་དང་ཕྱིར་འབུད་ཉུང་གཏོང་ལག་རྩལ་ཁྱབ་སྤེལ་བཏང་སྟེ་གྲོང་གསེབ་ཀྱི་བཟོ་ལས་དང་འཚོ་བའི་སྦགས་བཙོག་དང་། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཅས་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བདུན)ཞིང་ལས་ཐད་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། “ནང་དུ་འདྲེན་པ”དང་ “ཕྱིར་སྐྱོད་པ”ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་བེད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་བཏང་ཐོག ཞིང་ལས་ཐད་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་དང་གཏིང་ཟབ་ཚད་ཆེ་རུ་གཏོང་དགོས། ངལ་རྩོལ་འདུས་ཚད་ཆེ་བ་དང་ལག་རྩལ་འདུས་ཚད་ཆེ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པ་དང་། གྲུབ་ཆ་རང་བཞིན་ལྡན་པའི་ཐོན་རྫས་དཀོན་པོ་ནང་འདྲེན་འོས་འཚམ་བྱེད་པར་བསྔགས་སྐུལ་བྱ་རྒྱུའི་རྩ་དོན་ལྟར། ཞིང་ལས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་བྱ་རྒྱུའི་འཐབ་ཇུས་འཆར་འགོད་དང་སྙོམས་སྒྲིག་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་ཚོང་རར་ཞིབ་འཇུག་དང་ཆ་འཕྲིན་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་བྱེད་དུས་ཞིབ་དཔྱད་དང་རིམས་ནད་ཞིབ་བཤེར་བྱེད་ཤུགས་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་མཚན་ལྡན་པའི་ཐོན་རྫས་ཕྱིར་གཏོང་བྱ་རྒྱུའི་ཟུར་སྣོན་རིན་ཐང་དང་སྤུས་དག་ཉེན་མེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བར་མ་དངུལ་འཇོག་པར་སྣེ་འཁྲིད་བྱ་དགོས། འཛམ་གླིང་ཚོང་དོན་ཚོགས་པའི་ལམ་སྲོལ་དང་མཐུན་པའི་ཕྱི་རྒྱལ་གྱི་ཚོང་པས་ཞིང་ལས་ཐོན་རྫས་གཉེར་སྐྱོང་བྱེད་པ་དང་ཞིང་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ནང་འདྲེན་ཆོག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་རྩས་རྒྱལ་ཁོངས་ནང་གི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་མཉམ་ཉོ་བྱེད་པའི་བདེ་འཇགས་ཞིབ་བཤེར་གྱི་ནང་རྐྱེན་འཛུགས་དགོས། ཕྱི་ཕྱོགས་དང་ཞིང་ལས་མཉམ་ལས་བྱ་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྤེལ་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་ཞིང་ལས་གཉེར་སྐྱོང་ཁེ་ལས་གསོ་སྐྱོང་བྱས་ཏེ་ཞིང་ལས་ཐོན་རྫས་རྒྱལ་སྤྱིའི་ཐོག་ཐོན་འཚོང་ལས་སྣོན་གསོག་སྐྱེལ་བྱེད་པའི་མ་ལག་རིམ་བཞིན་འཛུགས་དགོས། རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཉོ་འཚོང་ལམ་སྲོལ་དང་ཚད་གཞི་བཟོ་བར་ཧུར་ཐག་ཞུགས་ཏེ་དྲང་གཞག་དང་ལུགས་མཐུན་ཡིན་པའི་ཉོ་འཚོང་སྒྲིག་ལམ་ཆགས་པར་སྐུལ་འདེད་གཏོང་དགོས།
ལྔ། གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་ཁྱེར་དང་། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བའི་གྲུབ་སྟངས་གསར་པ་ཆགས་པར་བྱ་དགོས་ན། སྤྱི་པའི་ནོར་སྲིད་ཀྱིས་གྲོང་གསེབ་ལ་ཁྱབ་ཁོངས་ངེས་པར་དུ་རྒྱ་བསྐྱེད་དགོས་པ་དང་། གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་གོང་དུ་སྤེལ་ཏེ་རྒྱ་ཆེའི་ཞིང་པ་རྣམས་སློབ་སྦྱོང་བྱས་ན་འཁྲིད་མཁན་ཡོད་པ་དང་། ངལ་རྩོལ་བྱས་ན་ཐོབ་ཆ་ཡོད་པ། ནད་བྱུང་དུས་སྨན་བཅོས་ཐུབ་པ། རྒས་དུས་གསོ་མཁན་ཡོད་པ། སྡོད་པར་ཁང་པ་ཡོད་པ་བཅས་བྱ་དགོས།
(གཅིག)གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྤེལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་ཁག་ཐེག་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་གྲོང་གསེབ་ཀྱི་གཡུལ་ས་འཛིན་པ་དང་། ཞིང་པའི་ཉིན་རེ་བཞིན་འཕེལ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་ཏེ་ཞིང་པའི་བསམ་བློ་ཀུན་སྤྱོད་བཟང་ཚད་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་ཏན་ཏིག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གིས་གྲོང་གསེབ་ཀྱི་ཏང་ཡོན་ལ་དྲག་ཆས་སྤྲས་པ་དང་ཞིང་པ་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། ཞིང་པས་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་བརྟན་པོ་འཛུགས་པར་སྣེ་འཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རྒྱང་བསྒྲགས་དང་བརྙན་འཕྲིན་གྲོང་སྡེ་ཚང་མར་ཁྱབ་པ་དང་། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་དུ་ལོངས་སུ་སྤྱོད་པ། ཞང་གྲོང་གི་སྣ་འདུས་རིག་གནས་ས་ཚིགས་དང་གྲོང་སྡེའི་རིག་གནས་ཁང་འཛུགས་སྐྲུན། གྲོང་གསེབ་ཏུ་གློག་བརྙན་སྟོན་པ། ཞིང་དུད་ཀྱི་དཔེ་ཁང་ལ་སོགས་པའི་རིག་གནས་དམངས་ཕན་གཙོ་གནད་ལས་གྲྭར་སྐུལ་སྤེལ་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་ཐད་མ་དངུལ་འཇོག་པའི་འགན་སྲུང་ནང་རྐྱེན་བརྟན་པོ་བཙུགས་ཏེ་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཆ་ཚང་བ་གང་མགྱོགས་ཆགས་པར་བྱ་དགོས། གྲོང་གསེབ་བརྗོད་བྱར་བྱས་པའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་རོགས་སྐྱོར་དང་། ཞིང་པ་རྣམས་ཞུགས་པར་སྤྲོ་ཞིང་ཞུགས་སྟབས་བདེ་བའི་རིག་གནས་བྱེད་སྒོ་སྤེལ་བ། རིག་གནས་དང་ཚན་རྩལ་འཕྲོད་བསྟེན་ “གསུམ་གྲོང་གསེབ་ཏུ་སྤེལ་བའི”ཡུན་རིང་ཕན་པའི་ནང་རྐྱེན་འཛུགས་པ། ཞིང་པས་འཁྲབ་སྟོན་ཚོགས་པ་དང་རིག་གནས་ཀྱི་ཚོགས་པ་གཞན་དག་འཛུགས་གཉེར་བྱེད་པར་རྒྱབ་སྐྱོར། གྲོང་ཁྱེར་གྱི་རིག་གནས་ལས་ཁུངས་གྲོང་གསེབ་ཏུ་བསྐྱོད་དེ་ཞབས་ཞུ་བྱེད་རྒྱ་ཆེ་རུ་གཏོང་བར་སྣེ་འཁྲིད་བཅས་བྱ་དགོས། ཞིང་པ་ལས་མིའི་རིག་གནས་འཚོ་བར་མཐོང་ཆེན་དང་ཕུན་སུམ་ཚོགས་པར་གཏོང་བ་དང་ཁོང་ཚོར་བྱང་ཚད་མཐོ་རུ་གཏོང་རོགས་བྱ་དགོས། དཔལ་ཡོན་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་དང་། དཔལ་ཡོན་ལྡན་པའི་ཚོང་འདུས། དཔལ་ཡོན་ལྡན་པའི་ཁྱིམ་དུད། ཞབས་ཞུ་དང་བླངས་ལ་སོགས་པའི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། ཞིང་པས་ཚན་རིག་བརྩི་མཐོང་དར་སྤེལ་དང་། ཁ་དན་ཚིག་ལ་གནས་ཤིང་ཁྲིམས་སྲུང་བ། རྨོངས་དད་འགོག་པ། སྲོལ་གོམས་ལེགས་སྒྱུར་བཅས་བྱ་རྒྱུ་དར་སྤེལ་བྱས་ཏེ། སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་དཔེ་མཚོན་བརྩི་སྲུང་བྱེད་ཅིང་། སྐྱོན་དང་བྲལ་ཞིང་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་སྟངས་གོམས་སུ་འཇུག་པ་དང་། ཕོ་མོ་འདྲ་མཉམ་དང་། རྒན་བཀུར་ཆུང་གཅེས། ཁྱིམ་མཚེས་འཆམ་མཐུན། ལས་བརྩོན་ཕྱུག་འགྱུར། དབུལ་ཕོངས་ལ་རོགས་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་པར་བྱ་དགོས། གྲོང་གསེབ་ཀྱི་རིག་དངོས་དང་། དངོས་པོ་མིན་པའི་རིག་གནས་ཤུལ་བཞག ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བ་དང་ཞིང་པའི་ལུས་ཁམས་བདེ་སྲུང་བྱེད་སྒོ་སྤེལ་དགོས།
(གཉིས)གྲོང་གསེབ་ཀྱི་སློབ་གསོའི་ལས་དོན་ལེགས་གཉེར་ཤུགས་ཆེན་བྱ་དགོས། གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་དྲང་སྙོམ་ཐོབ་པར་སྐུལ་སྤེལ་བཏང་ནས་ཞིང་པའི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་བྱས་ཏེ། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ཤེས་པ་བཅས་ཀྱི་ཞིང་པ་གསར་པ་གསོ་སྐྱོང་བྱ་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འོས་འགན་སློབ་གསོའི་སྤུས་ཀ་ལེགས་སུ་གཏོང་ཞིང་། འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་དང་གྲོན་དངུལ་འགན་སྲུང་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་དུད་ཀྱི་བྱིས་པ་དང་གཞིས་སྲུང་བྱིས་པ་སྤྱི་དང་སྒོས་སུ་བུ་མོ་ལོ་ཆུང་རྣམས་འདྲ་མཉམ་ངང་སློབ་གྲྭར་ཞུགས་པ་དང་སློབ་གཉེར་བསྒྲུབས་པར་འགན་སྲུང་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་མའི་ཁ་ཟས་ཟུངས་བཅུད་ཀྱི་གནས་ཚུལ་ལེགས་བཅོས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འོས་འགན་སློབ་གསོ་འདྲ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ང་གསེབ་དུ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་གང་མགྱོགས་གཏོང་བ་དང་། ང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འབྲེལ་རིམ་བཞིན་སློབ་ཡོན་མི་དགོས་པར་བཟོ་དགོས། རྫོང་ཁོངས་ཀྱི་ལས་རིགས་སློབ་གསོའི་གསོ་སྐྱོང་སྦྱོང་བརྡར་འཕྲིན་དྲ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པའི་ནུས་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྒྱ་ཆེར་བྱ་དགོས། དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་གྲོང་གསེབ་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས། མཐོ་རིམ་སློབ་གྲྭས་གྲོང་གསེབ་ལ་ཤེས་ལྡན་མི་སྣ་སྐྱེལ་བ་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ཞིང་འབྲེལ་རིག་གཞུང་ཚན་ཁག་གི་ཆེད་ལས་ལེགས་པར་གཉེར་ཞིང་། ཤེས་ལྡན་མི་སྣ་གྲོང་གསེབ་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་ལས་ཀ་བྱེད་པར་བསྔགས་སྐུལ་བྱས་ནས་། གྲོང་གསེབ་ཏུ་ཕྱིན་ནས་ཞབས་ཞུའི་དུས་ཡུན་ལག་ལེན་བསྟར་བའི་སློབ་ཐོན་སློབ་མའི་སློབ་ཡོན་དང་སློབ་ཞུགས་རོགས་སྐྱོར་དངུལ་བུན་ཚབ་འཇལ་བྱེད་པ་དང་། ཞིབ་འཇུག་སློབ་མ་བསྡུ་བ་དང་དགེ་རྒན་བདམས་ཞུ་བྱེད་དུས་དམིགས་བསལ་གྱིས་ལྟ་སྐྱོང་བྱ་དགོས། གྲོང་གསེབ་ཀྱི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་དང་ལས་ཀའི་ཆ་རྐྱེན་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། གྲོང་གསེབ་ཀྱི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་རེས་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་དགེ་རྒན་མུ་མཐུད་གྲོང་གསེབ་ཀྱི་སློབ་གསོར་རོགས་སྐྱོར་བྱེད་པར་བདམས་མངགས་བྱ་དགོས། གྲོང་གསེབ་ཀྱི་སློབ་ན་མ་སོན་པའི་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། མུ་མཐུད་སློབ་གསོ་བཅས་གོང་འཕེལ་གཏོང་དགོས་པ་དང་། རྒྱང་ཁྲིད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དུས་ཐོག་ཏུ་གྲོང་གསེབ་ཏུ་སྐྱེལ་དགོས།
(གསུམ) གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ནི་རྒྱ་ཆེའི་ཞིང་པའི་བདེ་སྐྱིད་དང་བདེ་ཐང་གཉིས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཞིང་པ་ཡོངས་ལ་ཕན་ཁེ་གང་མྱུར་ཐོབ་པ་བྱ་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མ་དངུལ་གྲབས་གསོག་ཚད་གཞི་དང་ནོར་སྲིད་ཐོག་ནས་ཁ་གསབ་རོགས་སྐྱོར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནད་གཞི་ཆེ་རིགས་སྨན་ཁང་དུ་བསྡད་དེ་སྨན་བཅོས་ཀྱིས་འགན་སྲུང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། སྒོ་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་ཀྱིས་འགན་སྲུང་བྱ་རྒྱུ་ལྟ་རྟོག་བྱེད་ཐབས་མཐའ་འཁྱོངས་བྱ་དགོས། གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་ཐོན་ཁུངས་སྡེབ་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྫོང་རིམ་པའི་སྨན་ཁང་གཙོ་གནད་དུ་བཟུང་ནས་ལེགས་གཉེར་བྱ་དགོས་པ་མ་ཟད་ཞང་དང་གྲོང་རྡལ་རེ་རེ་བཞིན་དུ་འཕྲོད་བསྟེན་ཁང་རེ་ཡག་པོ་གཉེར་ཞིང་། གྲོང་སྡེའི་སྨན་བཅོས་ཁང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་ཞིང་པར་བདེ་འཇགས་དང་གོང་ཁེའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱ་དགོས། གྲོང་གསེབ་ཀྱི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྱོགས་གཏན་འཁེལ་གྱིས་གྲོང་གསེབ་ཀྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་སློབ་ཡོན་མི་དགོས་པར་གསོ་སྐྱོང་སྦྱོང་བརྡར་བྱེད་པ་དང་། གྲོང་གསེབ་ཀྱི་སྨན་པའི་ཁ་གསབ་རོགས་དངུལ་ཐག་གཅོད་འཚམ་པོར་བྱས་ནས་གྲོང་ཁྱེར་གྱི་སྨན་པ་དཀའ་བཅུ་པས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཏུ་སྨན་ཡོན་མི་དགོས་པར་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་རིམས་འགོག་བྱེད་ཁྱོན་ཆེ་རུ་བཏང་ནས་ཡུལ་ནད་དང་། འགོས་ནད། དེ་བཞིན་མི་ཕྱུགས་གཉིས་ཀར་འགོ་བའི་ནད་རིགས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སྨན་རྫས་བགོ་སྐྱེལ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་ཐོག་གི་ཞབས་ཞུ་གོང་འཕེལ་ཧུར་ཐག་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ནས་བདེ་ཐང་སྐོར་གྱི་སློབ་གསོར་མཐོང་ཆེན་བྱ་དགོས། གྲོང་གསེབ་ཀྱི་མ་བུ་བདེ་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་ཁང་དུ་ཕྲུ་གུ་བཙའ་བར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་རིམ་བཞིན་ཁྱབ་སྤེལ་གཏོང་དགོས། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་ཕྲུ་གུ་ལེགས་བཙའ་ལེགས་གསོར་སྐུལ་སྤེལ་དང་། གྲོང་གསེབ་ཏུ་ཕྲུ་གུ་བཙའ་ཚད་ཉུང་བ་བརྟན་པོ་ཡོང་བར་བྱེད་པ་དང་། འཆར་ལྡན་བུ་བཙར་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་བ་དང་དོན་འཁྱོལ་བྱེད་ཅིང་། ཕྲུ་གུ་བཙས་རིགས་ཀྱི་ཕོ་མོའི་བསྡུར་གྲངས་ཆེ་ཚུལ་བཅོས་སྐྱོང་ནུས་ལྡན་བྱ་དགོས།
(བཞི) གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཁྱབ་ཁྱོན་ཆེ་བ་དང་། གཞི་རྩའི་འགན་སྲུང་། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་གང་མགྱོགས་གཏོང་དགོས། མི་སྒེར་གྱིས་གྲོན་དངུལ་སྤྲོད་པ་དང་། ན་མོང་ནས་རོགས་དངུལ་སྤྲོད་པ། སྲིད་གཞུང་གིས་ཁ་གསབ་བྱེད་པ་བཅས་ཟུང་འབྲེལ་བྱེད་པའི་བླང་བྱར་གཞིགས་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་འཛུགས་དགོས། ་རྐྱེན་བསྐྲུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་འབྲེལ་མཐུད་ནུས་ལྡན་བྱེད་ཐབས་འཚོལ་ཞིབ་བྱ་དགོས། ས་ཆ་བསྡུས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་ཡག་པོར་བྱེད་པ་དང་། སྔོན་ལ་འགན་སྲུང་དང་དེ་ནས་ས་ཆ་བསྡུས་ནས་ས་ཆ་བསྡུས་པའི་ཞིང་པའི་གཞི་རྩའི་འཚོ་བར་ཡུན་རིང་འགན་སྲུང་གང་ཐུབ་བྱ་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ནས་ཁ་གསབ་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་འགན་སྲུང་དགོས་རིགས་འགན་སྲུང་གང་ཐུབ་བྱས་ཐོག་འགན་སྲུང་ཚད་གཞི་དང་ཁ་གསབ་རོགས་རམ་ཚད་གཞི་རྒྱུན་མི་འཆད་པར་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་འགན་ལེན་ལྔའི་འཚོ་སྐྱོང་གི་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་འཚོ་སྐྱོང་ཆུ་ཚད་ས་གནས་དེ་གའི་གྲོང་མིའི་ཆ་སྙོམས་ཀྱི་འཚོ་བའི་ཆུ་ཚད་དུ་སླེབས་པའི་འགན་ལེན་ཏན་ཏིག་བྱ་དགོས། གྲོང་གསེབ་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི་དང་། རྨས་ནད་དབང་སྐྱོན་རྐྱེན་གྱིས་དམག་ཁོངས་ནས་ལོག་མཁན་ལ་སོགས་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རྒན་སྐྱོར་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ། མི་ཧྲེང་དང་དྭ་ཕྲུག་སྐྱོབ་པ། དབུལ་པོར་རོགས་སྐྱོར། མུག་སྐྱོབ་བཅས་གཙོ་གནད་དུ་གྱུར་པའི་སྤྱི་ཚོགས་ཀྱི་ཕན་བདེ་དང་གཞན་ཕན་གྱི་ལས་དོན་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་རྒན་རྒོན་ལ་ཞབས་ཞུའི་ལས་དོན་འཕེལ་རྒྱས་གཏོང་དགོས་པ་དང་། གྲོང་གསེབ་ཏུ་དབང་པོར་སྐྱོན་ཤོར་སྔོན་འགོག་དང་དབང་པོ་སྐྱོན་ཅན་གྱི་ནད་གཞི་དྲག་སྐྱེད་ཡོང་བར་བྱེད་པའི་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།
(ལྔ) གྲོང་གསབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་རྒྱ་ཆེའི་ཞིང་པའི་ཡིད་འོང་གི་ཁྱིམ་གཞིས་སུ་འཛུགས་སྐྲུན་བྱེད་པར་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ངེས་པར་དུ་ལེགས་བཅོས་ཏན་ཏིག་བྱ་དགོས། ཞང་དང་གྲོང་རྡལ་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཚན་རིག་དང་མཐུན་པར་འགོད་དགོས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུ་གནོད་མེད་ཀྱི་ལས་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ལོ་ལྔའི་ནང་གྲོང་གསེབ་ཀྱི་འཐུང་ཆུ་གནོད་མེད་ཡོང་བར་བྱ་དགོས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་དུས་མཇུག་ཏུ་ཞང་གྲོང་དུ་སྣུམ་ཞལ(ཨར་འདམ)གྱི་གཞུང་ལམ་འདིང་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། དེ་ནས་སྲིད་འཛིན་གྲོང་ཚོ་ཡོངས་ཁྱབ་ཏུ་སྣུམ་ཞལ(ཨར་འདམ)གྱི་གཞུང་ལམ་ཤར་བགྲོད་ཐུབ་པར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་དང་སྟབས་བདེ་ཞིང་མྱུར་བའི་འགྲུལ་སྐྱེལ་དྲ་བར་འགྱུར་བར་བྱ་དགོས། གྲོང་གསེབ་ཀྱི་ནུས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་ནས་གློག་དྲས་གློག་ཤུགས་མཁོ་འདོན་བྱེད་པའི་མི་འབོར་ཁེབས་ཚད་ཆེ་རུ་གཏོང་བ་དང་། རྫབ་རླངས་དང་། སོག་མ་བེད་སྤྱོད། ཆུ་གློག་ཆུང་གྲས། རླུང་ནུས། ཉི་ནུས་ལ་སོགས་པ་བསྐྱར་སྒྱུར་ཐུབ་པའི་ནུས་ཁུངས་ཀྱི་ལག་རྩལ་ཁྱབ་སྤེལ་བཏང་ནས་གཙང་སྦྲ་དོད་པ་དང་། གྲོན་ཆུང་གི་གྲོང་གསེབ་ཀྱི་ནུས་ཁུངས་མ་ལག་གྲུབ་པར་བྱ་དགོས། གྲོང་གསེབ་ཏུ་གཙང་སྦྲའི་ལས་གྲྭ་ཁྱབ་སྤེལ་བཏང་ནས་འཐུང་ཆུ་དང་། ཐབ་ཚང་། གསང་སྤྱོད། ཕྱུགས་ར་དང་ཕག་ཚང་བཅས་ལེགས་བཅོས་ཇེ་མགྱོགས་སུ་བྱེད་པ་དང་། གད་སྙིགས་གཅིག་བསྡུས་ཀྱིས་གཙང་སེལ་བྱས་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་ཆ་རྐྱེན་དང་མི་གནས་ཁོར་ཡུག་རྒྱུན་མི་འཆད་པར་ལེགས་སུ་གཏོང་དགོས། རླུང་འཕྲིན་དང་བརྙན་འཕྲིན་དྲ་བ་དང་། གློག་འཕྲིན་དྲ་བ། འཕྲིན་སྦྲེལ་དྲ་བ་བཅས་ “དྲ་བ་གསུམ་མཉམ་འདྲེས”ཡོང་བར་སྐུལ་སྤེལ་བྱས་ཏེ་ཆ་འཕྲིན་ཅན་གྱིས་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་དགོས། གྲོང་གསེབ་ཀྱི་ཡིག་ཟམ་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས།
(དྲུག) གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་སྤེལ་གཏོང་དགོས། དུས་རིམ་གསར་པར་དབུལ་སྐྱོར་གསར་སྤེལ་ཡག་པོ་བྱེད་པ་དེ་མི་དམངས་ཡོངས་རྫོགས་ཀྱིས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་ཡུན་རིང་གི་ལོ་རྒྱུས་ལས་འགན་དུ་བཟུང་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱ་དགོས། རྒྱལ་ཁབ་ཀྱི་དབུལ་སྐྱོར་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱ་དགོས། དབུལ་སྐྱོར་གྱི་ཚད་གཞི་གསར་པ་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་སྒོ་ཀུན་ནས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཐོག་དབུལ་སྐྱོར་བྱ་ཡུལ་ལྟོ་གོས་གཉིས་འཛོམས་ཡོང་བ་བརྟན་པོའི་ངང་ནས་ཐག་གཅོད་གང་མགྱོགས་བྱ་རྒྱུ་མ་ཟད་དབུལ་བྲལ་ཕྱུག་འགྱུར་ཡང་ཡོང་བར་བྱ་རྒྱུ་དེ་དུས་རིམ་གསར་པར་དབུལ་སྐྱོར་གསར་སྤེལ་བྱེད་པའི་ལས་འགན་ཨང་དང་པོར་འཛིན་དགོས། གཙོ་བོར་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་རང་གིས་རང་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས་པ་དང་། ངལ་རྩོལ་ནུས་ཤུགས་མེད་པའམ་ཡང་ན་ངལ་རྩོལ་བྱེད་ནུས་ཤོར་བའི་དབུལ་ཕོངས་མི་འབོར་ལ་སྤྱི་ཚོགས་ཀྱིས་རོགས་སྐྱོབ་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་སྲིད་ལས་ཁུངས་ཀྱིས་དམིགས་འཛུགས་ཀྱིས་དབུལ་སྐྱོར་བྱེད་པ་དང་། ཤར་རྒྱུད་དང་ནུབ་རྒྱུད་བར་གྱི་དབུལ་སྐྱོར་མཉམ་ལས་མུ་མཐུད་དེ་སྤེལ་ནས་དབུལ་སྐྱོར་གསར་སྤེལ་བྱེད་རིང་དུ་ཁེ་ལས་དང་། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། དམག་དཔུང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་བཅས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དབུལ་པོ་གཙང་སེལ་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བདུན) གྲོང་གསེབ་ཏུ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་གྲོང་གསེབ་ཏུ་རང་བྱུང་གི་གནོད་འཚེ་མང་བ་དང་། གནོད་འཚེ་ཕོག་ཁུལ་ཁྱབ་ཁྱོན་ཆེ་བ། གནོད་འཚེ་སྔོན་འགོག་དང་གནོད་སེལ་ནུས་པ་ཞན་པ་བཅས་ཀྱི་དབང་གིས། གྲོང་གསེབ་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ལས་དོན་ལ་ངེས་པར་དུ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གནོད་འཚེ་ཅན་གྱི་གནམ་གཤིས་དང་། ས་གཤིས་ཀྱི་གནོད་འཚེ། ས་ཡོམ་ལྟ་ཞིབ་ཚད་ལེན་བཅས་ཀྱི་ཉེན་བརྡ་སྔོན་གཏོང་བྱེད་ཤུགས་ཆེར་གཏོང་དང་། ལྟ་ཞིབ་ཚད་ལེན་ཆུ་ཚད་མཐོར་འདེགས། ཐག་གཅོད་སྔོན་ཇུས་འཐུས་སྒོ་ཚང་བ། ཆེད་ལས་ཀྱི་ནུས་སྟོབས་འཛུགས་སྐྱོང་བྱེད་ཤུགས་ཆེར་གཏོང་བཅས་བྱས་ནས་འཕྲལ་བསྟུན་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། གནོད་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་གནོད་འཚེ་སེལ་ནུས་དང་ཞིང་པའི་གནོད་གཡོལ་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། ཆུ་ལོག་སྔོན་འགོག་དང་། འཁྱིལ་ཆུ་གཤོང་བ། ཐན་པ་འགོག་པ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་དང་ལྟ་ཞིབ་ཚད་ལེན་གྱིས་ཉེན་བརྡ་སྔོན་གཏོང་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་སྡོད་ཁང་ཉེན་ཅན་ལེགས་བཅོས་གང་མགྱོགས་དང་། གྲོང་གསེབ་ཀྱི་བགྲོད་ལམ་དང་། ཆུ་གློག་མཁོ་འདོན། འཕྲིན་སྐྱེལ་སྒྲིག་བཀོད་བཅས་ཀྱི་གནོད་འགོག་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་སློབ་གྲྭ་དང་སྨན་ཁང་ལ་སོགས་པའི་སྤྱི་པའི་སྒྲིག་བཀོད་དང་བཟོ་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བདེ་འཇགས་ཀྱི་ཚད་གཞི་དང་འགན་འཁྲི་དོན་འཁྱོལ་བྱ་དགོས། ཝུན་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་གྲོང་གསེབ་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་གང་ཐུབ་བྱེད་པ་དང་། འཇོག་གྲངས་འཕར་སྨོན་དང་། རིགས་མཐུན་རོགས་སྐྱོར། མང་ཚོགས་སྐུལ་སློང་བཅས་བྱས་ནས་གནོད་འཚེ་ཕོག་ཁུལ་ཞིང་དུད་ཀྱི་སྡོད་ཁང་བསྐྱར་སྐྲུན་གང་མགྱོགས་དང་། ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་བཀོད་བསྐྱར་སྐྲུན་ཡག་པོ་བྱས་ཏེ་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་དཔལ་འབྱོར་བསྐྱར་གསོ་གང་སྔ་བྱ་དགོས། ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་གནོད་འཚེ་ཕོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བསྐྱར་གསོ་གང་མྱུར་བྱེད་པ་མ་ཟད་རྒྱུན་མི་འཆད་པར་ལེགས་བཅོས་ཀྱང་བྱ་དགོས།
(བརྒྱད) གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་པར་ཞབས་འདེགས་ཞུ་བ་དང་། ཞིང་པར་རྒྱབ་རྟེན་བཅོལ་བ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་སྒྲིག་སྲོལ་དང་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་སྡེ་ཁུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་དགོས། ཏང་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཞུ་ལམ་རྒྱ་སྐྱེད། གྲོང་གསེབ་ཀྱི་ཡིག་བསྐུར་ངོ་གཏུག་ལས་དོན་ལེགས་གཉེར། མི་དམངས་བར་འདུམ་འགྲིག་བྱེད་ཤུགས་ཆེར་གཏོང་བཅས་བྱས་ནས་འགལ་བ་དང་རྩོད་དོན་དུས་ཐོག་ཏུ་ཞིབ་བཤེར་འདུམ་ཐབས་བྱ་དགོས། གྲོང་གསེབ་ཀྱི་རྒྱ་ཆེའི་ལས་བྱེད་པ་རྣམས་གྲོང་གསེབ་དང་ཁྱིམ་དུད་དུ་བསྐྱོད་དེ་བཅར་འདྲིའི་ལས་ཀ་ཡག་པོ་བྱས་ནས་འགལ་བ་དང་གནད་དོན་བྱུང་རིགས་གཞི་རིམ་དུ་ཐག་གཅོད་དང་མྱུ་གུ་འབུད་པ་ཙམ་ནས་སེལ་ཐབས་བྱ་དགོས། དུས་བདེ་གསར་སྐྲུན་བྱེད་སྒོ་ཟབ་སྤེལ་དང་། གྲོང་གསེབ་ཀྱི་སྲིད་ཁྲིམས་ལས་དོན་སྤེལ་ཤུགས་ཆེར་གཏོང་། གྲོང་གསེབ་ཀྱི་ཉེན་ཟོན་ལས་སྒོ་བསྒྲུབ་པར་སྐུལ་སྤེལ། མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བཅས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ཡག་པོ་བྱ་དགོས། གྲོང་གསེབ་ཀྱི་འཕྲལ་བསྟུན་དོ་དམ་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཉེན་ཁ་སེལ་ཐབས་བྱེད་ནུས་ཆེ་རུ་གཏོང་དགོས། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བསྟར་ནས་ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་དགོས། ཆོས་ལུགས་དང་། ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་བཀག་འགོག་བྱ་དགོས་པ་དང་། ཆོས་ལོག་རྩ་འཛུགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ་དང་། ནགས་སྤྱོད་སྟོབས་ཤུགས་ལ་རྡུང་རྡེག་ནན་པོ་གཏོང་དགོས།
དྲུག ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ཆབ་སྲིད་ཀྱི་འགན་ལེན་སྟོབས་ལྡན་འདོན་སྤྲོད་བྱ་དགོས།
གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་གནད་འགག་ནི་ཏང་ལ་ཐུག་ཡོད། ཏང་གི་སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་སྔོན་ཐོན་རང་བཞིན་འཛུགས་སྤེལ་བྱ་རྒྱུ་གཙོ་བོར་བཟུང་ཞིང་། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཏང་ལེགས་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོ་ནན་ཏན་གྱིས་སྤེལ་ནས། རིམ་པ་ཁག་གི་ཏང་གི་རྩ་འཛུགས་ཀྱི་གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས།
(གཅིག) ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཨུ་ཡིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་གཉིས་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ། གྲོང་གསེབ་ལས་དོན་གྱི་ཕྱོགས་བསྡུས་སྡེ་ཁག་གིས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་འཁུར་བྱེད་པ་བཅས་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་སྒྲུབ་ནང་རྐྱེན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་གྲོང་གསེབ་ཀྱི་ལས་དོན་གལ་འགངས་ཆེ་བའི་གཞུང་དོན་གྲོས་རིམ་ཉིན་ཐོར་འགོད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་གཏན་འབེབས་དང་། ལས་ཀ་བཀོད་སྒྲིག ནོར་ཤུགས་གཏོང་སྤྲོད། ལས་བྱེད་པ་བཀོད་སྒྲིག་བཅས་ཀྱི་ཐོག་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་པའི་འཐབ་ཇུས་ཀྱི་བསམ་བློ་ཏན་ཏིག་མཚོན་པ་དང་། གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན། ཡུལ་བབ་དང་བསྟུན་པ་དང་རིགས་འབྱེད་སློབ་སྟོན་མཐའ་འཁྱོངས་བཅས་བྱས་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་བསྒྲུབ་དགོས། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དངོས་སུ་གྲོང་གསེབ་ཀྱི་ལས་དོན་དམ་འཛིན་བྱ་དགོས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཏང་ཨུར་གྲོང་གསེབ་ཀྱི་ལས་དོན་ལས་བགོས་འགན་གཉེར་བྱེད་མཁན་འགན་འཁུར་བ་ཡོད་དགོས་ཤིང་། རྫོང(གྲོང་ཁྱེར)གི་ཏང་ཨུ་ཡིས་ལས་ཀའི་ལྟེ་གནད་དང་སེམས་ཤུགས་གཙོ་བོ་གྲོང་གསེབ་ཀྱི་ལས་དོན་ཐོག་འཇོག་དགོས། ཏང་ཨུའི་གྲོང་གསེབ་ལས་དོན་ཕྱོགས་བསྡུས་སྡེ་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འགན་ནུས་གསལ་ཞིང་དབང་འགན་གཅིག་མཐུན་དང་། འཁོར་རྒྱུག་མཐུན་འགྲིག་ཡིན་པའི་ཞིང་ལས་སྲིད་འཛིན་དོ་དམ་སྒྲིག་སྲོལ་འཛུགས་དགོས། རྫོང་དང་ཞང་གི་ཏང་སྲིད་འགོ་ཁྲིད་ཚན་པ་སྤྱི་དང་ལྷག་པར་དུ་འགན་ཁུར་བ་གཙོ་བོ་བཟང་འདེམས་ལེགས་བསྐོ་བྱེད་པར་མཐོང་ཆེན་བྱ་དགོས། ཞིང་ཆེན་གྱི་འགོ་འཛིན་གྱིས་ “ཟ་འབྲུ”འགན་འཁུར་བའི་ལམ་ལུགས་དང་། གྲོང་ཁྱེར་གྱི་འགོ་འཛིན་གྱིས་ “ཤ་ཚལ་སྒོང་གསུམ”འགན་འཁུར་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བའི་བླང་བྱ་མཚོན་པའི་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། འབྲུ་རིགས་ཐོན་སྐྱེད་དང་། ཞིང་པའི་ཡོང་འབབ་འཕར་སྣོན། རྨོ་ཞིང་སྲུང་སྐྱོང་། ཁོར་ཡུག་བཅོས་སྐྱོང་། འཆམ་མཐུན་བརྟན་ལྷིང་བཅས་ས་གནས་སྤྱི་དང་ལྷག་པར་དུ་རྫོང(གྲོང་ཁྱེར)གི་འགོ་ཁྲིད་ཚན་པའི་སྲིད་སྐྱོང་བྱས་རྗེས་དང་ལས་ཆོད་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་འཛིན་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་དང་། དམངས་གཙོའི་ཏང་ཤོག་དང་། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཐུན་མོང་ཐོག་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།
(གཉིས) གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ནི་ཏང་གིས་གྲོང་གསེབ་ཀྱི་ལས་དོན་སྒྲུབ་པའི་རྨང་གཞི་ཡིན། འགོ་ཁྲིད་ཚན་པ་ལེགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཏང་གི་རྩ་འཛུགས་འཐུས་ཚང་དུ་གཏོང་རྒྱུ་ཡིས་འགན་ལེན་བྱེད་པ། རིམ་གསུམ་མཉམ་འབྲེལ་གསར་གཏོད་བྱེད་པའི་བྱེད་སྒོ་རྟེན་གཞིར་འཛིན་པ་བཅས་ལ་བརྟེན་ནས་ཏང་གི་རྩ་འཛུགས་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། ཞིང་པ་ཕྱུག་འགྱུར་ཡོང་བར་སྣེ་འཁྲིད། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། གྲོང་གསེབ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱེད་པའི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཞིག་ཏུ་ལེགས་སྐྱོང་བྱ་དགོས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་འདེམས་བསྐོ་བྱེད་ཐབས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་སྡེའི་ཏང་གི་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་གྲོང་སྡེ་རིམ་པའི་རྩ་འཛུགས་ཆ་སྒྲིག་འཛུགས་སྐྱོང་བྱེད་པར་དམ་འཛིན་ལེགས་པར་བྱེད་པ། གྲོང་མིའི་་ཨུ་ལྷན་དང་། ཐུན་མོང་གི་དཔལ་འབྱོར་རྩ་འཛུགས། གུང་གཞོན་ཚོགས་པ། བུད་མེད་འཐུས་ཚོགས། ཡུལ་དམག་སོགས་ཀྱི་རྩ་འཛུགས་དང་ཞང་གྲོང་ཁེ་ལས་ཀྱི་བཟོ་ཚོགས་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཡིག་བཅས་ལྟར་ལས་དོན་སྤེལ་བར་འགོ་ཁྲིད་དང་རྒྱབ་སྐྱོར་བྱ་དགོས། གྲོང་གསེབ་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྟངས་གསར་གཏོད་བྱས་ནས། གྲོང་གསེབ་ཀྱི་སྡེ་ཁུལ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཆེད་ལས་མཐུན་ཚོགས། ཐོན་ལས་འཁོར་འབྲེལ་བཅས་སུ་ཏང་གི་རྩ་འཛུགས་འཛུགས་ཐབས་ཁྱབ་སྤེལ་གཏོང་དགོས། ཞིང་པ་ལས་མིའི་ཁྲོད་ཀྱི་ཏང་གི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་གཞི་རིམ་གྱི་ཏང་ལེགས་སྐྱོང་བྱེད་པའི་རྣམ་པ་གསར་པ་བསྐྲུན་དགོས། གྲོང་སྡེ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱས་ནས་ལོ་གཉིས་ནང་སྲིད་འཛིན་གྲོང་སྡེ་ཡོངས་སུ་ཁྱབ་པ་བྱ་དགོས།
(གསུམ) གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཡིད་ཆེས་བརྟན་སྲུང་དང་། ལེགས་སྐྱེས་འབུལ་བར་དང་དོད། འཇོན་ཐང་ལྡན་པ། སྤྱོད་ལམ་བཟང་བར་མཐོང་ཆེན་བཅས་བྱེད་པའི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ནི་གྲོང་གསེབ་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་ཤིན་ཏུ་གལ་ཆེ་བ་ཡིན། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་ཡོང་ཁུངས་རྒྱ་སྐྱེད་གཏོང་བར་ཤུགས་བརྒྱབ་ནས་ཁོང་ཚོའི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བ། ཁོང་ཚོའི་ལས་དོན་སྒྲུབ་པའི་ཧུར་སེམས་སྐུལ་སློང་བཅས་བྱ་དགོས། གྲོང་གསེབ་ཀྱི་ཕྱུག་སྒྱུར་མཁས་པ་དང་། དམག་ཁོངས་ནས་ཕྱིར་ལོག་མཁན། ཕྱི་ཕྱོགས་ལ་ལས་གཉེར་ཕྱིན་ནས་ཕྱིར་ལོག་པའི་ཞིང་པ་བཅས་ཀྱི་ཁྲོད་ནས་གྲོང་སྡེའི་ལས་བྱེད་པ་གདམ་གསེས་བྱེད་པར་མཐོང་ཆེན་བྱ་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་གྲོང་སྡེའི་འགན་གནས་འཛིན་པར་ཁྲིད་སྟོན་བྱས་ཏེ་གྲོང་སྡེ་གཅིག་ལ་སློབ་ཐོན་སློབ་གྲྭ་ཆེན་མོ་བ་གཅིག་ཡོད་པའི་འཆར་གཞི་ལག་བསྟར་བྱ་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ཕུལ་བྱུང་ན་གཞོན་ལས་བྱེད་པས་གྲོང་སྡེའི་ལས་དོན་སྒྲུབ་རོགས་འགྲོ་བར་བསྔགས་སྐུལ་བྱ་དགོས། གྲོང་སྡེའི་ཕུལ་བྱུང་ལས་བྱེད་པའི་ཁྲོད་ནས་ཞང་དང་གྲོང་རྡལ་གྱི་སྤྱི་ཞབས་པར་རྒྱུགས་བླངས་བསྡུ་ལེན་བྱེད་པ་དང་དེ་དག་ལས་ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པར་འདེམས་བསྐོ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་སྡེའི་ཏང་གི་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་གྲོང་སྡེ་ལས་བརྒལ་ནས་འགན་གནས་འཛིན་པའི་འཚོལ་ཞིབ་བྱ་དགོས། ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་དང་ཏང་དངུལ་ཁ་གསབ་རོགས་སྐྱོར་སོགས་བྱེད་པའི་ཐབས་ལམ་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་སྡེའི་ལས་བྱེད་པའི་གླ་ཆ་དང་རྒན་གསོའི་འགན་བཅོལ། ཏང་ཡོན་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་བཅས་བྱེད་པའི་མ་དངུལ་འགན་སྲུང་ནང་རྐྱེན་ཆགས་པ་བྱ་དགོས། གསོ་སྐྱོང་སྦྱོང་བརྡར་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་རྒྱ་ཁྱབ་ཏུ་གསོ་སྐྱོང་སྦྱོང་བརྡར་བྱེད་པ་དང་། ཁོང་ཚོས་ཞིང་པའི་སྣེ་འཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཏང་ཡོན་དང་ལས་བྱེད་པར་དེང་རབས་ཀྱི་རྒྱང་ཁྲིད་སློབ་གསོ་སྤེལ་བར་སྐུལ་འདེད་ཏན་ཏིག་བྱས་ནས། ལོ་གཉིས་ནང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་འཕྲིན་དྲ་ཁྱབ་པ་བྱ་དགོས།
(བཞི) གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་ལེགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གང་ལེགས་སྒྲུབ་པ་དང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་སྟངས་ལེགས་བཅོས། ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་འགྲོ་བ་བཅས་བྱས་ཏེ། བྱང་ཚད་མཐོ་བའི་གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་དགོས། ཏང་ནང་ཁུལ་གྱི་གཞི་རིམ་དམངས་གཙོ་རྒྱ་ཆེར་སྤེལ་བ་དང་། ཏང་ཡོན་སྲོག་ཤིང་དུ་གྱུར་པའི་གོ་གནས་ལ་བརྩི་འཇོག ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་གི་གཏན་འདེབས་ལྟར་འོས་འགན་སྒྲུབ་པ་དང་དབང་ཆ་སྤྱོད་པར་འགན་ལེན་བཅས་བྱ་དགོས། གྲོང་གསེབ་ཀྱི་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། ཉེར་སྤྱོད་ལག་རྩལ་བཅས་སློབ་སྦྱོང་བྱ་དགོས། ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གཏན་འབེབས་དང་། ལས་གནས་ལྟར་སྒྲུབ་འགན་ཁས་ལེན། སྔོན་ཐོན་གསར་སྤེལ་དང་ཕུལ་བྱུང་བརྩོན་གཉེར་སོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་དགོས། ཏང་ཡོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཏང་ནང་ཁུལ་དུ་སྐུལ་སློང་དང་། ཐུགས་ཁུར། རོགས་སྐྱོར་བཅས་བྱེད་པའི་ནང་རྐྱེན་བཙུགས་ནས། ཏང་གི་རྩ་འཛུགས་ཀྱི་མཉམ་འདྲེས་ནུས་ཤུགས་ཆེ་རུ་གཏོང་དགོས། སྐོར་སྐྱོད་ཏང་ཡོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་ཏང་ཡོན་གྱི་གནས་ཚུལ་དོ་དམ་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ན་གཞོན་ཞིང་པ་ཕུལ་བྱུང་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ནང་རྐྱེན་གསར་པ་འཚོལ་ཞིབ་བྱས་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཟམ་མ་ཆད་པར་མཐོ་རུ་གཏོང་དགོས།
(ལྔ) གྲོང་གསེབ་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་ནི་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ལས་དོན་ལེགས་པོ་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན། སློབ་གསོ་དང་། ལམ་ལུགས། ལྟ་སྐུལ། བསྒྱུར་བཅོས། དར་སྲོལ་ཚུལ་མིན་ཡོ་བསྲང་། ཆད་གཅོད་བཅས་ཕན་ཚུན་སྦྲེལ་བ་མཐའ་འཁྱོངས་བྱས་ནས། གྲོང་གསེབ་ཏུ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། ཕུགས་བསམ་དང་ཡིད་ཆེས་ཀྱི་བསམ་པ་འཆང་བ་དང་། བསམ་བློ་དང་ཀུན་སྤྱོད་ལེགས་འགྱུར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བཟུང་ནས། རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བདེན་འཚོལ་དངོས་སྒྲུབ་དང་། དྲང་གཞག་གཞུང་བཟང་། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱོད་གཙང་རང་གཅུན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་གདིང་དགོས། དབང་ཆ་བཀོལ་སྤྱོད་ཚད་ལྡན་དང་ཚོད་འཛིན་བྱ་རྒྱུ་ལྟེ་བར་འཛིན་པ་དང་། སྲིད་དོན་ཡོངས་བསྒྲགས་དང་། གྲོང་སྡེའི་ལས་དོན་ཡོངས་བསྒྲགས། ཏང་གི་ལས་དོན་ཡོངས་བསྒྲགས་བཅས་བྱེད་པར་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་ཐུན་མོང་གི་མ་རྩ་དང་། རྒྱུ་ནོར། ཐོན་ཁུངས་བཅས་དོ་དམ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ཏེ་དབང་ཆ་དང་། གཞུང་དོན། མི་བཅས་དོ་དམ་བྱ་དགོས། ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཏང་གི་གྲོང་གསེབ་སྐོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཞིང་པའི་ཁེ་ཕན་ལ་གནད་འཚེ་བཏང་བའི་གནད་དོན་འབུར་ཐོན་ཡོ་བསྲང་ཏན་ཏིག་དང་། ཞིང་པ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ལུགས་དཀྲུག་གི་གྱོད་དོན་རྩད་བཤེར་ཐག་གཅོད་ནན་པོ་བྱ་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ལ་བརྩེ་སེམས་འཆང་བ། མི་དམངས་ཀྱི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་སྡུག་བསྔལ་ལ་སེམས་ཁུར་དང་། མང་ཚོགས་ཀྱི་རེ་འབོད་ཉན་འཇོག མང་ཚོགས་ཀྱི་བློ་གྲོས་གཅིག་བསྡུས། དྲང་གཏམ་བརྗོད་པ་དང་། དོན་དངོས་སྒྲུབ་པ། ཕན་འབྲས་དངོས་བརྩོན་གཉེར་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་གསར་སྐྲུན་ཧུར་ཐག་བྱ་དགོས།
འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུའི་ཆེས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་ལས་འགན་ནི་གྲོང་གསེབ་ཏུ་གནས་ཡོད་ལ། ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྨང་གཞི་ཡང་གྲོང་གསེབ་ཏུ་གནས་ཡོད། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་སྟོབས་ཆེན་པོས་བསྒྱུར་བཅོས་བྱེད་པ་དང་། འཕེལ་རྒྱས་མགྱོགས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་བའི་འཕེལ་རིམ་ནང་གྲོང་གསེབ་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱ་དགོས།