གཟུགས་ཅན་མ་ཡིན་པའི་མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོའི་སྡེ་ཚན་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 10:57ལ་འགྲུབ།

གཟུགས་ཅན་མ་ཡིན་པའི་མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོའི་སྡེ་ཚན་དྲུག

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་གཟུགས་ཅན་མ་ཡིན་པའི་མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོའི་སྡེ་ཚན་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ560.19ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

1.སེམས་ཀྱི་ས་མང་ནི། ཚོར་འདུ་སེམས་པ་རེག་པ་དང་༎ ཡིད་བྱེད་ཀུན་འགྲོ་རྣམ་པ་ལྔ༎ འདུན་མོས་དྲན་པ་ཏིང་ངེ་འཛིན༎ ཤེས་རབ་ཡུལ་ངེས་རྣམ་པ་ལྔ༎ དེ་བཅུ་པོ་ནི་སེམས་ཀྱི་ས་མང་ཡིན་ཏེ་གཙོ་བོ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་རོ༎

2.དགེ་བའི་ས་མང་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས༎ བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད༎ རྩ་བ་རྣམ་གཉིས་མི་འཚེ་བ༎ བརྩོན་འགྲུས་དགེ་བ་བཅུ་པོ་ནི༎ ཞེས་གསུངས་པ་ལྟར་དགེ་བ་བཅུ་པོ་དེ་དགེ་བའི་ས་མང་ཡིན་ཏེ། དགེ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་རོ༎

3.མི་དགེ་བའི་ས་མང་ནི། ཁྲེལ་མེད། ངོ་ཚ་མེད་པ་དང་གཉིས་སོ༎ ཞེས་བསྟན་པས་གཉིས་པོ་དེ་མི་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་རོ༎

4.ཉོན་མོངས་ཆེན་པོའི་ས་མང་ནི། རྨོངས་དང་བག་མེད་ལེ་ལོ་དང་༎ མ་དད་པ་དང་རྨུགས་དང་རྒོད༎ ཞེས་པའི་དྲུག་པོ་དེ་ཉོན་མོངས་ཆེན་པོའི་ས་མང་ཡིན་ཏེ། བསམ་བཞིན་དུ་མི་དགེ་བ་ལ་ཞུགས་པ་སོགས་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་རོ༎

5.ཉོན་མོངས་ཆུང་ངུའི་ས་མང་ནི། ཁྲོ་དང་འཁོན་འཛིན་འཆབ་དང་འཚིག ། ཕྲག་དོག་སེར་སྣ་རྒྱུ་གཡོ་རྒྱགས༎ རྣམ་འཚེ་དང་ནི་བཅུ་པོ་དེ༎ ཞེས་པས་ཉོན་མོངས་ཆུང་ངུའི་ས་མང་ཡིན་ཏེ་མཚུངས་ལྡན་མ་རིག་པ་ཙམ་གྱི་ཀུན་ནས་བསླངས་པའི་གྲོགས་ཀྱི་ཆུང་༎ སྒོམ་སྤངས་ཡིན་པས་སྤང་བྱ་རིགས་ཀྱི་ཆུང་༎ འབྱུང་ས་བརྟེན་གྱི་ས་ཆུང་བ་དྲུག་པ་ཡིད་ཤེས་ཀྱི་ཁོ་ན་ཡིན་པའི་ཕྱིར་རོ༎ ཉོན་མོངས་ཆུང་ངུའི་ས་མང་དུ་གྱུར་པའི་ཉེ་ཉོན་བཅུ་གང་རུང་ལ་དབང་ཤེས་མེད། ལྷག་མ་ཉེ་ཉོན་བཅུ་པོ་ལ་དབང་ཤེས་ཡིད་ཤེས་གཉིས་ཡོད་གསུངས་སོ༎

6.མ་ངེས་པའི་ས་མང་ནི། དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་༎ གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་༎ ང་རྒྱལ་ཐེ་ཚོམ་ཞེས་བྱ་བ༎ བརྒྱད་ནི་ངེས་པ་མ་ཡིན་ནོ༎ ཞེས་གསུངས་སོ༎ རྩ་ཉོན་ཁོང་ཁྲོ། ཉེ་ཉོན་ཁྲོ་བ། འཁོན་འཛིན། འཚིག་པ། ཕྲག་དོག སེར་སྣ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ་དང་དགུ་ནི། འདོད་པའི་སས་བསྡུས་ཁོ་ན་ཡིན་ཅིང་གོང་ན་མེད། འཇིག་ལྟ་མཐར་ལྟ་གཉིས་པོ་མ་གཏོགས་པ་འདོད་པའི་ཉོན་མོངས་ཐམས་ཅད་མི་དགེ་བ། གོང་མའི་ཉོན་མོངས་ཐམས་ཅད་ལུང་བསྟན། ཞེས་གསུངས་སོ༎ རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུའི་དང་པོ་དྲུག་ནི་ཤིང་གི་སྡོང་པོ་དང་། ཕྱི་མ་དེའི་ལོ་འདབ་ལྟ་བུ་ཡིན་པས་རྩ་ཉོན་ཉེ་ཉོན་ལ་འགྲོ་ཚུལ་ལོ༎ བྱེད་ལས་དང་པོ་དྲུག་གི་སྒོ་དུ་མ་ནས་ཉེས་པ་ལ་སྦྱོར། ཕྱི་མ་ཉི་ཤུས་སྒོ་གཅིག་ནས་ཉེས་པ་ལ་སྦྱོར་བའམ་རང་རྒྱུད་ལྡན་ཉོན་མོངས་པར་བྱེད་པས་འཇོག་གོ །