བྱིས་པའི་ཚ་བ་སེལ་ཐབས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-03-24 15:24ལ་འགྲུབ།

བྱིས་པའི་ཚ་བ་སེལ་ཐབས།

བྱིས་པའི་ཚ་བ་སེལ་ཐབས།
ཀྲུང་ལུགས་གསོ་རིག་པའི་གཞུང་ལ་བསྟེན་ནས་བྱིས་པའི་ཚ་བ་སེལ་བའི་ཀྲུང་ལུགས་གསོ་རིག་གི་གསོ་བཅོས་བྱེད་ཐབས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྱིས་པའི་ཚ་བ་སེལ་ཐབས།
ཁོངས་གཏོགས།
ཀྲུང་ལུགས་གསོ་རིག
རིགས་དབྱེ།
བྱིས་པའི་ནད།
1 ​ངོ་སྤྲོད།

བྱིས་པའི་དབང་རྩ་གཙོ་བོའི་སྙོམས་སྒྲིག་གི་ནུས་པ་ཞན་པ་དང་པགས་པའི་རྔུལ་རྨེན་འཚར་སྐྱེ་མི་ལེགས་པ། ཕྲུ་གུའི་པགས་འོག་གི་ཚིལ་སྲབ་པ། ཤ་གྲིམ་རྒྱས་མེད་པ་དང་འགུལ་སྐྱོད་ཀྱི་ནུས་པ་ཞན་པ་སོགས་ཀྱི་དབང་གིས་ལུས་དྲོད་ལ་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པ་ལས་བྱུང་བའི་ནད་ཅིག་ཡིན་པ་དང་། ཚ་བ་རྒྱས་པ་ནི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། མིའི་ལུས་པོའི་ཕྱི་ནང་ཀུན་ལ་ཚ་བ་རྒྱས་པ་དང་། གནས་མི་འདྲ་བར་ཚ་བ་རྒྱས་སྲིད་པས་གསོ་བཅོས་བྱེད་ཐབས་ལའང་མི་འདྲ་བ་སྣ་ཚོགས་ཡོད།

2 རིགས་དབྱེ།

དེ་ལ་དབྱེ་ན་སྐྱེ་ལུགས་རང་བཞིན་གྱི་ཚ་བ་རྒྱས་པ་དང་རེད་གཤིས་ཀྱིས་ཚ་བ་རྒྱས་པ། རེད་གཤིས་མ་ཡིན་པའི་ཚ་བ་རྒྱས་པ་སོགས་ཡོད།

3 ཚ་རྒྱས་སྟངས།

ཁོར་ཡུག་གི་དྲོད་ཚད་མཐོ་དྲགས་ན་ཚ་བ་རྒྱས་པ་དང་། ནུ་མ་ལྡུད་པ་དང་ཟ་མ་བསྟེན་པའི་རྗེས་སུ་ཚ་བ་རྒྱས་པ། ངུ་བ་དང་འགུལ་སྐྱོད་ཀྱི་རྗེས་སུ་ཚ་རྒྱས་པ། ལུས་ལ་གོན་པ་མཐུག་པོ་གྱོན་ན་ཚ་བ་རྒྱས་པ་སོགས་ཀྱི་གནས་ཚུལ་འབྱུང་མོད། འོན་ཀྱང་དེ་ལ་ཚ་བ་ཆེན་པོ་རྒྱས་མི་སྲིད་པས་རྒྱུ་རྐྱེན་བསལ་རྗེས་རྒྱུན་ལྡན་དུ་འགྱུར་ངེས་རེད། མཉམ་འཇོག་དགོས་པ་ཞིག་ནི་ཁོར་ཡུག་གི་དྲོད་ཚད་མཐོ་དྲགས་ན་བྱིས་པར་གྱོན་པ་སྲབ་མོ་གྱོན་དགོས། དེ་མིན་ཚེ་བྱིས་པའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཏེ་ནད་རིགས་གཞན་པ་སློང་སྲིད།

བྱིས་པར་ཆམ་པ་ཕོག་པ་དང་གློ་ཚད། འདུས་འདྲིལ་ནད་སོགས་འགོས་ནད་འབྱུང་སྐབས་ཀྱང་ཚ་བ་རྒྱས་སྲིད་མོད། འོན་ཀྱང་ནད་ཀྱི་ལྕི་ཚད་མི་འདྲ་བའི་དབང་གིས་ཚ་བ་རྒྱས་པའི་ཚད་ཀྱང་མི་འདྲ་བ་རེད། ཚ་བ་རྒྱས་པ་ནི་མིའི་ལུས་ཀྱི་འགོས་ནད་ཕྱི་རུ་མངོན་པའི་རྟགས་ཤིག་ཡིན་ལ། རྟགས་དེ་ནི་མིའི་ལུས་པོས་ནད་ཀྱི་གནོད་པར་འགོག་རྒོལ་བྱེད་པའི་སྣང་ཚུལ་ཞིག་ཀྱང་ཡིན་པར་བཤད།

4 ཚ་བ་རྒྱས་ཚུལ།

གཅིག ཆམ་པས་ཚ་རྒྱས་པ། ནད་རྟགས་ནི་གྲང་བར་སྐྲག་པ་དང་། རྔུལ་ཆུ་ཉུང་བའམ་ཡང་ན་མེད་པ། མགོ་ན་བ། སྣ་འཚུབ་པ། སྣ་ཆུ་བཞུར་བ། གློ་ལུ་བ། ལྕེ་སྟེང་དུ་དཀར་པོ་ཆགས་པ་སོགས་འབྱུང་།

གཉིས། དོན་སྣོད་ལས་ཚ་བ་རྒྱས་པ། ནད་རྟགས་ནི་ལུས་ཚ་ཆེ་ལ་ངོ་དང་ཁ་ཤ་དམར་པོར་ཆགས་པ། སྣ་སྒོ་སྐམ་པ། དབུགས་འཚུབ་པ། ཟས་ཀྱི་ཡི་ག་ཞན་པ། ཁ་སྐམ་པ། ཕོ་བ་སྦོས་བརྒྱངས་བྱེད་པ། བཤང་བར་དྲི་ངན་བྲོ་བ། ལྕེ་ལ་དྲེག་པ་མཐུག་པོ་ཆགས་པ་སོགས་འབྱུང་།

གསུམ། ལུས་ཁམས་མ་སྙོམས་པ་ལས་ཚ་བ་རྒྱས་པ། ནད་རྟགས་ནི་ཕྱི་དྲོ་ཚ་བ་རྒྱས་པ་དང་ཡང་ན་རྒྱུན་དུ་ཚ་བ་ཆུང་ངུ་རྒྱས་པ། ལུས་པོ་སྐམ་ལ་སྟོབས་ཞན་པ། ལུས་ཐང་ཆད་ལ་རྔུལ་ཆུ་མང་པོ་འབྱུང་བ། ཁ་སྐམ་པ། ཟས་ཀྱི་ཡི་ག་ཞན་པ་སོགས་འབྱུང་།

5 སྔོན་འགོག་བྱེད་ཐབས།

གཅིག སྤྱོད་ལམ་ལ་མཉམ་འཇོག་བྱས་ནས་ཆམ་པ་སྔོན་འགོག་བྱེད་དགོས་པ་དང་། ལྷག་པར་དུ་མཚན་མོར་བྱིས་པ་འཁྱག་ཏུ་འཇུག་མི་རུང་།

གཉིས། བྱིས་པ་འཚར་ལོངས་འབྱུང་བའི་སྐབས་སུ་ཟས་ཆ་སྙོམས་པོར་བསྟེན་ནས། ལུས་ཀྱི་ཟུངས་སྟོབས་སྙོམས་ཚད་མཐོར་འདེགས་སུ་གཏོང་དགོས། ཤ་སོགས་ཁོག་ཚ་བསྐྱེད་སླ་བའི་ཟས་རིགས་ཉུང་དུ་བསྟེན་པ་དང་ཆེས་མང་ནའང་གཟའ་འཁོར་རེར་ཐེངས་གཉིས་ལས་བརྒལ་མི་རུང་ལ། དཀར་ཟས་དང་སྔོ་ཚོད་མང་པོར་བསྟེན་དགོས།

གསུམ། ཧུར་བརྩོན་གྱིས་སྦྱོར་བརྡར་འོས་འཚམ་བྱེད་པ་དང་། ཉི་མར་ལྡེ་བ་དང་མཁའ་དབུགས་གསར་པ་མང་དུ་བསྟེན་དགོས།

བཞི། རྒྱུན་དུ་ཁང་པའི་ནང་དུ་རླུང་རྒྱུ་རུ་འཇུག་དགོས། ལྷག་པར་དུ་དབྱར་ཁར་ཁང་པའི་ནང་དུ་རླུང་རྒྱུ་རུ་འཇུག་པ་དང་མཉམ་དུ་འོས་འཚམ་གྱིས་ཁང་པའི་ནང་གི་དྲོད་ཚད་ཇེ་དམའ་རུ་གཏོང་དགོས་མོད། འོན་ཀྱང་ཁང་པའི་ནང་གི་དྲོད་ཚད་ལན་རེར་དམའ་བ་དང་། ལན་རེར་མཐོ་མི་རུང་།