ཧོ་ནན་བུད་མེད་ལས་རིགས་སློབ་གླིང་ནི་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པ་དང་། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་དོ་དམ་བྱེད་པའི་གཞུང་བཙུགས་ཆེད་སྦྱོང་ཚན་ཁག་རིམ་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། ཧོ་ནན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ངོ70ལྷག་ཙམ་སློབ་གཉེར་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་མཉམ་འདྲེས་བྱས་པ་ཞིག་ཀྱང་རེད། སྔ་རྗེས་སུ་ཧོ་ནན་ཞིང་ཆེན་བྱིས་པའི་དགེ་འོས་སློབ་གྲྭ་དང་ཧོ་ནན་ཞིང་ཆེན་བུད་མེད་དང་བྱིས་པའི་བྱེད་སྒོའི་ལྟེ་གནས་སོགས་སློབ་གསོའི་སྤུས་རྟགས་བཏོད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཕྱི་ནང་གི་བུད་མེད་དང་སློབ་གླིང་གི་སློབ་གཉེར་འདུ་ཤེས་དཔྱད་གཞིར་བཟུང་ནས་གཉེར་བའི་ཁྱད་ལྡན་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཏུ་གྱུར།
སློབ་གླིང་གིས“བདེན་པ་ཤེས་པ། བྱམས་བརྩེ་སྐྱོང་བ། མཛེས་པར་སྙེག་པ”བཅས་ཀྱི་སློབ་གྲྭའི་དམ་ཚིག་རྒྱུན་འཛིན་བྱས་ཤིང་། འབད་འབུངས་ཡར་བརྩོན་དང་གསར་གཏོད་སྲོལ་འབྱེད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཁ་ཕྱོགས་དང་ཧོ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་རིགས་སློབ་གསོའི་ཁྱད་ལྡན་མིང་བྱང་དང་བུད་མེད་སློབ་གསོའི་ཚད་གཞི་དང་བྱང་ཚད་ཕྱོགས་ལ་ཤུགས་རྒྱབ། སློབ་གསོ་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཛུབ་སྟོན་དང་ཀྲུང་ཧྭ་བུད་མེད་སློབ་གླིང་སོགས་ཀྱིས་གྲོས་འགོ་བཏོན་ནས་བཙུགས་པའི“ཀྲུང་གོའི་བུད་མེད་མཐོ་རིམ་སློབ་གྲྭ་ཆེན་མོའི་མནའ་འབྲེལ”གྱི་ཁོངས་མིའི་སྡེ་ཚན་ཡིན་ལ། ཧོ་ནན་ཞིང་ཆེན་བུད་མེད་ཞིབ་འཇུག་ཚོགས་པ་དང་ཧོ་ནན་ཞིང་ཆེན་ཁྲིམས་རིག་ལྷན་ཚོགས་གཉེན་སྒྲིག་ཁྱིམ་ཚང་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཁྲུའུ་ཡི་རྒྱུན་གནས་ལས་ཁུངས་ཞིག་ཀྱང་ཡིན།
སློབ་གླིང་གི་ཁོར་ཡུག་མཛེས་ཤིང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། དགེ་རྒན་གྱི་བྱང་ཚད་ལུགས་དང་མཐུན་ཞིང་ཐོན་ལས་དང་སློབ་གསོ་མཉམ་འདྲེས་སུ་གྲུབ་ཅིང་། སློབ་ཁུལ་དེ་ཀྲེང་ཀྲོའུ་གྲོང་ཁྱེར་ཁུལ་གྱི་ལྟེ་བར་གནས་ལ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་མགོ་མཇུག་ཕན་ཚུན་དུ་བསྣོལ་ཞིང་། ཀྲེང་ཀྲོའུ་རྨ་ཆུའི་སྐྱེ་ཁམས་ས་རྒྱུད་དང་ས་འབྲེལ། སློབ་ཁུལ་གཉིས་ཀྱི་རྒྱ་ཁྱོན་མུའུ401.7ཡོད་པ་དང་སློབ་སྔོན་སློབ་གསོའི་སློབ་གླིང་དང་། རོལ་དབྱངས་སློབ་གླིང་། མཛེས་རྩལ་སློབ་གླིང་། དོ་དམ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང4ཡོད། “དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་བྱང་ཚད་མཐོ་བ། གྲུབ་ཚུལ་ལུགས་མཐུན། ཆེད་ལས་དང་ཞོར་གཏོགས་ཟུང་འབྲེལ”བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི“འཇོན་ཐང་གཉིས་ལྡན”གྱི་དགེ་རྒན་དཔུང་ཁག་ཅིག་གྲུབ་ཅིང་། དེའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་དགེ་རྒན་དང་། ཧོ་ནན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སློབ་ཁྲིད་རིགས་གཅིག་མཁས་ཅན། ཧོ་ནན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་ཆེད་ལས་རྩལ་ནུས་དགེ་རྒན་གྲགས་ཅན་ལས་དོན་ཁང་གི་གཙོ་སྐྱོང་བ། ཧོ་ནན་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཧོ་ནན་ཞིང་ཆེན་གྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ་སོགས་མི50ལྷག་ཙམ་ཡོད། སློབ་གྲྭའི་ནང་མོང་ཐའེ་སུའོ་ལི་དང་། ཨོར་ཕུའུ་རོལ་དབྱངས། གློག་རྡུལ་ཚོང་དོན། སྤྱི་ཚོགས་ལས་དོན་སོགས་ཆེད་ལས་དངོས་སྦྱོང་ཁང48བཙུགས་ཤིང་། སློབ་གྲྭའི་ཕྱིའི་དངོས་སྦྱོང་རྟེན་གཞི269ཡོད་ཅིང་ཞོར་གཏོགས་མཐོ་རིམ་སློབ་འབྲིང1དང་བུ་བཅོལ་ཁང2ཡོད་པ་དེས་རྒྱལ་ཁབ་ཕྱི་ནང་གི་བུད་མེད་མཐོ་སློབ་མང་པོ་དང་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད། “སྲིད་གཞུང་དང་། ཁེ་ལས། སློབ་གྲྭ”བཅས་ཟུང་དུ་འབྲེལ་ནས་གསོ་སྐྱོང་བྱེད་པའི་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་སྟངས་ཆགས་ཡོད།
སློབ་གླིང་གི་སློབ་གསོའི་འདུ་ཤེས་སྔོན་ཐོན་དང་སློབ་སྒྲུབ་ཁྱད་ཆོས་མངོན་གསལ་དོད་ཅིང་། སློབ་སྔོན་སློབ་གསོ། སྒྱུ་རྩལ་སློབ་གསོ། བུད་མེད་སློབ་གསོ། སྤྱི་པའི་དོ་དམ་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་ལག་ལེན་ལ་རྐང་བཙུགས་ཤིང་ཆེད་ལས་བཀོད་སྒྲིག་དང་། སློབ་ཚན་བཀོད་སྒྲིག སློབ་ཁྲིད་ཇུས་འགོད། སློབ་གྲྭའི་རིག་གནས་འཛུགས་སྐྱོང་བཅས་སྣང་ཆེན་བྱེད་ཅིང་། རང་བཀུར་དང་། རང་ལ་ཡིད་ཆེས། རང་མགོ་རང་ཐོན། རང་འབད་བཅས་ཀྱི་སྙིང་སྟོབས་དང་ཕུགས་འདུན་ཆེན་པོས་བླ་ན་མེད་པའི་གཤིས་རྒྱུད་གོང་སྤེལ་དང་། ཁྱད་དུ་འཕགས་པའི་འདོད་ཕྱོགས་བཅས་ལྡན་པའི་གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་ཐུབ་བྱ་དགོས།
སྤྱི་ལོ2019ལོའི་ཟླ12པའི་ཚེས26ཉིན་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཧུའེ་ཧྥང་གིས་གྲོང་ཚོར་ཕེབས་ནས་ཧོ་ནན་བུད་མེད་ལས་རིགས་སློབ་གླིང་གི་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་བ་དང་། ཧོ་ནན་བུད་མེད་ལས་རིགས་སློབ་གླིང་གི་ཏང་ཙུའི་ཧྲུའུ་ཅི་ཚུའེ་ལིང་ཡུན་དང་། ཧྲེང་ཅ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧུའེ་ཡུན། ཁང་ཁང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚུའེ་ཆི་བཅས་ལྷན་དུ་ཕེབས་ཡོད་ལ། སློབ་གྲྭ་གསར་པའི་རྣམ་གྲངས་ཀྱི་འགན་འཁུར་བས་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཧོ་ནན་བུད་མེད་ལས་རིགས་སློབ་གླིང་གི་སློབ་གནས་གསར་པ་དེ་ཧོ་ཅ་རྫོང་ཐོན་ལས་གཅིག་སྡུད་ཁུལ་གྱི་ལྷོ་ཁུལ་འཛུགས་པར་གཏན་འཁེལ་བྱས། སློབ་ཁུལ་གྱི་ས་ཁྱོན་མུའུ370ཟིན་རྒྱུའི་འཆར་འགོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར3.6བཏང་ཞིང་། སློབ་སྔོན་སློབ་གསོ་དང་ནད་གཡོག་སོགས་ཁྱད་ལྡན་ཆེད་ལས13འཛུགས་རྩིས་ཡོད་པ་དང་སློབ་གླིང་དེ་ཧོ་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་བཅུ་གསུམ་པའི་མཐོ་རི་སློབ་གྲྭའི་བཀོད་སྒྲིག་འཆར་འགོད་ནང་བཅུག དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་ས་ཁྱོན་མུའུ152ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི6.4ཟིན་པའི་ནང་ཕྱོགས་བསྡུས་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། དངོས་སྦྱོང་ཐོག་ཁང་། དཔེ་མཛོད་ཁང་སོགས་སློབ་གྲྭའི་ཉལ་ཁང་ཚུད་ཡོད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཧོ་ནན་བུད་མེད་ལས་རིགས་སློབ་གླིང་ཞིག་ཡིན་པའི་ཆ་ནས། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ལས་འགོ་བཙུགས་པ་ནས་བཟུང་དུས་ཐེངས་དང་པོའི་འཕེལ་རིམ་བདེ་བླག་བྱུང་ཡོད།