མཐུན་པ་སྤུན་བཞི།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2020-10-30 15:29ལ་འགྲུབ།

མཐུན་པ་སྤུན་བཞི།

མཐུན་པ་སྤུན་བཞི།
སྔོན་ཡུལ་ཀ་ཤི་ཞེས་བྱ་བའི་ནགས་སྟུག་པོ་ཞིག་ན་བྱ་གོང་མ་སྲེག་པ་དང་རི་བོང་དང་སྤྲེའུ་དང་གླང་པོ་བཅས་མཛའ་མཐུན་དབྱེར་མེད་དུ་འཚོ་ཞིང་གནས་པའི་སྐབས་སུ་ཉིན་ཞིག་ཁོ་ཚོས་ང་ཚོ་དེ་ལྟར་རྟག་ཏུ་གནས་པ་ན་ངེས་པར་རྒན་གཞོན་སུས་སུར་བསྙེན་བཀུར་དགོས་མིན་མ་ཤེས་ན་ག་ལ་རུང་སྟེ་དེས་ན་ང་ཚོ་ན་སོ་རྒན་གཞོན་ངེས་པར་རྟག་རྒོ་ཞེས་མགྲིན་གཅིག་ཏུ་དམ་བཅས་པ་ལ་ཟེར།
1 ​ལོ་ཙཱ།

རྒྱ་ཡིག 和气四瑞

དབྱིན་ཡིག the four animals that symbolize friendship: elephant, monkey, hare and bird.

2 རྒྱས་འགྲེལ།

སྔོན་ཡུལ་ཀ་ཤི་ཞེས་བྱ་བའི་ནགས་སྟུག་པོ་ཞིག་ན་བྱ་གོང་མ་སྲེག་པ་དང་རི་བོང་དང་སྤྲེའུ་དང་གླང་པོ་བཅས་མཛའ་མཐུན་དབྱེར་མེད་དུ་འཚོ་ཞིང་གནས་པའི་སྐབས་སུ་ཉིན་ཞིག་ཁོ་ཚོས་ང་ཚོ་དེ་ལྟར་རྟག་ཏུ་གནས་པ་ན་ངེས་པར་རྒན་གཞོན་སུས་སུར་བསྙེན་བཀུར་དགོས་མིན་མ་ཤེས་ན་ག་ལ་རུང་སྟེ་དེས་ན་ང་ཚོ་ན་སོ་རྒན་གཞོན་ངེས་པར་རྟག་རྒོ་ཞེས་མགྲིན་གཅིག་ཏུ་དམ་བཅས། དེ་ནས་བྱ་གོང་མ་སྲེག་པས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས་ཤིང་འདི་མཐོང་མཁན་སྔ་ཤོས་དེ་སུ་ཡིན་ཅེས་དྲིས་པར་གླང་ཆེན་གྱིས་ཁོ་བོ་ཁྱུ་དང་མཉམ་དུ་ལམ་འདི་ནས་འགྲོ་དུས་ཤིང་འདི་ཁོ་བོའི་ལུས་དང་མཉམ་པ་མཐོང་བྱུང་ཞེས་དང༌། སྤྲེའུས་དེ་དུས་ཁོ་བོའི་ལུས་དང་མཉམ་པ་མཐོང་བྱུང་ཞེས་སྨྲས་པ་ན་རི་བོང་གིས་ངས་ཤིང་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་པའི་ཐིགས་པ་ལྕེས་བལྡགས་ཡིན་ཞེས་བརྗོད་པ་ན་ཚང་མས“བྱས་ན་ཁྱོད་རྒན་པ་འདུག”ཅེས་དང༌། བྱ་གོང་མ་སྲེག་པས་ངས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་ཤིང་འདི་སྐྱེས་པ་ཡིན། ཞེས་བཤད་པར་གཞན་ཚང་མས་བྱས་ན་ང་ཚོའི་དཀྱིལ་ནས་ཁྱོད་རྒན་ཤོས་རེད་འདུག་ཅེས་དེ་ལྟར་གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱས། སྤྲེའུས་རི་བོང་དང་གོང་མ་སྲེག་པ་ལ་བསྙེན་བཀུར་བྱས། རི་བོང་གིས་ནི་གོང་མ་སྲེག་པ་ལ་བསྙེན་བཀུར་བྱེད་ཅིང༌། ང་ཚོས་སྲོག་གཅོད་སྤངས་རུང་མ་བྱིན་ལེན་ལས་ལོག་པ་མ་ཡིན་པས། ད་མ་བྱིན་ལེན་ལས་ལྡོག་པར་བྱའོ། །ང་ཚོས་རྩ་བ་དང་མེ་ཏོག་ལ་སོགས་པ་ཡོངས་སུ་འཛིན་པ་དང་བཅས་མ་བཅས་གཉིས་ཀ་ཡོད་པས། དེང་ཕྱིན་ཆད་ཡོངས་སུ་འཛིན་པ་དང་བཅས་པ་ནི་སྤངས་ལ། འཛིན་པ་མེད་པ་ལོངས་སྤྱད་པར་བྱའོ་ཞེས་མ་བྱིན་ལེན་སྤངས་སོ། །ད་ནི་འདོད་ལོག་སྤང་བར་བྱ་སྟེ། ད་ཕྱིན་ཆད་བགྲོད་པར་བྱ་བ་མ་ཡིན་པར་བགྲོད་པར་མི་བྱའོ། །ད་ནི་རྫུན་སྤང་བར་བྱ་སྟེ། ད་ཕྱིན་ཆད་ཅི་ཡང་རུང་བ་མི་སྨྲ་མ་ཡིན་པར་བགྲོད་པར་མི་བྱའོ། །ད་ནི་རྫུན་སྤང་བར་བྱ་སྟེ། ད་ཕྱིན་ཆད་ཅི་ཡང་རུང་བ་མི་སྨྲ་བར། བརྟགས་ཤིང་བརྟགས་པའི་ཚིག་དུས་སུ་སྨྲའོ། །ད་ནི་འབྲས་བུའི་ཆང་དང༌། སྦྱར་བའི་ཆང་སྤང་བར་བྱ་སྟེ།  ད་ཕྱིན་ཆད་མྱོས་པར་འགྱུར་བའི་འབྲས་བུ་སྤངས་ལ། མྱོས་པར་མི་འགྱུར་བའི་འབྲས་བུ་ལོངས་སྤྱོད་པར་བྱའོ། །དེ་རྣམས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་གནས་པའི་ཚེ་གོང་མ་སྲེག་པས་སྨྲས་པ། ང་ནི་གཞན་དག་ཀྱང་བསླབ་པའི་གཞི་ལྔ་ལ་དགོད་པར་བྱའོ། །དེ་བཞིན་དུ་བྱའོ། །ང་ཚོའི་ནང་ནས་སུས་སུ་དག་དགོད་པར་བྱ། སྤྲེའུས། ཁོ་བོས་སྤྲེའུ་ཐམས་ཅད་དགོད་པར་བྱའོ། །རི་བོང་གིས་ཁོ་བོས་རི་བོང་དང་སྤུ་ཅན་ཐམས་ཅད་དགོད་པར་བྱའོ། །གླང་ཆེན་གྱིས་ཁོ་བོས་གླང་པོ་ཆེ་དང༌། སེང་གེ་དང༌། སྟག་དང༌། གུང་ཐམས་ཅད་དགོད་པར་བྱའོ། །གོང་མ་སྲེག་པས། དེ་ལྟ་ན་ཁྱེད་ཀྱིས་མི་འདུལ་བའི་རྐང་མེད་དང༌། རྐང་གཉིས་དང༌།  རྐང་བཞི་པ་དང༌། འདབ་ཆགས་ཐམས་ཅད་ཁོ་བོས་བསླབ་པའི་གཞི་ལྔ་ལ་དགོད་པར་བྱའོ་ཞེས་དེ་རྣམས་ཀྱིས་ཡུལ་ཀ་ཤིའི་དུད་འགྲོ་ཐམས་ཅད་བསླབ་པའི་གཞི་ལྔ་ལ་བཀོད་པས་གཅིག་ལ་གཅིག་གནོད་པ་མི་བྱེད་པར་ནགས་སྟུག་པོ་དེ་ན་དགའ་བར་གནས་པའི་མཐུས་ལྷས་དུས་དུས་སུ་ཆར་ཕབ་པས། རྟག་ཏུ་མེ་ཏོག་དང་འབྲས་བུ་དང་ལོ་ཏོག་འཕེལ་བ་ན།  རྒྱལ་པོས་ངས་རྒྱལ་སྲིད་ཆོས་བཞིན་བྱས་པའི་མཐུ་ཡིན་ནོ། །བཙུན་མོ་དང༌། གཞོན་ནུ་རྣམས་དང༌། བློན་པོ་དང༌། ཁྲོམ་གྱི་རུ་པ་དང༌། གྲོང་མི་རྣམས་ཀྱིས། བདག་ཅག་གི་མཐུ་ཡིན་ནོ། །རྒྱལ་པོས་བསམ་པ། འདི་ཐམས་ཅད་ངའི་མཐུ་ཡིན་ཞེས་བཤད་ན། ཡང་སྙིང་སུའི་མཐུ་ཡིན་མི་ཤེས་སྙམ་ནས། ལྟས་མཁན་བཀུག་སྟེ་སྨྲས་པས། དེ་ཚོ་ཀྱིས་ཀྱང་མ་ཤེས་པར། ཧ་ཅང་མི་རིང་བའི་སྐྱེད་མོས་ཚལ་ཞིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་ཡོད་པའི་དྲུང་དུ་རྒྱལ་པོ་སོང་ནས་དྲིས་པས། འདི་གཞན་གྱི་མཐུ་མ་ཡིན་གྱི་ཁྱོད་ཀྱི་ཡུལ་ན་སྲོག་ཆགས་བཞི་གནས་པ་དེའི་མཐུ་ཡིན་ཞེས་བརྗོད། རྒྱལ་པོས་བྱས་ན་བལྟ་བར་འགྲོའོ་ཞེས་བརྗོད་པར་དྲང་སྲོང་གིས་བལྟ་རྒྱུ་ཅི་ཡོད། དྲང་སྲོང་གིས་དེ་རྣམས་ཀྱིས་བླངས་པ་དེ་བླངས་ནས་སྤྱོད་མཛོད་ཅིག་ཅེས་སྨྲས་པར་རྒྱལ་པོས་དེ་རྣམས་ཀྱིས་ཅི་བླངས་ཞེས་དྲིས་པར་དྲང་སྲོང་གིས་བསླབ་པའི་གཞི་ལྔ་སྟེ། སྲོག་མི་གཅོད། གཞན་གྱི་ནོར་མི་འཕྲོག འདོད་ལོག་མི་སྤྱོད། བརྫུན་མི་སྨྲ། མྱོས་པར་འགྱུར་བ་མི་འཐུང་བའོ་ཞེས་བརྗོད་པར་རྒྱལ་པོས་དེ་ལྟ་ན་བདག་གིས་ཀྱང་དེ་ལྔ་བླངས་ནས་སྤྱད་པར་བགྱིའོ་ཞེས་བསླབ་པའི་གཞི་ལྔ་བླངས་ནས་སྤྱད་པས་བཙུན་མོ་དང་གཞོན་ནུ་ནས་ཡུལ་མིར་བཅས་པ་ཐམས་ཅད་ཀྱིས་བླངས་ནས་སྤྱད་པར་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཐོས་ནས་འཁོར་དང་བཅས་པ་དང་འཛམ་བུ་གླིང་གི་སྐྱེ་བོ་ཕལ་ཆེ་བས་བསླབ་པའི་གཞི་ལྔ་བླངས་ནས་སྤྱད་པས། ལུས་ཞིག་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ། ལྷའི་འཁོར་རྒྱས་པ་བརྒྱ་སྦྱིན་གྱིས་མཐོང་ནས། གུས་བཅས་ཞེ་སར་བཅས་པ་དང༌། །དཀའ་ཐུབ་ཚལ་ན་གནས་པ་ཡི། གོང་མ་སྲེག་གི་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཅེས་སྨྲས་སོ། །དེའི་དུས་ཀྱི་བྱ་གོང་མ་སྲེག་ནི་ང་ཡིན་ནོ། །རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོའུ་གལ་གྱི་བུ། གླང་པོ་ཆེ་ཀུན་དགའ་བོའོ། །དེས་ན་གནས་བསྟན་དང་བར་མ་དང་གསར་བུ་རྣམས་ལ་བཀུར་སྟི་དང༌། ཞེ་ས་དང༌། འཇིགས་པ་དང་བཅས་པས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལ་བཀུར་སྟི་སོགས་མེད་པར་ཀུན་ཏུ་སྤྱོད་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་སློབ་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་རྣམ་གྲོལ་གྱི་ཕུང་པོ་མི་རྒྱས། དེ་མ་རྒྱས་པར་མྱ་ངན་ལས་མི་འདའོ། །ཞེས་བདག་ཅག་སྟོན་པས་བཀའ་སྩལ་བ་ལྟར་ཞིབ་ཕྲ་རྒྱལ་མཆོག་དགེ་འདུན་གྲུབ་པས་མཛད་པའི་འདུལ་བའི་གླེང་འབུམ་ནང་གསལ།