ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-26 14:14ལ་འགྲུབ།

ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།

ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།
ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་ནི་སྔོན་ཆད་ཀྱི་ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་ཡིན་ལ། སྤྱི་ལོ2000ལོའི་ཟླ7པར་བཙུགས། སྤྱི་ལོ2013ལོར་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་སྒེར་ཚུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར། སློབ་གྲྭ་ནི་འཇོན་མི་གསོ་སྐྱོང་དམིགས་སུ་འཛིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་གྲྭ་ཞིག་ཡིན། ད་ལྟ་སློབ་གྲྭར་ཡོད་པའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ12000ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳城市建设学院
དབྱིན་ཡིག་གི་མིང་།
Shenyang Urban Construction University
བསྡུས་མིང་།
ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།
བཙུགས་ལོ།
སྤྱི་ལོ2000ལོའི་ཟླ7པའི་ནང་བཙུགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་སློབ་ཆེན།
སྦྲག་སྲིད་ཨང་རྟགས།
110167
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
13208
ཏང་ཨུའི་ཧྲུའུ་ཅི།
ཚུའེ་ཅིན་དབྱི།
གླིང་གཙོ་གཞོན་པ།
ཧུ་མིང་ཡཱིན། ལི་ཧོའུ་ཡཱིན། ཝང་ཝན་ཅི།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་པའེ་ཐཱ་སྲང་ལམ་ཨང་380པ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཛུགས་སྐྲུན་དང་འཆར་འགོད་སློབ་གླིང་། སྒྱུ་རྩལ་དང་ཇུས་འགོད་སྡེ་ཁག ཆ་འཕྲིན་དང་ཚོད་འཛིན་ལས་གྲྭ་སྡེ་ཁག འགྲིམ་འགྲུལ་དང་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག དོ་དམ་སྡེ་ཁག གྲོང་ཁྱེར་དོ་དམ་དང་ཁོར་ཡུག་བཟོ་སྐྲུན་སྡེ་ཁག
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2000ལོའི་ཟླ7པར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཧྲེན་དབྱང་ཨར་ལས་བཟོ་སྐྲུན་སློབ་གླིང་གི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་བཙུགས།

སྤྱི་ལོ2002ལོའི་ཟླ4པར་ཀྲུང་གུང་ཧྲེན་དབྱང་ཨར་ལས་བཟོ་སྐྲུན་སློབ་གླིང་གི་ཏང་ཨུས་ཞིབ་འཇུག་བྱས་པ་བརྒྱུད་སློབ་གླིང་གི་མིང་ལ་ཧྲེན་དབྱང་ཨར་ལས་བཟོ་སྐྲུན་སློབ་གླིང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་ཞེས་བསྒྱུར།

སྤྱི་ལོ2003ལོའི་ཟླ12པར། སློབ་གསོ་པུའུ་ཡིས་ཧྲེན་དབྱང་ཨར་ལས་བཟོ་སྐྲུན་སློབ་གླིང་ནི་སྒེར་ཚུགས་ཀྱི་སློབ་གླིང་ཞིག་ཡིན་པར་གཏན་འཁེལ་བྱས།

སྤྱི་ལོ2004ལོའི་ཟླ5པར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། ཧྲེན་དབྱང་ཨར་ལས་བཟོ་སྐྲུན་སློབ་གླིང་གི་མིང་ལ་ཧྲེན་དབྱང་ཨར་ལས་སློབ་ཆེན་ཞེས་བསྒྱུར་ཞིང་། དེ་དང་ཆབས་ཅིག་ཧྲེན་དབྱང་ཨར་ལས་སློབ་ཆེན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་ཞེས་པར་བསྒྱུར། སྤྱི་ལོ2012ལོའི་ཟླ10པར་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སློབ་གསོ་པུའུ་ལ་འཕྲིན་ཡིག་སྤྲིངས་ནས་ཧྲེན་དབྱང་ཨར་ལས་འཛུགས་སྐྲུན་སློབ་ཆེན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དེ་ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དུ་བསྒྱུར་བའི་རེ་ཞུ་བྱས།

སྤྱི་ལོ2013ལོའི་ཟླ་དང་པོར། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་དཔྱད་མོལ་ཨུ་ཡོན་ལྷན་ཁང་གི་སྐབས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པའི་སྟེང་། ཧྲེན་དབྱང་ཨར་ལས་འཛུགས་སྐྲུན་སློབ་ཆེན་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དེ་ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དུ་བསྒྱུར་པར་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་།  

སྤྱི་ལོ2013ལོའི་ཟླ4པར་སློབ་གསོ་པུའུ་ཡིས་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཧྲེན་དབྱང་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་དུ་བསྒྱུར་བར་མོས་མཐུན་བྱུང་བའི་འཕྲིན་ཡིག་སྦྲིངས།

2 སློབ་སྒྲུབ་ཁྱད་ཆོས།

སློབ་གྲྭར་ད་ལྟ་ཆེད་བསྐོས་དགེ་རྒན587དང་རབ་འབྱམས་པ་ཡན་གྱི་དགེ་རྒན་གྱིས86%བཟུང་ཡོད། དགེ་རྒན་མང་ཤོས་ཀྱིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་སོགས་རིག་གཞུང་ཚོགས་པ་དང་ཞིབ་དཔྱད་ལས་ཁུངས་སུ་གོ་གནས་བཟུང་ཡོད་པ་མ་ཟད། དེའི་གྲས་སུ་ལེའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན་དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ཡང་དུ་མ་ཡོད། སློབ་གྲྭའི་ཕྱི་ནས་ལས་རིགས་ཀྱི་ལས་གྲྭའི་ལག་རྩལ་འཇོན་མི་སློབ་གྲྭར་སློབ་ཁྲིད་བྱེད་པར་གདན་ཞུ་བྱས་ཡོད།

སློབ་གྲྭས་རང་སྟེང་གི་བཟང་ཆ་འདོན་སྤེལ་བྱས་ནས་ཚན་རིག་ཞིབ་འཇུག་དེ་འཛུགས་སྐྲུན་ལས་རིགས་ལ་ཁ་ཕྱོགས་ནས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། སློབ་གྲྭར་མི་སྡོད་ཁོར་ཡུག་ཇུས་འགོད་ཞིབ་འཇུག་ཁང་དང་། བྲག་སའི་བཟོ་བཀོད་ཞིབ་འཇུག་ཁང་། གྲུབ་ཚུལ་དང་བཟོ་སྐྲུན་རྒྱུ་ཆ་ཞིབ་འཇུག་ཁང་། ཁང་པའི་ནང་གི་ཁོར་ཡུག་སྤུས་ཚད་ཞིབ་འཇུག་ཁང་། རིག་ནུས་བཟོ་སྐྲུན་སྒྲིག་ཆས་ཚོད་འཛིན་ལག་རྩལ་ཞིབ་འཇུག་ཁང་། ཨར་ལས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁང་། བཟོ་སྐྲུན་འཕྲུལ་ཆས་བཀོལ་སྤྱོད་ལག་རྩལ་ཞིབ་འཇུག་ཁང་། ལས་གྲྭའི་བཟོ་སྐྲུན་འགྲོ་གྲོན་ཞིབ་འཇུག་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ཁང་སོགས་ཚན་ཞིབ་ལས་ཁུངས་བཙུགས་ཡོད་པ་མ་ཟད། ཚན་རིག་ཞིབ་འཇུག་གི་ལས་དོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཕན་འབྲས་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོར་སློབ་གྲྭའི་ཏང་ཨུད་ལ“ཧྲེན་དབྱང་གྲོང་ཁྱེར་གྱི་སྔོན་ཐོན་ཏང་རྩ་འཛུགས”ཀྱི་མཚན་སྙན་དང་ཧྲེན་དབྱང་གྲོང་ཨུད་སློབ་གསོ་ཚན་རིག་ལས་དོན་ཨུ་ལྷན་གྱི་སྔོན་ཐོན་ཏང་ཨུད་ཀྱི་མཚན་སྙན་སྔ་ཕྱིར་ཐོབ། ཉེ་བའི་ལོ་ཤས་རིང་། སློབ་གྲྭར་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་དམག་བསྡུའི་ལས་དོན་གྱི་སྔོན་ཐོན་ཚན་པ་དང་། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་དབྱར་གནང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་གྱི་སྔོན་ཐོན་ཚན་པ། ཧྲེན་དབྱང་གྲོང་ཁྱེར་གྱི་སྔོན་ཐོན་གུང་གཞོན་ཚོགས་པའི་ཨུ་ལྷན་སོགས་གཟི་བརྗིད་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ། ལོ་བདུན་ལ་བསྟུད་མར་ཧྲེན་དབྱང་གྲོང་ཁྱེར་གྱི“སློབ་གྲྭ་ཆེ་འབྲིང་གི་སློབ་མའི་དབྱར་གནང་དུས་ཀྱི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་ཕུལ་བྱུང་རྩ་འཛུགས་ཚན་པའི”མཚན་སྙན་ཐོབ། དགེ་རྒན་མང་ཤོས་ལ་སྔ་རྗེས་སུ་ཧྲེན་དབྱང་མཐོ་སློབ་ཀྱི“ཕུལ་བྱུང་དགེ་རྒན ”དང་། ཧྲེན་དབྱང་གྲོང་ཨུད་སློབ་གསོ་ཚན་རིག་ལས་དོན་ཨུ་ལྷན་གྱི“ཕུལ་བྱུང་གུང་ཁྲན་ཏང་མི”“ཕུལ་བྱུང་ཏང་དོན་ལས་དོན་པ”“ཧྲེན་དབྱང་མཐོ་སློབ་ཀྱི་ཀུན་སྤྱོད་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

4 རིག་གཞུང་ཞིབ་འཇུག

སྨི་ངོས་གྲུ་བཞི19000ཡོད་པའི་དེང་རབས་ཅན་གྱི་དཔེ་མཛོད་ཁང་དེ་མཚེའུ་འགྲམ་དུ་བསྐྲུན་ཡོད་ལ། ད་ཆ་ཉར་ཚགས་བྱས་ཡོད་པའི་དཔེ་དེབ་ཁྲི87.6ལྷག་ཙམ་དང་གློག་རྡུལ་དཔེ་དེབ་ཁྲི20ལྷག་ཙམ་ཡོད། དཔེ་མཛོད་ཁང་ཀྲུང་གོའི་མཐོ་རིམ་སློབ་གསོའི་ཚད་ལྡན་ཡིག་ཆ་འགན་སྲུང་མ་ལག་ནང་ཞུགས་ནསCALISཁོངས་སུ་ཚུད་ཡོད།

5 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
5_1 འཛུགས་སྐྲུན་རིག་པའི་ཆེད་ལས། 
5_1_1 གསོ་སྐྱོང་གི་དམིགས་འབེན། 

ཆེད་ལས་དེ་གའི་སློབ་མས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་བཟོ་སྐྲུན་ཇུས་འགོད་ཁོང་དུ་ཆུད་པར་བྱས་ནས། གྲོང་ཁྱེར་གྱི་ཇུས་འགོད། ཁང་པའི་ནང་གི་ཇུས་འགོད། བཟོ་སྐྲུན་ཨར་ལས་ཇུས་འགོད་སོགས་འབྲེལ་ཡོད་ཀྱི་རིག་ཚན་ཤེས་བྱ་སྣ་མང་ལ་གཞི་རྩའི་སྦྱོང་བརྡར་ཐོབ་ཡོད་པས། ལས་གཞི་ཇུས་འགོད་དང་། ཨར་ལས་ཀྱི་ཇུས་གཞི་ཇུས་འགོད། ཨར་ལས་ཀྱི་དཔེ་རིས་བཟོ་བཀོད་སོགས་ཀྱི་གཞི་རྩའི་ནུས་པ་ལྡན། ཨར་ལས་ཀྱི་ཇུས་འགོད་དང་། གྲོང་ཁྱེར་གྱི་ཇུས་འགོད། ཁང་པའི་ནང་ཇུས་འགོད། དེ་བཞིན་ཨར་ལས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་ལས་ཀ་བྱེད་མཁན་མཐོ་རིམ་ཨར་ལས་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་པ་ནི་དམིགས་འབེན་གཙོ་བོ་ཡིན།

5_1_2 སློབ་ཚན་གཙོ་བོ།

ཨར་ལས་ཇུས་འགོད་ཀྱི་རྨང་གཞི་དང་། ཨར་ལས་ཇུས་འགོད་ཀྱི་རྩ་བའི་རིགས་པ། ཨར་ལས་ཇུས་འགོད། རྒྱལ་ཁབ་ཕྱི་ནང་གི་ཨར་ལས་ལོ་རྒྱུས། གྲོང་ཁྱེར་ཇུས་འགོད། ཁང་པའི་ནང་ཇུས་འགོད། ཨར་ལས་དངོས་ལུགས། ཨར་ལས་གྲུབ་ཚུལ། ཨར་ལས་སྒྲིག་ཆས། ཨར་ལས་དཔལ་འབྱོར། རྩིས་འཁོར་རམ་འདེགས་ཇུས་འགོད་སོགས་ཡོད།

5_1_3 ལས་ཞུགས་ཁ་ཕྱོགས། 

སློབ་མ་མཐར་ཕྱིན་རྗེས་བཟོ་སྐྲུན་ཇུས་འགོད་སྡེ་ཁག་དང་། འཆར་འགོད་ཇུས་འགོད་དང་དོ་དམ་སྡེ་ཁག ཨར་ལས་ཚན་རིག་ཞིབ་འཇུག་ཁང་། ས་ཁང་བདག་ཁོངས་ཁེ་ལས་ཁེ་ལས་དང་བྱ་ལས་སྡེ་ཚན་དུ་ཨར་ལས་ཇུས་འགོད་དང་། གྲོང་ཁྱེར་ཇུས་འགོད། ཁང་པའི་ནང་གི་ཇུས་འགོད་སོགས་ཀྱི་ལས་ཀ་སྒྲུབ་ཆོག 

5_2 བཟོ་ཚོང་དོ་དམ་ཆེད་ལས།
5_2_1 གསོ་སྐྱོང་གི་དམིགས་འབེན། 

ཆེད་ལས་འདིར་དོ་དམ་དང་། དཔལ་འབྱོར། བཅའ་ཁྲིམས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་ནུས་པ་གསོ་སྐྱོང་བྱེད་པ་སྟེ། ཁེ་ལས་དང་བྱ་ལས་སྡེ་ཚན་སྣ་ཚོགས་དང་སྲིད་གཞུང་སྡེ་ཁག་ཏུ་གཉེར་སྐྱོང་དང་དོ་དམ་གྱི་ལས་ཀ་བྱེད་ཐུབ་པ་མ་ཟད། རང་བརྟེན་ལས་གཏོད་ཀྱི་བྱང་ཚད་ལྡན་པའི་མཐོ་རིམ་ཆེད་ལས་འཇོན་མི་གསོ་སྐྱོང་བྱེད་པ་ནི་དམིགས་འབེན་གཙོ་བོ་ཡིན།

5_2_2 སློབ་ཚན་གཙོ་བོ།

དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། རྩིས་གཉེར་རིག་པ། རྩ་འཛུགས་བྱ་སྤྱོད་རིག་པ། དོ་དམ་ཆ་འཕྲིན་མ་ལག་དང་ནོར་དོན་དོ་དམ། ཐོན་སྐྱེད་འཁོར་རྒྱུག་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། འཐབ་ཇུས་དོ་དམ། ལས་གཏོད་དོ་དམ་སོགས་ཡོད།

5_2_3 ལས་ཞུགས་ཁ་ཕྱོགས། 

སློབ་མཐར་ཕྱིན་རྗེས། ཁེ་ལས་སྣ་ཚོགས་དང་བློ་འདྲི་ཀུང་སི། དེ་བཞིན་སྲིད་གཞུང་ལས་ཁུངས་སོགས་ཚན་པར་དཔལ་འབྱོར་དབྱེ་ཞིབ་དང་། དོ་དམ། ཁྲོམ་རའི་གཉེར་ཚོང་སོགས་ཀྱི་ལས་དོན་སྤེལ་ཆོག་ལ་རང་བརྟེན་ལས་གཏོད་དམ་ཡང་ན་མི་གཞན་ལ་རམ་འདེགས་བྱས་ནས་ལས་གཏོད་བྱས་ཀྱང་ཆོག

5_3 གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ཆེད་ལས། 
5_3_1 གསོ་སྐྱོང་གི་དམིགས་འབེན། 

ཆེད་ལས་དེ་གའི་སློབ་མས་རྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་གཞི་རྩའི་སྦྱོང་བརྡར་བྱས་པར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ཁོང་དུ་ཆུད་པ་དང་། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་། སྒྲིག་སྲོལ་ཞིབ་ཕྲ། གྲོང་ཁྱེར་དང་གྲོང་གསེབ་ཇུས་འགོད། ཁོར་ཡུག་ཇུས་འགོད། ཨར་ལས་ཇུས་འགོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་སོགས་ཀྱི་གཞི་རྩའི་ལག་རྩལ་ལྡན་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་དང་། འཆར་འགོད་ཞིབ་ཕྲ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཇུས་འགོད། འཆར་འགོད་དོ་དམ་སོགས་ཐད་ཀྱི་ལས་ཀ་བྱེད་པའི་མཐོ་རིམ་ལས་གྲྭའི་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་པ་ནི་དམིགས་འབེན་གཙོ་བོ་ཡིན།

5_3_2 སློབ་ཚན་གཙོ་བོ། 

གྲོང་ཁྱེར་འཆར་འགོད་ཀྱི་རྩ་བའི་རིགས་པ་དང་། གྲོང་ཁྱེར་འཆར་འགོད་ཇུས་འགོད། གྲོང་ཁྱེར་འཛུགས་སྐྲུན་ལོ་རྒྱུས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད། ཨར་ལས་ཇུས་འགོད་དང་དེའི་རྩ་བའི་རིགས་པ། གྲོང་ཁྱེར་གྱི་གཞུང་ལམ་དང་འགྲིམ་འགྲུལ། གྲོང་ཁྱེར་གྱི་དཔལ་འབྱོར་དང་དོ་དམ། གྲོང་ཁྱེར་གྱི་སྐྱེད་ཚལ་དང་སྤང་ལྗོངས་ཇུས་འགོད། གྲོང་ཁྱེར་གྱི་ཁོར་ཡུག་རིག་པ། དཔལ་འབྱོར་ས་ཁམས་རིག་པ་སོགས་ཡོད།

5_3_3 ལས་ཞུགས་ཁ་ཕྱོགས། 

སློབ་མ་སློབ་མཐར་ཕྱིན་རྗེས། འཆར་འགོད་ཇུས་འགོད་དང་དོ་དམ་སྡེ་ཁག འཛུགས་སྐྲུན་ཇུས་འགོད་སྡེ་ཁག ཨར་ལས་ཚན་རིག་ཞིབ་འཇུག་ཁང་། ས་ཁང་བདག་ཁོངས་ཁེ་ལས་སོགས་ཁེ་ལས་དང་བྱ་ལས་སྡེ་ཚན་དུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་དང་། འཆར་འགོད་ཞིབ་ཕྲ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་འཆར་འགོད་དོ་དམ་སོགས་ཀྱི་ལས་ཀ་སྒྲུབ་ཆོག

དཔྱད་གཞིའི་ཡིག་ཆ།