ཝུའུ་སུའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-10 15:02ལ་འགྲུབ།

ཝུའུ་སུའུ་གྲོང་ཁྱེར།

ཝུའུ་སུའུ་གྲོང་ཁྱེར།
ཝུའུ་སུའུ་གྲོང་ཁྱེར་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་དུ་ཁེ་ལ་མ་དབྱི་གྲོང་ཁྱེར་དང་། ཁུའེ་ཐུན་གྲོང་ཁྱེར། ཧྲ་ཝན་རྫོང་བཅས་དང་འབྲེལ་ཞིང་། ལྷོ་རུ་ཉི་ལེ་ཁེ་རྫོང་དང་ཁ་གཏད་དུ་གནས་ཡོད། ནུབ་ཏུ་ཅིང་ཧོ་རྫོང་དང་ཁྱིམ་མཚེས་ཡིན། བྱང་དུ་ཐོ་ལི་རྫོང་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.07ཟིན་ཡོད། ཧ་སག་རིགས་དང་། རྒྱ་རིགས། ཡུ་གུར་རིགས། ཧུའེ་རིགས། སོག་རིགས་སོགས་ཡོད། དེའི་ཁོངས་སུ་གྲོང་རྡལ10དང་། ཡུལ་ཚོ7 ཕྱུགས་ར3 སྡེ་བའི་རུ་ཁག185 ནགས་ར1བཅས་ཡོད། ཁྲོམ་གཞུང་དོན་གཅོད་ཁྲུའུ5དང་སྤྱི་ཁུལ16ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乌苏
ཕྱི་ཡིག་གི་མིང་།
Wusu
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཞིན་ཅང་ཐ་ཁྲེང་ས་ཁུལ།
མངའ་ཁོངས།
གྲོང་རྡལ10དང་། ཡུལ་ཚོ7 ཕྱུགས་ར3 སྡེ་བའི་རུ་ཁག185 ནགས་ར1 ཁྲོམ་གཞུང་དོན་གཅོད་ཁྲུའུ5 སྤྱི་ཁུལ16བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཧོང་ཆའོ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0992
སྦྲག་སྲིད་ཨང་རྟགས།
833000
གནས་ཡུལ།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནུབ་བྱང་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི2.07ཡོད།
མི་གྲངས།
མི་ཁྲི21.46ཡོད།(སྤྱི་ལོ2019ལོ)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཝུའུ་སུའུ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཞིན།(新)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
654202
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར197.2ཡོད།
1 ངོ་སྤྲོད་མདོར་བསྡུས།

ཝུའུ་སུའུ་མི་རིགས་ཁག་གི་མི་དམངས་ཀྱིས་དངོས་པོའི་རྒྱུ་ནོར་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པར་མ་ཟད། ད་དུང་ཐེན་ཧྲན་རི་བོའི་ལྷོ་བྱང་གི་བསམ་པའི་རྒྱུ་ནོར་ཡང་བསྐྲུན་ཡོད་པ་སྟེ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”དང་། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྲོང་ཁྱེར”“རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར”“རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་སྔོན་ཐོན་གྲོང་ཁྱེར”“རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྔོན་ཐོན་གྲོང་ཁྱེར”སོགས་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྤྲད་པའི་གཟི་བརྗིད་མཚན་སྙན་བཅུ་ཕྲག་ཁ་ཤས་ཡོད།

སྤྱི་ལོ2018ལོར་ཝུའུ་སུའུ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར197.2མངོན་འགྱུར་བྱུང་ཡོད།

2 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཝུའུ་སུའུ་རྫོང་དུ་བསྒྱུར། ཀྲེན་ཏི་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་དྲུག་པའི(སྤྱི་ལོ1917ལོ)ཟླ3པར་ཐ་ཁྲེང་ཏའོ་ཡི་ཁོངས་སུ་གཏོགས། ཕྱིས་སུ་ཐ་ཁྲེང་སྲིད་འཛིན་ཁུལ་དང་ཐ་ཁྲེང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ8པར། ཝུའུ་སུའུ་རྫོང་གིས་གོང་རིམ་གྱི་མཛུབ་སྟོན་ལྟར་སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་དེ་ཆུས་དང་ཡུལ་ཚོ་ཡི་ལམ་ལུགས་སུ་བསྒྱུར། ཁུའེ་ཐུན་ནི་ཝུའུ་སུའུ་རྫོང་གི་ཆུས་གཉིས་པའི་ཡུལ་ཚོ་དང་པོར་གྱུར། དེའི་ཁོངས་སུ་ཧོང་ཀོའུ་དང་། ཐ་ཧྲི་ཁུའེ་ཐུན། ཁ་ལ་སུའུ། ཏན་ཁུའེ་ཐུན། ཁའེ་ཀན་ཆི་སོགས་རང་བྱུང་སྡེ་བ5ཡོད།

སྤྱི་ལོ1954ལོའི་ཟླ3པར། ཝུའུ་སུའུ་རྫོང་གིས་ཡང་བསྐྱར་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས། ཁུའེ་ཡིས་ཆུས་དང་པོའི་ཡུལ་ཚོ་དང་པོར་གྱུར།

སྤྱི་ལོ1957ལོའི་ལོ་སྟོད་དུ་ཁུའེ་ཏུན་ཡུལ་ཚོ་དང་། པ་ཧྲི་སི་ཧོའུ་ཡུལ་ཚོ། ཅུའུ་ཅིན་ལོའུ་ཡུལ་ཚོ་བཅས་ཟླ་སྒྲིལ་བཏང་ནས་ཞིན་ཧྥུ་ཡུལ་ཚོ་བཙུགས།

སྤྱི་ལོ1958ལོའི་ཟླ7པར། ཁུའེ་ཏུན་ཝུའུ་སུའུ་རྫོང་གི་མངའ་ཁོངས་ནས་དབྱེ་འབྱེད་བྱས་ཏེ་ཁེ་ལ་མ་དབྱི་གྲོང་ཁྱེར་གྱི་མངའ་འོག་ཏུ་བགོས།

སྤྱི་ལོ1968ལོའི་རྗེས་སུ་ཐ་ཁྲེང་ས་ཁུལ་དུ་གཏོགས།

སྤྱི་ལོ1996ལོའི་ཟླ7པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་སུའུ་རྫོང་ཕྱིར་འཐེན་བྱེད་པར་ཆོག་མཆན་བཀོད་དེ་ཝུའུ་སུའུ་གྲོང་ཁྱེར་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2000ལོར་ཝུའུ་སུའུ་གྲོང་ཁྱེར་དུ་ཁྲོམ་གཞུང5དང་། གྲོང་རྡལ10 ཡུལ་ཚོ7བཅས་ཡོད།

4 ནམ་ཟླ།

ཝུའུ་སུའུ་ནི་བྱང་དྲོད་ཁུལ་གྱི་ཐན་སྐམ་ས་ཁུལ་དུ་གནས་ཤིང་། དཔེ་མཚོན་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་ནི། དབྱར་དགུན་རིང་ཞིང་སྟོན་དཔྱིད་ཐུང་ལ། དུས་བཞིའི་དབྱེ་བ་གསལ་པོ་ཡོད། ལོ་རེའི་དྲོད་ཚས་ཀྱི་ཧེ་བག་ཆེ་ཞིང་འོད་ཕོག་ཚད་འདང་ངེས་ཡོད། ཆར་པ་དཀོན་པ་དང་། རླངས་པར་འགྱུར་ཚད་མཐོ། བལྟོས་བཅས་ཀྱི་བརླན་ཚད་ཆུང་ལ། དབྱར་དུས་ཚ་རླུང་ལྡང་ཞིང་། དགུན་དུས་གྲང་རྒྱུན་འབྱུང་། ལྷོ་བྱང་གི་ས་བབ་མཐོ་ཚད་སྨི4000ལས་བརྒལ་ཡོད་ལ། མངའ་ཁོངས་ཀྱི་གནམ་གཤིས་མངོན་གསལ་གྱིས་དྲང་འཕྱང་དུ་ཁྱབ་པའི་ནམ་ཟླ་ཆུང་བའི་ས་ཁུལ་མི་འདྲ་བ་གྲུབ་ཡོད། གནམ་གཤིས་ནི་ལྷོ་ནས་བྱང་བར་ཕལ་ཆེར་རི་ཁུལ་གྱི་གནམ་གཤིས་དང་། རི་འདབས་ཀྱི་གནམ་གཤིས། བདེ་ཐང་གི་གནམ་གཤིས། མྱ་ངན་ཐང་གི་གནམ་གཤིས་བཅས་ནམ་ཟླའི་ཁུལ4རུ་དབྱེ་ཡོད། ལོ་ཧྲིལ་པོར་ཉི་འོད་ཕོག་ཡུན་ཆུ་ཚོད4444ཡིན་པ་དང་དོན་དངོས་སུ་ཉི་འོད་ཕོག་ཡུན་ཆུ་ཚོད2600ནས2800བར་ཡིན། དྲོད་ཚད་དམའ་ཤོས་ནི-37.5℃ཡིན། དྲོད་ཚད་མཐོ་ཤོས42.2℃ཡིན། ལོ་རེའི་དྲོད་ཚད་ཧེ་བག42.8℃ཡིན། ཆར་ཆུ་ནི་གཙོ་བོ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་འཁྱགས་རོམ་རྒྱ་མཚོ་བྱང་མའི་གྲང་རླུང་གིས་ཚོད་འཛིན་བྱེད་ཀྱིན་ཡོད།

5 མི་གྲངས་དང་མི་རིགས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས་ཁྲི21.46ཟིན་ཡོད། ལོ་གོང་མ་དང་བསྡུར་ན་མི་ཁྲི0.18ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི7.86ཟིན་པ་དེས་མི་གྲངས་བསྡོམས་འབོར་གྱི་བསྡུར་ཚད་ཀྱི36.6%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས1893ཡོད་པ་དང་སྐྱེས་ཚད8.78‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས866ཡོད་ལ། ཤི་ཚད4.02‰ཡིན། རང་བྱུང་འཕར་ཚད4.77‰ཟིན་ཡོད།

6 ​དཔལ་འབྱོར།

སྤྱི་ལོ2018ལོར་ཝུའུ་སུའུ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར197.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.2%འཕར་ཡོད། དེའི་ནང་དུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར152.16ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས་བརྒྱ་ཆའི7འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར47.57ཟིན་ནས་ལོ་སྔོན་མ་ལས3.6%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར59.72ཟིན་ནས་ལོ་སྔོན་མ་ལས10.8%འཕར་ཡོད། དེའི་ནང་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར36.79ཟིན་ནས་ལོ་སྔོན་མ་ལས12.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར44.86ཟིན་ནས་ལོ་སྔོན་མ་ལས4.8%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་སྤྱི་ལོ2017ལོའི36:35:29ནས31:39:30བར་ལེགས་སྒྲིག་བྱས་ཡོད། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར70134ཟིན་ནས་ལོ་སྔོན་མ་ལས18.9%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།