སྟོང་རི་བླ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞིན་ཧྭ་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། སྟོང་རི་བླ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ནི་སྤྱི་ལོ1980ལོར་བཙུགས། སྤྱི་ལོ2000ལོའི་ཟླ4པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆོག་མཆན་བཀོད་དེ། “མཚོ་བོད་མཐོ་སྒང་སྟེང་གི་ཞི་ཧྲོང་པན་ནཱ”ཞེས་པའི་མཚན་སྙན་གནང་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཚ་གཡོལ་དང་ལུས་གསོ། ཡུལ་སྐོར་སོགས་བྱེད་སའི་གནས་འགངས་ཆེན་ཞིག་ཡིན།
གནས་དེའི་རྒྱ་ཁྱོན་ལ་སྤྱི་ཆིངས9544ཟིན་པ་དང་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནགས་ཚལ་སྣོད་བཅུད་མ་ལག་གི་ཆུ་ཁུངས་གསོ་སྐྱོང་ནགས་ཚལ་ཡིན་ཞིང་། སྟོང་རི་བླ་མཚོའི་རྒྱ་ཁྱོན་ལ་མུའུ300ཙམ་ཡོད་ལ། མཚོ་མོ་དྭངས་ཤིང་གཙང་ལ་ནམ་མཁའ་སྔོ་ཞིང་གསལ། དེའང་དུས་རྒྱུན་དུ་རི་ཚོགས་ཀྱི་གྲིབ་གཟུགས་གཙང་བོའི་རླབས་ཕྲེང་དང་བསྟུན་ནས་དལ་གྱིས་འགུལ་ལ། མཚེའུ་ནང་གི་ཆུ་བྱ་རྣམས་ཀྱིས་གཤོག་ཟུང་བརྐྱངས་ཏེ་མཁའ་རུ་ལྡིང་ཞིང་ཉ་མོ་དག་གིས་ཆུ་ལ་རྩེད་བཞིན་ལྷོད་ཀྱིས་རྐྱལ་བ་ཡིན། ཡང་གཅིག་བཤད་ན་སྟོང་རི་བླ་མཚོ་ནི། མཚོ་བོད་མཐོ་སྒང་སྟེང་གི་འོད་མདངས་བཀྲ་བའི་མུ་ཏིག་དཀར་པོ་དེའོ།།
སྲུང་སྐྱོང་ཁུལ་དུ་རི་སྐྱེས་རྩི་ཤིང་གི་ཚན་པ90དང་ཁོངས་གཏོགས287 རིགས509ཡོད་པའི་ནང་སྔོ་དྲེག་རིགས3དང་། བུར་ཤིང་གི་རིགས10 ཤིང་རྒྱུ་རྩི་ཤིང་གི་རིགས159 རྩྭ་རྒྱུ་རྩི་ཤིང་གི་རིགས337 སྨན་སྤྱོད་རྩི་ཤིང་སྣ་ཁ322བཅས་ཡོད་པ་རེད།
རྩི་ཤིང་ཁུལ་གྱི་ཁྱད་ཆོས་ནི། (1)བར་བརྒལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ས་ཁོངས་ཀྱི་གྲུབ་ཆ་དེ་ཧྭ་བྱང་ས་ཁུལ་གྱི་གྲུབ་ཆ་ཤུགས་ཆེ་ལ། ཐང་གུ་ཐེ་ས་ཁུལ་དང་འཕྲེད་བཅད་རི་རྒྱུད་ས་ཁུལ་གྱི་གྲུབ་ཆ་ཡང་ཡོད་པ་མ་ཟད། ཆིན་ལིན་ནས་སིམ་འཛུལ་བྱས་པའི་གྲུབ་ཆ་ཡང་ཡོད། (2)ཁོངས་གཏོགས་མང་ལ་རིགས་དབྱེ་ཉུང་། རིགས1ནས2འདུས་པའི་ཁོངས་གཏོགས233ཡོད་པ་དང་། རིགས་ཉུང་བའི་རིགས་དང་རྒྱུད་རྐྱང་རིགས་གཅིག་ཏུ་འདུས་ནས་ལྟེ་བའི་ཁུལ་ཁོ་ནར་རིགས་ཉུང་རིགས23དང་རྒྱུད་རྐྱང་རིགས9ཡོད།
སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས43ཡོད་པའི་ནང་རི་དྭགས་ཀྱི་རིགས7དང་བྱ་ཡི་རིགས35ཡོད། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་བཞིན་པའི་ཚད་རིམ་དང་པོའི་སྲོག་ཆགས་ལ་བྱ་རྔ་ཁྲ་ཅན་ཡོད་པ་དང་། ཚད་རིམ་གཉིས་པའི་སྲོག་ཆགས་ལ་ནགས་གླ་དང་གནའ། བྱ་ཝང་བཅས་ཡོད།
ནགས་ཁུལ་དུ་དགོ་བ་དང་། སུའུ་མིན་གཙོད་དང་ཁ་ཤྭ ཝ་མོ་དང་ཁངས་བྱ་སོགས་མང་པོ་ཡོད།
བྲག་ཆའི་བྲག་ཕུག ཧྭ་ཧྲན་སུང་གྲོག་རོང་བརྒྱུད་ནས་གཡས་ཕྱོགས་སུ་སྨི300སོང་པའི་ས་དེའི་མིང་ལ་བྲག་ཆའི་བྲག་ཕུག་ཟེར་ཞིང་། དེའི་རིང་ཚད་ལ་སྨི100དང་མཐོ་ཚད་ལ་སྨི10ལྷག་ཙམ་ཡོད། གལ་ཏེ་འདི་རུ་སྐད་ཆེན་པོས་ཀུ་སྒྲ་སྒྲོག་ཚེ། རྒྱང་རིང་གི་རི་ཁུག་ཏུ་འཕྲལ་མར“འོ་འོ་འོ”ཞེས་པའི་བྲག་ཆ་གསལ་བོར་ཐོས་ཐུབ།
བསེ་རུས་ཟླ་གཟིགས། ལིའོ་ཏུང་གི་མཚམས་ཐིག་སྟེང་ཙོག་པུར་སྡོད་པའི་རི་བོ་དེ་ནི། བསེ་རུ་ཞིག་དང་འདྲ་བར་མགོ་བོ་དགྱེ་ནས་ནམ་མཁར་བལྟས་ཡོད་པ་དང་འདྲ་བས། མི་རྣམས་ཀྱིས་བསེ་རུ་ཡིས་ཟླ་བར་གཟིགས་བཞིན་ཡོད་པ་དང་མཚུངས་ཞེས་བཤད།
ནུབ་རིའི་སྟག་ཉལ། ནུབ་རིའི་རྩེ་མོར་གནས་པ་དང་། “ནུབ་རིའི་སྟག་ཉལ་”ཞེས་མིང་བཏགས་པའི་ཕ་བོང་དེའི་རིང་ཚད་ལ་སྨི5ཙམ་ཡོད་པ་དང་། མཐོ་ཚད་ལ་སྨི3ཙམ་ཡོད་ཅིང་། གཡང་གཟར་གྱི་ནུབ་རིའི་རྩེ་མོར་ཀྲོང་ངེར་འགྱིང་ཡོད་པ་དེར། ཉི་མ་ནུབ་ལ་ཕེབས་ཏེ། རི་ཚོགས་མཉམ་དུ་འདུ་སྐབས། མཚམས་སྤྲིན་སྟག་མོའི་གཟུགས་ཤར། སྐྱོ་བའི་ཉམས་ཀྱིས་ཁེངས་སོང་ཞེས་སྙན་ཚིག་གིས་བསྟོད་པ་བྱས་ཡོད།
ལྷའི་བྲག་ཕུག སྟོང་རི་བླ་མཚོའི་རགས་ཆེན་ནུབ་རོང་གི་གཡང་གཟར་ངོས་སུ་གནས་པའི་བྲག་ཕུག་དེར་ས་བབ་མཐོ་ཚད་ལ་མཚོ་ངོས་ལས་སྨི2402ཡོད་པ་དང་། ས་དོང3འཕྲེད་དུ་བསྒྲིགས་ཡོད། མི་རྣམས་ཀྱིས“ལྷའི་བྲག་ཕུག”དང་བོད་མི་རིགས་ཀྱིས“ལྷ་ལུང་སྔགས་ཁང”ཞེས་འབོད་ཀྱིན་ཡོད་དེ། དེ་ནི་བོད་ཀྱི་དགེ་འདུན་པ་ལྷ་ལུང་དཔལ་ཀྱི་རྡོ་རྗེའི(ལྷ་ལུང་དཔལ་རྡོར)སྒྲུབ་ཁང་ཡིན་ཟེར།