ཁང་པའོ་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 10:43ལ་འགྲུབ།

ཁང་པའོ་རྫོང་།

ཁང་པའོ་རྫོང་།
ཁང་པའོ་རྫོང་ནི་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་བྱང་ནུབ་གསུམ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཐའེ་ཕུའུ་དགོན་དང་། ཀྲིན་རང་པེ་ཆི། ཧྭ་ཏེ་རྫོང་། ཧྲང་ཏུའུ་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། ལྷོ་རྒྱུད་ནི་ཀྲང་པེ་དང་། ཀུའུ་ཡོན། ཧྲང་དབྱི་བཅས་རྫོང་གསུམ་དང་འབྲེལ་ཡོད། རྫོང་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ80དང་། ཞེང་ཚད་ལ་སྤྱི་ལེ62 རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3365བཅས་ཡོད། ཁང་པའོ་རྫོང་ཁོངས་སུ་གྲོང་རྡལ7དང་ཤང8 སྲིད་འཛིན་གྲོང་ཚོ327དང་རང་བྱུང་གྲོང་ཚོ585བཅས་ཡོད་པ་རེད། སྤྱི་ལོ2018ལོའི་བར་ཁང་པའོ་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར་ཁྲི26.96དང་ཞིང་ལས་མི་གྲངས་ཁྲི24.4ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康保县
ཕྱི་ཡིག་གི་མིང་།
Kangbao County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཀྲང་ཅ་ཁོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ7དང་ཤང8དང་སྲིད་འཛིན་གྲོང་ཚོ327རང་བྱུང་གྲོང་ཚོ585བཅས་ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་གྱི་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཁང་པའོ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3365ཡོད།
མི་གྲངས།
ཁྲི26.96ཡོད།(སྤྱི་ལོ2018ལོ)
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
སྐད།
ཅིན།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
076650
སྲིད་འཛིན་ཚབ་ཨང་།
130723
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ1པོའི་ཚེས15ཉིན། ཅི་རེ་ཁྲ་ས་ཁུལ་དང་པེ་ཡུའེ་ས་ཁུལ་གཉིས་ཟླ་སྒྲིལ་བཏང་ནས་ཁྲ་ཧར་ཞིང་ཆེན་བཙུགས། ཚོང་འགྱུར་ཁང་གི་མཉམ་འབྲེལ་རྫོང་ཕྱིར་འཐེན་བྱས་ནས་ཁང་པའོ་རྫོང་གི་ལམ་ལུགས་སླར་གསོ་བྱ་རྒྱུ། རྫོང་མི་དམངས་སྲིད་གཞུང་ཁང་པའོ་གྲོང་རྡལ་དུ་སྤོས། དེ་ནི་ཁྲ་ཧར་ཞིང་ཆེན་ཁྲ་པེ་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་གྲོས་ཆོད་ལྟར། ཁྲ་ཧར་ཞིང་ཆེན་ཕྱིར་འཐེན་བྱས། དེ་སྔའི་ཁྲ་ཧར་ལྷོ་རྒྱུད་ས་ཁུལ་དང་ཁྲ་ཧར་བྱང་རྒྱུད་ས་ཁུལ་ཟླ་སྒྲིལ་བཏང་ནས་ཀྲང་ཅ་ཁོའུ་ས་ཁུལ་ཞེས་པར་བསྒྱུར། ཁང་པའོ་རྫོང་གི་ཁོངས་གཏོགས་ནི་ཧོ་པེ་ཞིང་ཆེན་ལ་བགོས་ཡོད།

སྤྱི་ལོ1954ལོའི་ཟླ6པའི་ཚེས16ཉིན། ཁང་པའོ་རྫོང་མི་དམངས་སྲིད་གཞུང་ལ་ཁང་པའོ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་འབོད།

སྤྱི་ལོ1958ལོའི་ཟླ11པའི་ཚེས29ཉིན། ཁང་པའོ་རྫོང་དེ་ཀྲང་པེ་རྫོང་དང་ཟླ་སྒྲིལ་བྱས།

སྤྱི་ལོ1959ལོའི་ཟླ5པར་ཀྲང་ཅ་ཁོའུ་ཀྲོན་ཆུས་དང་ཀྲང་ཅ་ཁོའུ་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཀྲང་ཅ་ཁོའུ་གྲོང་ཁྱེར་ཞེས་འབོད། དེའི་ཁོངས་སུ་ཀྲང་པེ་རྫོང་གིས་ཁོངས་སུ་གཏོགས།

སྤྱི་ལོ1961ལོའི་ཟླ5པའི་ཚེས15ཉིན་ཀྲང་ཅ་ཁོའུ་གྲོང་ཁྱེར་དང་ཀྲང་ཅ་ཁོའུ་ཀྲོན་ཆུས་སོ་སོར་བཙུགས། ཀྲང་པེ་རྫོང་གིས་དེ་སྔའི་ཁོངས་གཏོགས་ཁུལ་ནས་ཁང་པའོ་རྫོང་དུ་དབྱེ་ཡོད། རྫོང་གི་ལམ་ལུགས་སླར་གསོ་བྱེད་རྒྱུ་དེ་སྔར་བཞིན་ཀྲང་ཅ་ཁོའུ་ས་ཁུལ་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1967ལོར་ཀྲང་ཅ་ཁོའུ་ཀྲོན་ཆུས་དེ་ཀྲང་ཅ་ཁོའུ་ས་ཁུལ་དུ་བསྒྱུར་ཞིང་། དེའི་ཁོངས་སུ་ཁང་པའོ་རྫོང་ཡོད། ཟླ12པའི་ཚེས28ལ། ཁང་པའོ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེ་སྔའི་ཁང་པའོ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་གཏོགས་ལས་ཁུངས་མེད་པར་བཟོས། སྤྱི་ལོ1982ལོའི་ཟླ9པའི་ཚེས14ཉིན། ཁང་པའོ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། དེ་སྔའི་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས། སྤྱི་ལོ1993ལོའི་ཟླ6པར། ཀྲང་ཅ་ཁོའུ་ས་ཁུལ་དང་ཀྲང་ཅ་ཁོའུ་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ནས་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་བསྒྱུར་ཏེ་གྲོང་ཁྱེར་གྱི་དོ་དམ་རྫོང་ལག་ལེན་དུ་བསྟར། དེའི་ཁོངས་སུ་ཁང་པའོ་རྫོང་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2007ལོར་ཁང་པའོ་རྫོང་ཁོངས་སུ་གྲོང་རྡལ7དང་། ཞང8ཡོད་པ་སྟེ། ཁང་པའོ་གྲོང་རྡལ། ཀྲང་ཅི་གྲོང་རྡལ། ཐུའུ་ཁྲེང་ཙི་གྲོང་རྡལ། ཏེང་ཡིའུ་ཧྥང་གྲོང་རྡལ། ལི་ཅ་ཏི་གྲོང་རྡལ། ཀྲའོ་དབྱང་ཧོ་གྲོང་རྡལ། ཐུན་ཀུའུ་གྲོང་རྡལ། ཡན་ཡིའུ་ཧྥང་ཞང་། ཏན་ཆིན་ཧོ་ཞང་། ཧ་པི་ཀ་ཞང་། གཉིས་པ་པུའུ་ཞང་། ལུའུ་ཅ་ཡིང་ཞང་། ཀྲུང་དབྱི་ཞང་། ཁྲུའུ་ཀྲང་ཏི་ཞང་། མན་ཏེ་ཐང་ཞང་བཅས་ཡོད། རྫོང་སྲིད་གཞུང་ཁང་པོའོ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད་ལ། རང་བྱུང་གྲོང་ཚོ588ཡོད།

3 མི་གྲངས་དང་མི་རིགས།

སྤྱི་ལོ2018ལོའི་བར་རྫོང་དེ་ཡོངས་ཀྱི་མི་གྲངས་བསྡོམས་འབོར་ཁྲི26.96དང་ཞིང་ལས་མི་གྲངས་ཁྲི24.4ཡོད་པ་རེད། ཁང་པའོ་རྫོང་ལ་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། བོད་རིགས། མན་ཇུ་རིགས་བཅས་མི་རིགས5ཡོད།

4 ཆབ་སྲིད།

ཀྲང་ཅ་ཁོའུ་ཁང་པའོ་རྫོང་ཨུའི་ཧྲུའུ་ཅི། ལིའུ་ཞུའེ་སུང་།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཁང་པའོ་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། མོང་གོལ་འབྲེལ་མཚམས་སུ་གནས་པའི་མོང་གོལ་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག114°11′~114°56′དང་བྱང་གི་འཕྲེད་ཐིག41°25′~42°08བར་དུ་གནས་ཡོད།

5_2 ནམ་ཟླའི་ཁྱད་ཆོས།

ཁང་པའོ་རྫོང་ནི་ཨེ་ཤ་ཡ་ཤར་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁྲོད་དྲོད་ཁུལ་གྱི་སྐམ་སའི་ཁུལ་དུ་གནས་པ་རེད། དབྱར་དུས་བསིལ་ཞིང་ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད1.2℃དང་། སད་མེད་དུས་ནི་ཉིན114ཡིན། ཉི་འོད་ཕོག་པའི་དུས་ཚོད3100དང་། འོད་འཕྲོའི་ཐོན་ཁུངས་ནི་རྒྱལ་ཡོངས་ཀྱི་ས་ཁུལ་རིགས་གཉིས་པར་གཏོགས། ཧོ་པེ་ཞིང་ཆེན་གྱི་འོད་འཕྲོའི་དུས་ཚོད་རིང་ཤོས་ཀྱི་རྫོང་ཞིག་དང་ཞིང་ཆེན་ཡོངས་ཀྱི་ཆུ་བོ་མེད་པའི་རྫོང་གཅིག་པུ་དེ་རེད།

6 དཔལ་འབྱོར།

ཁང་པའོ་རྫོང་ཁོངས་སུ་ཧོ་པེ་ཅིན་ནེང་ཀྲང་ཅ་ཁོའུ་གཏེར་ལས་ཚོགས་པ་ཁང་པའོ་གཏེར་ལས་ཚད་ཡོད་ཀུང་སི་དང་། ཨན་ཁང་རྡོ་སོལ་གཏེར་ཁ། ཡུང་ཨན་རྡོ་སོལ་གཏེར་ཁ་བཅས་རྡོ་སོལ་ཁེ་ལས་གསུམ་ཡོད། ལོ་རེར་མ་བཅོས་རྡོ་སོལ་ཐོན་སྐྱེད་བྱེད་ནུས་ཏུན་ཁྲི72ཟིན། སྤྱི་ལོ2007ལོར། ཧོ་པེ་ཅིན་ནེང་ཚོགས་པས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར3.35བཏང་ནས་ཀྲུང་དབྱི་རྡོ་སོལ་གཏེར་ཁུལ་ཕྱོགས་བསྡུས་ཀྱིས་གསར་སྤེལ་བྱས་ཏེ་ལོ་རེར་མ་བཅོས་རྡོ་སོལ་ཏུན་ཁྲི60ཐོན་སྐྱེད་བྱེད་པའི་རྡོ་སོལ་གཏེར་ཁ་འབྲིང་གྲས་འཛུགས་སྐྲུན་བྱ་རྒྱུ། རྡོ་སོལ་འཁྲུད་ཁང་ཏུན་ཁྲི30དང་སྟོང་ཝ་ཁྲི2.4ཡོད་པའི་སོལ་མ་རྡོ་གློག་འདོན་ཁང་གི་རྣམ་གྲངས་གཉིས་ཆ་ཚང་འཛུགས་སྐྲུན་བྱས་ཡོད། སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཁང་པའོ་རྫོང་གི་མ་བཅོས་རྡོ་སོལ་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི150ཡན་དང་། རྡོ་སོལ་སྤུས་ལེགས་ཏུན་ཁྲི30དང་། གློག་འདོན་ཚད་ཏུའུ་དུང་ཕྱུར1.7ཟིན་པ་རེད།

7 སྤྱི་ཚོགས་ལས་དོན།
7_1 གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན།

སྤྱི་ལོ2004ལོ་ནས་བཟུང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.32བསྡུ་སྒྲིལ་བྱས་ཡོད། རྫོང་གྲོང་གི་སྤྱི་ལེ་གྲུ་བཞི་མ22ཀྱི་གློག་རྡུལ་དཔེ་རིས་ཐིག་ལེན་རིས་འབྲི་དང་། ཁུལ་གསར་ཕྱོགས་བསྡུས་གསར་སྤེལ། ཁང་པའོ་ནོར་མཚེའུ་གསར་སྤེལ་འཆར་འགོད་བཅས་ལེགས་འགྲུབ་བྱུང་བ་དང་། གྲོང་ཁུལ་གྱི་ལམ་དྲ་སྒྱུར་བཀོད་དང་། རིག་གནས་ཐང་ཆེན་འཛུགས་སྐྲུན། པུར་ཁང་གནས་སྤོ། ཁུལ་ཆུང་གསར་སྤེལ། གྲོང་སྐོར་སྔོ་འགྱུར། གྲོང་ཁྱེར་འཛུགས་སྐྲུན་སོགས་དམངས་སེམས་ལས་གྲྭ་ཁག་ཅིག་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཡོད། གྲོང་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ལོ2001ལོའི་སྤྱི་ལེ་གྲུ་བཞི་མ5.6ནས་སྤྱི་ལེ་གྲུ་བཞི་མ་ཁྲི9བར་རྒྱ་སྐྱེད་བཏང་ཡོད། མི་གྲངས་ཁྲི2.6ནས་ཁྲི5.8བར་མང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

7_2 རིག་གནས།

སྤྱི་ལོ2006ལོར“ཁང་པའོ་མི་གཉིས་ཀྱི་སྟེགས་བུ”དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་གཏན་འཁེལ་བྱས་པ་དང་། ལོ་དེར་སླར་ཡང་ཞིང་ཆེན་ལ་མི་གཉིས་ཐའེ་དབན་དང་འབྲེལ་བ་ཡོད་པའི“ཁང་པའོ་པ་ཝང་ལྕག”དང་། “ཁང་པའོ་ཀན་ཡན”“ཁང་པའོ་ཡི་དགོད་གཏམ། ”“ཁང་པའོ་ལུའོ་ཙེ”སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་རེ་ཞུ་བྱས་པ་རེད། 《བླ་ན་མེད་པའི་འགན་འཁྲི》དང་། 《འཚོ་བ་སྐྱེལ་བ་མགྱོགས་པ་མིན》《རོགས་སྐྱོར》《ལོགས་བཀག》《ཞིང་པའི་གཉེན་སྒྲིག》སོགས་ཟློས་གར་གྱི་ལེ་ཚན་གཉིས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཁྲབ་སྟོན་སྣ་ཚོགས་ནང་ཐེངས་མང་ཞུགས་ཡོད། དེའི་ནང《ནོར་ལྷ་འཕྲོག་པ》དང《ཕ་དང་བུ་ཕྲུག་གིས་དབང་ཆ་འཕྲོག་རེས་བྱེད་པ》སོགས་ལ་རྒྱལ་ཡོངས་ཀྱི“གཅིག་ལྔའི་ལས་གྲྭའི”བྱ་དགའ་དང་རྒྱལ་ཁབ་ཀྱི“སྐར་ཚོགས་བྱ་དགའ”ཐོབ་ཅིང་། ཕུལ་བྱུང་གི་མི་གཉིས་ཀྱི་འཁྲབ་ཚན་ཁག་གཅིག་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ་རེད།

7_3 སློབ་གསོ།

སྤྱི་ལོ2004ལོར་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ218ཡོད། སློབ་གྲྭར་ཡོད་པའི་སློབ་མ27891ཡོད་པ་དང་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ2726ཡོད། སྤྱི་ལོ2004ལོ་ནས་བཟུང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི7800བསྡུ་སྒྲིལ་བྱས་ཡོད། སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི8.4གསར་སྐྲུན་དང་བསྐྱར་བཟོ་རྒྱས་སྐྲུན་བྱས་པ་དང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.9%ལ་བསླེབས། “གྲོན་དངུལ་ལམ་ལུགས”དང་རྩ་ཆག་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་། “དགུ་སྤེལ”ལས་དོན་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

7_4 འཕྲོད་བསྟེན།

སྤྱི་ལོ2004ལོར་ཁང་པའོ་རྫོང་དུ་ཁྱོན་བསྡོམས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས545ཡོད་པ་དང་། དེའི་ནང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས2(རྫོང་གི་སྨན་ཁང་དང་རྫོང་གི་ཀྲུང་ལུགས་སྨན་ཁང)དང་། སྔོན་འགོག་བདེ་སྲུང་ལས་ཁུངས2(རྫོང་གི་ནད་རིགས་ཚོད་འཛིན་ལྟེ་གནས་དང་རྫོང་གི་མ་བུ་བདེ་སྲུང་ཁང)བཅས་དང་། འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི1པོ་དེ་ཁང་པའོ་རྫོང་ལ་ཁྱབ་པའི་རིམ་གསུམ་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད། རྒྱལ་ཡོངས་ཀྱི་གྲོང་གསེབ་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་གི་རྫོང་རིམ་པའི་མཚམས་ཚིགས་འཛུགས་སྐྲུན་རྣམ་གྲངས་དང་པོ་ནང་འདྲེན་བྱས་ནས་ཀྲང་ཅ་ཁོའུ251དང་པེ་ཅིང301སྨན་ཁང་གི་དྲ་རྒྱའི་རྒྱང་ཁྲིད་ནད་དཔྱད་མངོན་འགྱུར་བྱུང་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་ཁྱོན་བརྒྱ་ཆའི70ཡན་ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།