ཆུས་ཅིང་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:58ལ་འགྲུབ།

ཆུས་ཅིང་གྲོང་ཁྱེར།

ཆུས་ཅིང་གྲོང་ཁྱེར།
ཆུས་ཅིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད་ལ། ཀྲུའུ་ཅང་གཙང་པོའི་འབྱུང་ཡུལ་དང་། ཡུན་ནན་གྱི་ལྷོ་ཕྱོགས། ཀུའེ་ཀྲོའུ། ཀོང་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས། ཤར་དུ་ཀུའེ་ཀྲོའུ་ཞིང་ཆེན་ཞིན་དབྱི་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ལ། ལྷོ་ཝུན་ཧྲན་ཁུལ་ཧུང་ཧོ་ཁུལ་དང་འབྲེལ་ཞིང་། ནུབ་ཏུ་ཁུན་མིང་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཕྱོགས་ཀྲའོ་ཐུང་གྲོང་ཁྱེར་དང་འབྲེལ་བ་བཅས་ཡིན། ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ120ཡོད། ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.89ཟིན་པ་དེས་ཡུན་ནན་ཞིང་ཆེན་གྱི་རྒྱ་ཁྱོན་གྱི13.63%བཟུང་ཡོད། སྤྱི་ལོ2018ལོའི་ཟླ4པའི་བར། ཆུས་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་ཁྱེར1དང་། ཆུས3 རྫོང5ཡོད་པ་དང་། སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཅིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་ཁྲི666.74ཡོད་པ་རེད། ཡུན་ཀུའེ་ས་མཐོའི་དབུས་རྒྱུད་དེ་ཡུན་ནན་ཤར་རྒྱུད་ཀྱི་ས་མཐོར་གནས་པའི་ཆུས་ཅིང་གྲོང་ཁྱེར་ནི་ཆན་ཞི་ས་མཐོའི་བར་བརྒལ་ཁུལ་གྱི་ཝུའུ་མོང་རི་རྒྱུད་དུ་གནས་པ་དང་། ནུབ་དང་ཡུན་ནན་གྱི་ས་མཐོའི་མཚེའུ་ཁུལ་དང་ཕན་ཚུན་འབྲེལ་ཡོད། ཤར་རྒྱུད་རིམ་བཞིན་ཀུའེ་ཀྲོའུ་ས་མཐོའི་བར་བརྒལ་གྱི་ཆར་ཡོད་ཅིང་། དབུས་རྒྱུད་ནི་འབྲི་ཆུ་དང་ཀྲུའུ་ཅང་གཙང་པོའི་ཆུ་རྒྱུད་ཀྱི་དབྱེ་མཚམས་ས་རྒྱུད་ཆེན་པོ་གཉིས་ཡིན། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། དབྱི་རིགས། པུའུ་དབྱི། ཀྲོང་རིགས། མིའོ་རིགས། ཡའོ་རིགས་སོགས་མི་རིགས་བརྒྱད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། གྱོན་གོས། ཡུལ་སྲོལ། དད་མོས་བཅས་ཡོད། ཆུས་ཅིང་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་གཙོ་ནུས་ཐོན་ཁུལ་འཆར་འགོད་དང་། ཀྲུའུ་ཅང་ཟུར་གསུམ་ཁུལ་ཆེན་པོའི་ས་ཁོངས། འབྲི་ཆུའི་དཔལ་འབྱོར་ཁུལ་བཅས་ཀྱི་གཙོ་གནད་གསར་སྤེལ་ཁུལ་གྱི་གྲས་ཤིག་ཡིན། ཡུན་ནན་དབུས་ཁུལ་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁོངས་ཀྱང་ཡིན། ཆུས་ཅིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་བཟོ་ཚོང་གྲོང་ཁྱེར་གལ་ཆེན་ཞིག་ཡིན་ལ་ཕྱོགས་བསྡུས་དངོས་ཤུགས་ཡུན་ནན་ཞིང་ཆེན་གྱི་ཨང་གཉིས་པར་སླེབས་ཡོད། སྤྱི་ལོ2016ལོར་ཆུས་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ88.97ཟིན་པ་དང་། གྲོང་ཁུལ་གྱི་མི་གྲངས་ཁྲི67.94ཟིན་ཡོད། སྤྱི་ལོ2019ལོར་ཆུས་ཅིང་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2637.59ཟིན་ཡོད། ཆུས་ཅིང་གྲོང་ཁྱེར་ནི་སྔ་རྗེས་སུ“ཀྲུང་གོའི་གཞིས་སྡོད་བྱེད་པར་འཚམ་པའི་གྲོང་ཁྱེར་བཅུ”ཡི་མིང་ཐོར་ཐེངས་དྲུག་བཀོད་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྐྱེད་ཚལ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོའི་གྲས་སུ་བཞག་ཡོད་ཅིང་། “རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཡང་གནང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
曲靖
ཕྱི་ཡིག་གི་མིང་།
Qujing
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ།
མངའ་ཁོངས། 
ཆུས3དང་རྫོང5 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད།
སྦྲག་སྲིད་ཨང་རྟགས།
655000
སྲིད་འཛིན་ཚབ་ཨང་།
530300
རླངས་འཁོར་ཚབ་ཨང་།
云D
མི་གྲངས།
མི་གྲངས་ཁྲི666.74(སྤྱི་ལོ2019ལོའི་ཐེམ་ཐོའི་མི་གྲངས)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2.89(སྤྱི་ལོ2017ལོ)ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0874
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཆུས་ཅིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར2637.59(སྤྱི་ལོ2019ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཀྲུང་དབྱང་སྲིད་གཞུང་གི་བཀའ་ལྟར། རྫོང་དུ་བསྒྱུར་བ་དང་། ཆུས་ཅིན་ཧྥུའུ་མེད་པར་བྱས། ནན་ཉིང་རྫོང་ནི་ཆུས་ཅིང་རྫོང་དུ་བསྒྱུར། དེ་མིན་ཆུས་ཅིང་རྫོང་ཁག་ཚང་མ་ཏེན་ཀྲུང་ཏའོ་ལྟ་ཞིབ་ཁུལ་གྱི་མངའ་ཁོངས་སུ་གཏོགས།  

མིན་གོ་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོ)ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།  

མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ1པོར། ཡུན་ནན་ཞིང་ཆེན་གྱི་ཆུས་གཉིས་པའི་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ནས་ཆུས་ཅིང་རྫོང་གྲོང་དུ་བཅའ་སྡོད་བྱས་ཡོད། 

སྤྱི་ལོ1949ལོའི་ཟླ9པར་ཡུན་ནན་བྱང་ཤར་གྱི་གནས་སྐབས་མི་དམངས་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། ཟླ་དེའི་ནང་ཀྲུང་གུང་ཡུན་ནན་བྱང་ཤར་ས་ཨུ་བཙུགས་པ་རེད།   

སྤྱི་ལོ1950ལོའི་ཟླ3པའི་ཚེས25ཉིན་ཡུན་ནན་ཞིང་ཆེན་ཆུས་ཅིང་ཆེད་ཁུལ་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ནས་ཆུས་ཅིང་རྫོང་དུ་བཅའ་སྡོད་བྱས། དེའི་ཁོངས་སུ་ཆུས་ཅིང་དང་། རུན་དབྱི། ཞོན་ཝེ། ཕིན་དབྱི། མ་ལུང་། སུང་མིང་། ཞུན་ཏན་བཅས་རྫོང་བདུན་ཡོད། ཟླ11པར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ཆུས་ཅིང་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་མིང་བསྒྱུར།    

སྤྱི་ལོ1954ལོའི་ཟླ7པར་དབྱི་ལིའང་ཀྲོན་ཧྲུའུ་དང་ཟླ་སྒྲིལ་བཏང་ནས་ཆུས་ཅིང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཆུས་ཅིན་རྫོང་དུ་བཅའ་སྡོད་བྱས། 

སྤྱི་ལོ1970ལོར་ཆུས་ཅིང་ཆེད་ཁུལ་དེ་ཆུས་ཅིང་ས་ཁུལ་དུ་བསྒྱུར་ཞིང་། ཆུས་ཅིང་རྫོང་དུ་བཅའ་སྡོད་བྱས། དེའི་ཁོངས་སུ་ཆུས་ཅིང་དང་། ཞུན་ཏན། ཞོན་ཝེ། ཧུའེ་ཙེ། ཧྥུ་ཡོན། རེན་དབྱི། ཧྲི་ཙུང་། ལུའོ་ཕིན། ལུའུ་ལིའང་། དབྱི་ལིའང་། དབྱི་མིང་། མ་ལུང་སོགས་རྫོང12དང་དེ་བཞིན་ལུའུ་ནན་དབྱིས་རིགས་རང་སྐྱོང་རྫོང་ཡོད།  

སྤྱི་ལོ1997ལོའི་ཟླ5བའི་ཚེས6ཉིན་ཆུས་ཅིང་ས་ཁུལ་མེད་པར་བྱས། ས་ཁུལ་རིམ་པའི་ཆུས་ཅིང་གྲོང་ཁྱེར་བཙུགས་པ་དང་། དེ་སྔའི་རྫོང་རིམ་པའི་ཆུས་ཅིང་གྲོང་ཁྱེར་ཁག་སོ་སོར་ཅུས་ལིན་ཆུས་དང་ཡུས་དབྱི་རྫོང་དུ་བཙུགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།   

སྤྱི་ལོ1954ལོར། སྔོན་གྱི་དབྱི་ལིང་ཆེད་ཁུལ་དབྱི་ལིང་དང་། ལུའོ་ཕིང་། ཧྲི་ཙུང་། ལུའུ་ཞི། ལུའུ་ནན་བཅས་རྫོང་དྲུག་ཆུས་ཅིང་ཆེད་ཁུལ་དུ་བགོས། ཞོན་ཝེ་རྫོང་ནི་རུང་ཧྥེང་རྫོང(རུང་ཁྲང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད)ཞེས་མིང་བསྒྱུར། ཕིན་དབྱི་རྫོང་ནི་ཧྥུ་ཡོན་རྫོང་ཞེས་པར་བསྒྱུར། ཆུས་ཅིང་གྲོང་ཁྱེར་ཆེད་ཁུལ་གྱི་ཁོངས་གཏོགས་སུ་རྫོང13ཡོད།   

སྤྱི་ལོ1957ལོའི་ཟླ3པའི་ཚེས26ཉིན། ལུའུ་ནན་རྫོང་ནས་ལུའུ་ནན་དབྱིས་རིགས་རང་སྐྱོང་རྫོང་དུ་བསྒྱུར། ལོ་དེར་ཞུན་ཏེན་རྫོང་ནས་ཞུན་ཏེན་ཧུའེ་རིགས་རང་སྐྱོང་རྫོང་དུ་བསྒྱུར།     

སྤྱི་ལོ1958ལོར་ཏེ་དབྱི་རྫོང་མེད་པར་བཟོས་པ་དང་ཆུས་ཅིང་རྫོང་དང་ཟླ་སྒྲིལ་བཏང་།  

སྤྱི་ལོ1959ལོར་རུང་ཧྥུང་རྫོང་གི་མིང་ངོ་མ་ཤོན་ཝེ་རྫོང་ཞེས་པ་སླར་གསོ་བྱས། 

སྤྱི་ལོ1960ལོར་མ་ལུང་རྫོང་མེད་པར་བཟོས་ཤིང་ཆུས་ཅིང་རྫོང་དང་ཟླ་སྒྲིལ་བཏང་། ཧྲི་ཙུང་རྫོང་མེད་པར་བཟོས་ནས་ལུའོ་ཕིན་རྫོང་དུ་ཟླ་སྒྲིལ་བཏང་། ལུའུ་ཞི་རྫོང་མེད་པར་བཟོས་པ་དང་། ལུའུ་ནན་དབྱི་རིགས་རང་སྐྱོང་རྫོང་མེད་པར་བྱས་ནས་དབྱི་ལིའང་རྫོང་དུ་ཟླ་སྒྲིལ་བཏང་། ཞུན་ཏན་ཧུའེ་རིགས་རང་སྐྱོང་རྫོང་དང་ཡན་མིང་རྫོང་མེད་པར་བྱས།

སྤྱི་ལོ1962ལོར་མ་ལུང་དང་ཧྲི་ཙུང་། ཡན་མིང་བཅས་རྫོང3སླར་གསོ་བྱས།

སྤྱི་ལོ1979ལོར་ཞུན་ཏན་རྫོང་ནི་ཞུན་ཏན་ཧུའེ་རིགས་དབྱིས་རིགས་རང་སྐྱོང་རྫོང་དུ་བསྒྱུར།   

སྤྱི་ལོ1964ལོའི་ཟླ10པར་ཧུའེ་ཙེ་རྫོང་ཏུང་ཁྲོན་གྲོང་ཁྱེར་ནས་ཆུས་ཅིང་ས་ཁུལ་དུ་བགོས། ལུའུ་ནན་དབྱིས་རིགས་རང་སྐྱོང་རྫོང་སླར་གསོ་བྱས།   

སྤྱི་ལོ1965ལོར་ཏེ་དབྱི་རྫོང་སླར་གསོ་བྱས། ཆུས་ཅིང་རྫོང་ནི་ཀྲན་དབྱི་གྲོང་རྡལ་ནས་ཧོན་ཁྲང་གྲོང་རྡལ་དུ་གནས་སྤོ་བྱས་པ་རེད། 

སྤྱི་ལོ1983ལོའི་ཟླ10པར། ཆུས་ཅིང་རྫོང་དང་ཀྲང་དབྱི་རྫོང་ཟླ་སྒྲིལ་བཏང་ནས་ཆུས་ཅིང་གྲོང་ཁྱེར་བཙུགས་པ་དང་དབྱི་ལེང་དང་། ལུའུ་ནན། སུང་མིང་བཅས་རྫོང3ཁུན་མིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཅུག་པ་རེད།  

སྤྱི་ལོ1994ལོའི་ཟླ2པའི་ཚེས18ཉིན། ཞོན་ཝེ་རྫོང་མེད་པར་བཟོས་ནས་གྲོང་ཁྱེར་བཙུགས་པ་རེད།  

སྤྱི་ལོ1998ལོའི་ཟླ12པའི་ཚེས6ཉིན། ཞུན་ཏན་ཧུའེ་རིགས་དབྱིས་རིགས་རང་སྐྱོང་རྫོང་ནི་ཁུན་མིང་གྲོང་ཁྱེར་གྱི་ཁོངས་སུ་བགོས།    

སྤྱི་ལོ2014ལོའི་ཟླ2པར་ཆུས་ཅིང་གི་ཡུལ་ཚོ་མེད་པར་བྱས་ནས་ཁྲོམ་གཞུང་འཛུགས་རྒྱུ་གཙོ་གནད་དུ་བྱས་པའི་ཡུལ་ཚོ་རིམ་པའི་སྲིད་འཛིན་ཁུལ་དབྱེ་ལེགས་སྒྲིག་བྱ་རྒྱུ་གཞི་རྩའི་ཆ་ནས་མཇུག་བསྒྲིལ་ཞིང་། ཆུས་ཅིང་གྲོང་ཁྱེར་ལ་ཡུལ་ཚོ133ཡོད་པའི་ནང་གྲོང་རྡལ50དང་། ཡུལ་ཚོ41(མི་རིགས་ཡུལ་ཚོ8)ཁྲོམ་ལམ42བཅས་ཡོད།    

སྤྱི་ལོ2016ལོའི་ཟླ3པའི་ཚེས31ཉིན་ཏེ་དབྱི་རྫོང་མེད་པར་བྱ་རྒྱུར་མོས་མཐུན་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ4བའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། མ་ལུང་རྫོང་དུ་ཆུས་ཅིང་གྲོང་ཁྱེར་གྱི་མ་ལུང་ཁུལ་བཙུགས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཆུས་ཅིང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད་ལ། ཀྲུའུ་ཅང་གཙང་པོའི་འབྱུང་ཡུག་དང་། ཡུན་ནན་གྱི་ལྷོ་ཕྱོགས། ཀུའེ་ཀྲོའུ། ཀོང་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས། ཤར་དུ་ཀུའེ་ཀྲོའུ་ཞིང་ཆེན་ཞིན་དབྱི་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ལ། ལྷོ་ཝུན་ཧྲན་ཁུལ་ཧུང་ཧོ་ཁུལ་དང་འབྲེལ་ཞིང་། ནུབ་ཏུ་ཁུན་མིང་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཕྱོགས་ཀྲའོ་ཐུང་གྲོང་ཁྱེར་དང་འབྲེལ་བ་བཅས་ཡིན།  ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ120ཡོད་ལ། ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.89ཡོད།

3_2 ས་དབྱིབས།     

ཆུས་ཅིང་གྲོང་ཁྱེར་ནི་ཡུན་ཀུའེ་ས་མཐོའི་དབུས་རྒྱུད་དེ་ཡུན་ནན་ཤར་རྒྱུད་ཀྱི་ས་མཐོ་ནས་ཆན་ཞི་ས་མཐོའི་བར་བརྒལ་ས་ཁུལ་དུ་གནས་པའི་ཝུའུ་མོང་རི་རྒྱུད་དུ་ཆགས་ཡོད། ནུབ་རྒྱུད་ནི་ཡུན་ནན་ས་མཐོའི་མཚེའུའི་ཁུལ་དང་དམ་པོར་འབྲེལ་ཡོད། ཤར་རྒྱུད་རིམ་བཞིན་ཀུའེ་ཀྲོའུ་ས་མཐོར་བར་བརྒལ་གྱི་ཆར་ཆགས། དབུས་རྒྱུད་ནི་འབྲི་ཆུ་དང་ཀྲུའུ་ཅང་གཙང་པོའི་ཆུ་རྒྱུད་ཀྱི་དབྱེ་མཚམས་ཀྱི་ས་རྒྱུད་ཆེན་པོ་གཉིས་ཡིན།

3_3 ནམ་ཟླ།  

ཆུས་ཅིང་གྲོང་ཁྱེར་ནི་གཙོ་བོ་ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ་ཡིན། སྤྱིར་བཏང་དུ་དགུན་དཔྱིད་གཉིས་ཀྱི་ཉི་འོད་ཆ་རྐྱེན་ཅུང་ལེགས་པ་དང་། དཔྱིད་དྲོད་བརྟན་འཇགས་མིན་ལ་རླུང་མཐོ་ཞིང་སྐམ་ཤས་ཆེ། ཆར་ཆུ་ཆ་མི་སྙོམས། དབྱར་ཁར་ཚ་གདུག་མེད་པ་དང་། ཆར་ཆུ་གཅིག་སྡུད་ཡིན། ཐན་ཞོད་གཉིས་ཀ་ཡོད། གནམ་གཤིས་འཇམ་པ་བཅས་ཡིན། སྟོན་དུས་དྲོད་གྲང་འཕར་ཚད་མགྱོགས་ལ་ཆར་པ་མང་ཞིང་གྲང་རླབས་འཇགས་པ་དང་ལངས་གཟུགས་གནམ་གཤིས་ཀྱི་ཁྱད་ཆོས་བཅས་ལྡན། ལོ་མང་པོའི་རིང་གི་ཆ་སྙོམས་དྲོད་ཚད14.5℃ཡིན།

4 མི་གྲངས་དང་མི་རིགས།     
4_1 མི་གྲངས།    

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཅིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་ཁྲི666.74ཡོད་པ་རེད། དེའི་ནང་སྐྱེས་པ་ཁྲི350.17དང་བུད་མེད་ཁྲི316.57ཡོད་པ་དང་། ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི260.92ཟིན་ནས་མི་གྲངས་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད39.13%ཟིན་ཡོད།     སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཆུས་ཅིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི617.77ཟིན་པ་དང་རང་བྱུང་འཕར་ཚད6.42%ཟིན་པ་དང་། རྒྱུན་སྡོད་མི་གྲངས་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི306.66དང་གྲོང་གསེབ་ཀྱི་མི་གྲངས་ཁྲི311.11ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད49.64%ཟིན་ནས་སྔ་ལོ་ལས་བརྒྱ་ཆའི་གཞི་གྲངས1.19འཕར་ཡོད།   

4_2 མི་རིགས།  

རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན། ཆུའུ་ཅིང་གི་རྒྱ་རིགས་མི་གྲངས388966འཕར་ནས7.1%འཕར། གྲངས་ཉུང་མི་རིགས་ཁག་གི་མི་གྲངས18368མང་དུ་སོང་ནས4.66%འཕར་ཡོད།     སྤྱི་ལོ2017ལོའི་ལོ་མཇུག་བར། ཆུས་ཅིང་ལ་གྲངས་ཉུང་མི་རིགས49དང་མི་གྲངས538609ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་གྱི8.15%བཟུང་ཡོད། སྤྱི་ལོ2016ལོ་ལས3.31%འཕར་ཡོད། དེའི་ནང་། ཆུས་ཅིང་རིགས7གྱི་གྲངས་ཉུང་མི་རིགས་ཀྱི་མི་གྲངས510761ཡོད་པ་དེ་དག་ནི་དབྱིས་རིགས294944དང་། ཧུའེ་རིགས87746 མིའོ་རིགས39799  ཀྲོང་རིགས39153  པུའུ་དབྱི་རིགས36671 ཧྲུའེ་རིགས9772 ཡའོ་རིགས2676བཅས་ཡིན་པ་རེད། གྲངས་ཉུང་མི་རིགས་གཞན་དག་གི་མི་གྲངས་27848ཡོད། གྲོང་ཁྱེར་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཁུལ)9ཡི་ནང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་མང་ཤོས་ནི་ཞོན་ཝེ་གྲོང་ཁྱེར་གྱི་མི་གྲངས117332ཡིན་པ་དང་། ཉུང་ཤོས་ནི་ལུའུ་ལིའང་རྫོང་གི་མི་གྲངས15314ཡིན། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡུར་ཚད་མཐོ་ཤོས་ནི་ཧྲི་ཙུང་རྫོང་གི་མི81494ཡིན་པ་དེས་རྫོང་དེའི་མི་གྲངས་བསྡོམས་འབོར་གྱི18.79%བཟུང་བ་དང་། དེ་རྗེས་ལུའོ་ཕིང་རྫོང་གི་མི93911ཡོད་པ་དེས་རྫོང་དེའི་སྤྱིའི་མི་གྲངས་གྱི14.5%བཟུང་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག“འདྲེས་སྡོད་ཆེན་པོ་དང་། འདུས་སྡོད་ཆུང་ངུ”ཕན་ཚུན་བསྣོལ་ནས་ཁྱབ་ཡོད། གྲངས་ཉུང་མི་རིགས་གཙོ་བོ་མི་རིགས་ཡུལ་ཚོ8དང་། མི་རིགས་གྲོང་མིའི་ཨུ་ཡོན་ལྷན་ཁང161མི་རིགས་རང་བྱུང་གྲོང་ཚོ1479བཅས་སུ་འདུས་སྡོད་བྱས་ཡོད། མི་རིགས་ཡུལ་ཚོ8སོ་སོར་ཧྲི་ཙུང་རྫོང་ལུང་ཆིང་དབྱིས་རིགས་ཡུལ་ཚོ་དང་། ཧྲི་ཙུང་རྫོང་ཝུའུ་ལུང་ཀྲོང་རིགས་ཡུལ་ཚོ། ཧྲི་ཙུང་རྫོང་ཀའོ་ལེའང་ཀྲོང་རིགས་མིའོ་རིགས་ཡུལ་ཚོ། ལུའོ་ཕིང་རྫོང་ཁྲང་ཏི་པུའུ་དབྱི་རིགས་ཡུལ་ཚོ། ལུའོ་ཕིང་རྫོང་ལུའུ་པུའུ་ཀེ་པུའུ་དབྱི་རིགས་མིའོ་རིགས་ཡུལ་ཚོ། ལུའོ་ཕིང་རྫོང་ཀུའུ་ཝུའུ་ཅི་དབྱིས་རིགས་ཡུལ་ཚོ། ཧྥུའུ་ཡོན་རྫོང་ཀུའུ་ཀན་ཧྲུའེ་རིགས་ཡུལ་ཚོ། ཧུའེ་ཙེ་རྫོང་ཤིན་ཁྲོམ་གཞུང་ཧུའེ་རིགས་ཡུལ་ཚོ་བཅས་རེད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།   

སྤྱི་ལོ2019ལོར། ཆུས་ཅིང་གྲོང་ཁྱེར་དུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར445.98ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.7%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི944.55ཟིན་ནས1.3%འཕར། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་སྤྱི་རྒྱ་དུང་ཕྱུར31.96ཟིན་ནས1.6%འཕར། སྣུམ་རྒྱུ་སྤྱི་རྒྱ་དུང་ཕྱུར2.01ཟིན་ནས4.2%འཕར། རྡོ་ཐ་སྤྱི་རྒྱ་དུང་ཕྱུར1.69ཟིན་ནས1.4%འཕར། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི95.16ཡིན་ཞིང%9.3མར་ཆག

5_2 ཐོན་ལས་གཉིས་པ། 

སྤྱི་ལོ2019ལོར། ཆུས་ཅིང་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར757.78ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས11.1%འཕར་ཡོད། GDPབརྒྱ་ཆའི་གཞི་གྲངས3.72འཕར་བར་སྐུལ་ཁྲིད་བྱས་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད38.8%ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་སྔ་ལོ་ལས12.0%འཕར་ཡོད། དེའི་ནང་གཏེར་འདོན་ལས་རིགས22.6%འཕར་བ་དང་བཟོ་སྐྲུན་ལས་རིགས8.0%འཕར་ཡོད། གློག་ཤུགས་དང་། སོལ་རླངས། ཆུ་བཅས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས17.6%འཕར་ཡོད། 

5_3 ཐོན་ལས་གསུམ་པ།   

སྤྱི་ལོ2019ལོར། ཆུས་ཅིང་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར735.28ཟིན་ནས12.1%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་རར་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར450.58ཟིན་ནས13.3%འཕར་བ་དང་། གྲོང་གསེབ་ཏུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར284.70ཟིན་ནས10.2%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་བལྟས་ན། ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར644.85ཟིན་ནས11.8%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར90.43ཟིན་ནས13.7%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།