ཧྲ་ཕིང་པཱ་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-05-19 09:09ལ་འགྲུབ།

ཧྲ་ཕིང་པཱ་ཆུས།

ཧྲ་ཕིང་པཱ་ཆུས།
ཧྲ་ཕིང་པཱ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་དུ་གཏོགས་ལ། ཁྲུང་ཆིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཧྲ་ཕིང་པཱ་ཆུས་ནི་ཀྲོའུ་རྒྱལ་རབས་ཀྱི་པ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་ནས་བཟུང་། ལོ་ངོ3000ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། པ་ཡུས་རིག་གནས་དང་། ཧྲ་ཚི་རིག་གནས། འཇར་འགོག་དམག་འཁྲུག་གི་རིག་གནས། ཧུང་ཡན་གྱི་རིག་གནས་བཅས་གཅིག་ཏུ་འདྲེས་ཡོད། དེ་ནི་ཧུང་ཡན་སྙིང་སྟོབས་འབྱུང་ས་གལ་ཆེན་ཞིག་ཡིན་ལ། ཁྲུང་ཆིང་གྲོང་ཁྱེར་གྱི་ཚན་སློབ་རིག་གནས་ཁུལ་ཡང་ཡིན། ཁྲུང་ཆིང་སློབ་ཆེན་ནི་ཧྲ་ཕིང་པཱ་ཆུས་ཀྱི་ནུབ་རྒྱུད་དུ་གནས་ཡོད། སྤྱི་ལོ2019ལོའི་ཟླ8པའི་བར་ཧྲ་ཕིང་པཱ་ཆུས་སུ་ཁྲོམ་གཞུང20དང་གྲོང་རྡལ6ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ396.2ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི83.2ཡོད་པ་དང་། སྤྱི་ལོ2017ལོར་ཧྲ་ཕིང་པཱ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར860.2ལེགས་འགྲུབ་བྱུང་ཡོད། ཧྲ་ཕིང་པཱ་ཆུས་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར“རྒྱལ་ཡོངས་རིག་དངོས་ལས་དོན་གྱི་སྔོན་ཐོན་རྫོང”དང“གྲོང་ཁྱེར་གྱི་འབྲུབ་འགོག་གེགས་སེལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ““ཁག་དང་པོའི་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་གནས་མཆོག”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙坪坝区
ཕྱི་ཡིག་གི་མིང་།
ShapingbaDistrict
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཁྲུང་ཆིང་།
མངའ་ཁོངས།
ཡུའུ་ཕེ་ལམ་ཁྲོམ་གཞུང་དང་། ཧྲ་ཕིན་པཱ་ཁྲོམ་གཞུང་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཐན་ཅ་ཀང་སྲང་ལམ་ཧྥེང་ཐེན་ལམ་ཆེན་ཨང8པ།
སྦྲག་སྲིད་ཨང་རྟགས།
400000
ས་ཁོངས་ཁ་པར་ཨང་རྟགས།
023(+086)
གནས་ཡུལ།
ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ396.2
མི་གྲངས།
མི་ཁྲི83.2(སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
ཡུལ་སྐད།
ལྷོ་ནུབ་གཞུང་སྐད། ཁྲུང་ཆིང་སྐད།
ནམ་ཟླ།
ཚ་ཁུལ་བར་མའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླའི་ཁུལ།
མཛེས་ལྗོངས་གྲགས་ཅན།
འབྲི་ཆུའི་འགག་གསུམ་ཐང་ཆེན་དང་། ཀོ་ལེ་ཧྲན་ནགས་ཚལ་སྤྱི་གླིང་། ཧྲ་ཕིང་སྤྱི་གླིང་སོགས།
གནམ་གྲུ་ཐང་།
ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཧྲ་ཕིན་པཱ་ས་ཚིགས། ཁྲུང་ཆིན་ནུབ་ཚིགས།
སྲིད་འཛིན་ཚབ་ཨང་།
500106
རླངས་འཁོར་ཚབ་ཨང་།
ཡུའུ(渝)A.B.D
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར860.2(སྤྱི་ལོ2017ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་རྒྱལ་རབས་སྔོན་མའི་དུས་སྐབས་སུ། ཧྲ་ཕིང་པཱ་རྒྱལ་ཁབ་ཀྱི་ས་ཆ་ཡིན། ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ་པ་ཅུན་ལ་གཏོགས་པ་དང་། ཅིན་རྒྱལ་རབས་ནུབ་མའི་སྐབས་སུ་ཅིན་ཀྲོའུ་བཙུགས།

རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སུ་ལིའང་ཏ་པའོ་ཁྲི་ལོ་དང་པོར(སྤྱི་ལོ550ལོར)ཁྲུའུ་ཀྲོའུ་བཙུགས། སུའེ་རྒྱལ་རབས་ཀྱི་ཁའེ་ཧོང་ཁྲི་ལོ་གསུམ་པར(སྤྱི་ལོ583ལོར)ཁྲུའུ་ཀྲོའུ་དེ་ཡུས་ཀྲོའུ་རུ་བསྒྱུར། ཐང་རྒྱལ་རབས་སྐབས་སུ་སུའེ་རྒྱལ་རབས་ཀྱི་ལམ་ལུགས་ལ་བརྟེན།

སུང་རྒྱལ་རབས་ཀྱི་ཁྲུང་ཉིང་ཁྲི་ལོ་དང་པོར(སྤྱི་ལོ1102ལོར)ཡུས་ཀྲོའུ་དེ་ཀུང་ཀྲོའུ་རུ་བསྒྱུར། ཁྲུན་ཞི་ཁྲི་ལོ་བཅུ་དྲུག་པར(སྤྱི་ལོ1189ལོར)ཁྲུང་ཆིང་སྲིད་ཧྥུ་རུ་འཕར། ཁྲུན་ཡུས་ཁྲི་ལོ་གཉིས་པར(སྤྱི་ལོ1242ལོར)སི་ཁྲོན་ཀྲི་ཀྲི་སི་ཁྲུང་ཆིང་དུ་བཅའ་སྡོད་བྱས།

ཡོན་རྒྱལ་རབས་ཀྱི་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1286ལོར)ཁྲུང་ཆིང་ལམ་བཙུགས། མིང་རྒྱལ་རབས་ཀྱི་སྐབས་སུ་སྔ་རྗེས་སུ་ཁྲུང་ཆིན་ཧྥུ་དང་། དབྱི་ཀྲོའུ་ཧྥུ། ཁྲུང་ཆིང་ཝེ། ཆུས་ཐང་ཝེ་བཅས་ཀྱི་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་སྐབས་སུ་མིང་རྒྱལ་རབས་ཀྱི་ལམ་ལུགས་རྒྱུད་འཛིན་བྱས།

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ། ཧྲ་ཕིང་པཱ་ནི་སི་ཁྲོན་པ་རྫོང་གི་ཆུས་དང་པོའི་ཁོངས་སུ་གཏོགས་པ་དང་། སྲིད་གཞུང་ནི་ཀུའུ་ཀྲེན་ཙི་ཆུ་ཁུའུ་རུ་བཙུགས་ཡོད། སྤྱི་ལོ1939ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་ཧྲི་ཚི་ཆུས་སུ་བགོས་ནས་འཇར་འགོག་དམག་འཁྲུག་སྐབས་ཀྱི་ཀྲུང་གོའི་རིག་གནས་ཁུལ་དང་ཁྲུང་ཆིང་གི་བཟོ་ལས་ཁུལ་གཙོ་བོར་གྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1950ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་ཆུས་གསུམ་པར་གཏོགས། རིག་གནས་ཁུལ་དུ་གཏན་འཁེལ་བྱས་པ་དང་སྤྱི་ལོ1955ལོར་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཆུས་ཞེས་དངོས་སུ་མིང་གཏན་འཁེལ་བྱས།

སྤྱི་ལོ2016ལོའི་ཟླ7པའི་ཚེས18ཉིན་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གིས་ཧྲ་ཆུས་སྲིད་གཞུང་དང་། ཁྲེན་ཅ་ཆའོ་ཁྲོམ་གཞུང་བདག་སྐྱོང་ཁྱབ་ཁོངས་དང་། ཧུའུ་ཤིས་ཁྲོམ་གཞུང་བདག་སྐྱོང་ཁྱབ་ཁོངས། ཁྲོམ་གཞུང་དོན་གཅོད་ཁྲུའུ་གནས་ཡུལ་བཅས་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱས་པ་དང་ཧྥེང་ཝུན་ཁྲོམ་གཞུང་དང་ཤང་ལེ་ཧྲན་ཁྲོམ་གཞུང་གསར་སྣོན་བྱས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ8པའི་བར། ཧྲ་ཕིང་པཱ་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ་དང་ཁྲོམ་གཞུང26ཡོད་པའི་ནང་གྲོང་རྡལ6དང་ཁྲོམ་གཞུང20ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྲི་ཕིང་པཱ་ཆུས་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ནུབ་རྒྱུད་དུ་གནས་ཡོད། ཤར་ནི་ཅ་ལིན་གཙང་བོ་དང་ཅང་པེ་ས་ཁུལ། ཡུས་པེ་ས་ཁུལ་དང་ཁ་གཏད་དུ་གནས་ལ། ཤར་ལྷོ་ནི་ཡུས་ཀྲུང་ཆུས་དང་ཐག་ཉེ་བ་ཡིན། ལྷོ་ནི་ཅིའུ་ལུང་ཕོ་ཆུས་དང་འབྲེལ་ཡོད། ནུབ་ནི་ཅིན་ཡོན་ཧྲན་དང་པི་ཧྲན་ཆུས་དང་འབྲེལ་ཡོད། བྱང་ནི་པེ་ཕེ་ཆུས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ395.8ཡོད་པ་དེས་ཁྲུང་ཆིང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་གྱི0.48%བཟུང་ཡོད། ཧྲ་ཕིང་པཱ་ཆུས་ཀྱི་བྱང་སྣེ་ཀྲུང་ལེའང་གྲོང་རྡལ་ཤིན་ཧྥ་གྲོང་ཚོ་ཡིན་པ་དང་བྱང་གི་འཕྲེད་ཐིག29°46′36″ཏུ་ཡོད། ལྷོ་སྣེ་ནི་ཀོ་ལི་ཧྲན་གྲོང་རྡལ་གྱི་ཧྲན་ཏུང་གྲོང་ཚོ་ཡིན་ལ། བྱང་གི་འཕྲེད་ཐིག29°27′13″དུ་ཡོད། ལྷོ་བྱང་གི་བར་ཐག་ལ་སྟོང་སྨི29ཡོད། ཤར་སྣེ་ནི་ཏི་ཧྲུའེ་ཡན་ཡིན་པ་དང་། ཤར་གྱི་གཞུང་ཐིག106°31′35″རུ་ཡོད། ནུབ་སྣེ་ནི་ཙིན་ཅ་གྲོང་རྡལ་ནུབ་རྒྱུད་ཀྱི་ཆིན་མུའུ་ཀོན་ནགས་ཁུལ་ཡིན་ལ། ཤར་གྱི་གཞུང་ཐིག106°14′36″དུ་ཡོད། ཤར་ནུབ་ཀྱི་བར་ཐག་ལ་སྟོང་སྨི24.3ཡོད།

3_2 ནམ་ཟླ།

ཧྲ་ཕིང་པཱ་ཆུས་ཀྱི་གནམ་གཤིས་ནི་ཚ་ཁུལ་བར་མའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་དུ་གཏོགས། གནམ་གཤིས་དྲོད་འཇམ་ཡིན་པ་དང་། དུས་བཞིའི་དབྱེ་བ་གསལ་བ། ཆར་ཆུ་འབེལ་བ། ཆེས་གྲང་བའི་ཟླ་དེའི་ཆ་སྙོམས་དྲོད་ཚད7.8℃ཡིན། ཚ་བ་ཆེ་ཤོས་ཀྱི་ཟླ་དེའི་ཆ་སྙོམས་དྲོད་ཚད28.5℃དང་ལོ་རེའི་ཆ་སྙོམས་དྲོད་ཚད18.3℃ཡིན། སད་མེད་དུས་ཀྱི་ཉིན341.6ཡིན། དགུན་དུས་དྲོ་ལ་དབྱར་དུས་ཚ་བ་དང་སྟོན་དུས་འགྱུར་ལྡོག་མང་བའི་ཁྱད་ཆོས་ལྡན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1082.9ཡིན། དབུས་རྒྱུད་ཀྱི་ཀོ་ལེ་རི་བོའི་ནགས་ཚལ་ཁུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་རི་འདབས་ལས་ཧྲེ་ཧྲི་ཏུའུ2ཡས་མས་ཀྱིས་དམའ་བ་ཡོད།

4 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཧྲ་ཕིང་པཱ་ཆུས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི83.2ཡོད་པ་དེ་སྤྱི་ལོ2016ལོ་ལས1.7%འཕར་ཡོད། དེའི་ནང་ཞིང་ལས་མིན་པའི་མི་གྲངས་ཁྲི73.2ཡོད་པ་དང་ལོ་གོང་མ་ལས་མི15830མང་དུ་ཕྱིན་ཡོད། ཐེམ་ཐོའི་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད88.0%ཟིན། ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྱིམ་དུད་ཁྲི32.1ཡོད། ལོ་དེར་སྐྱེས་པའི་མི་གྲངས11577ཡོད་པ་དང་། ལོ་དེར་ཤི་བའི་མི་གྲངས13128ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི115.08ཡོད་པ་དང་ལོ་གོང་མ་ལས་མི་ཁྲི1.69ཡིས་མང་དུ་ཕྱིན་པ་དང་། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད95.08%ཟིན་ནས་བརྒྱ་ཆའི་གྲངས0.5མཐོ་རུ་ཕྱིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར། ཧྲ་ཕིང་པཱ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར860.2མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་སྤྱི་ལོ2016ལོ་ལས་བརྒྱ་ཆའི7.1འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.3ཡིན་པ་དང་ལོ་གོང་མ་ལས7.8%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར374.6ཡིན་ལ་ལོ་གོང་མ་ལས10.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར480.3ཡིན་པ་དང་ལོ་གོང་མ་ལས4.9%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི0.6:43.5:55.9ཡིན།

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། ཧྲ་ཕིང་པཱ་ཆུས་ཁོངས་སུ་སློབ་གསོའི་བྱ་གཞག་ཚན་པ་སྣ་ཚོགས་ཁྱོན330ཡོད་པ་དང་སྔོན་ལོ་ལས17གྱིས་མང་དུ་ཕྱིན་ཡོད། དེའི་ནང་མཐོ་རིམ་སློབ་གྲྭ་དཀྱུས་མ12དང་འབྲིང་རིམ་ལས་རིགས་སློབ་གྲྭ4ཡོད། དམའ་འབྲིང17དང་སློབ་ཆུང62དང་བུ་བཅོལ་ཁང235ཡོད། དགེ་རྒན་དང་ལས་བཟོ་པའི་མི་གྲངས་ཁྱོན་བསྡོམས13458ཡོད་པ་དེ་ལོ་གོང་མ་ལས་མི485འཕར་ཡོད། དེའི་ནང་སློབ་འབྲིང་དཀྱུས་མའི་ལས་བཟོ་བ3407ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་ལས་བཟོ་བ1037དང་སློབ་ཆུང་གི་ལས་བཟོ་བ3577 བུ་བཅོལ་ཁང་གི་ལས་བཟོ་བ5437བཅས་ཡོད་པ་རེད། ཆེད་བསྐོས་དགེ་རྒན9912ཡོད་པ་དེ་ལོ་གོང་མ་ལས་མི261འཕར་ཡོད། དེའི་ནང་སློབ་འབྲིང་དཀྱུས་མའི་དགེ་རྒན3017ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན758དང་སློབ་ཆུང་གི་དགེ་རྒན3392བཅས་ཡོད་པ་རེད། བུ་བཅོལ་ཁང་གི་དགེ་རྒན2745ཡོད། ཆུས་ཁོངས་ཀྱི་སློབ་གསོའི་བྱ་གཞག་ཚན་པ་སྣ་ཚོགས་ཀྱི་སློབ་བསྡུའི་མི་གྲངས49152ཡོད་པ་དེའི་ནང་། མཐོ་རིམ་སློབ་གྲྭ་དཀྱུས་མའི་མི5644ཡོད་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་མི5288ཡོད། དམའ་རིམ་སློབ་འབྲིང་དུ་མི7530ཡོད་པ་དང་། སློབ་ཆུང་དུ་མི12969ཡོད། བུ་བཅོལ་ཁང་དུ་མི17721ཡོད་པ་རེད། སློབ་ཐོན་སློབ་མའི་མི་གྲངས37100ཡོད་པ་དེའི་ནང་མཐོ་རིམ་སློབ་གྲྭ་དཀྱུས་མའི་མི5829ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ5234དང་དམའ་རིམ་སློབ་འབྲིང་གི་མི5845ཡོད། སློབ་ཆུང་གི་མི8552དང་བུ་བཅོལ་ཁང་གི་མི11640ཡོད།

6_2 རིག་གནས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། ཧྲ་ཕིང་པཱ་ཆུས་ཀྱི་རླུང་འཕྲིན་ཁྱབ་ཚད་དང་བརྙན་འཕྲིན་ཕྱོགས་བསྡུས་མི་གྲངས་ཁྱབ་ཚད100%ཟིན་པ་དང་། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད95%ཟིན་ཡོད། སྤྱི་པའི་དཔེ་མཛོད་ཁང1ལ་དཔེ་དེབ་ཁྲི95.2ཉར་ཚགས་བྱས་ཡོད། ལོ་རེར་ཀློག་པ་པོའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་ཁྲི114.0ཡོད་པ་དང་། ལོ་རེའི་དཔེ་དེབ་གཡར་གྲངས་ཁྲི34ཡོད། 《གཟའ་ཉི་མའི་འཆད་འཁྲིད》ཀྱི་ཁྱད་ལྡན་ཞབས་ཞུ་ཐེངས16བྱས་པ་རེད། ཆུས་ཡོངས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཆེ་གྲས118སྤེལ་བ་རེད། ཁྲོམ་གཞུང་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་མང་ཚོགས་རིག་གནས་བྱེད་སྒོ་ཐེངས621སྤེལ་བ་དང་ཐང་ཆེན་གཏམ་རྒྱུད་བྱེད་སྒོ་ཐེངས48སྤེལ་བ་རེད། མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་ནང་ཞུགས་མཁན་ལྟད་མོ་བ་མི་ཐེངས་ཁྲི124ཡོད་པ་དང་། མང་ཚོགས་རིག་གནས་གསར་རྩོམ་ལ་རྒྱལ་ཡོངས་རིམ་པའི་བྱ་དགའ2ཐོབ་པ་དང་མང་ཚོགས་རིག་གནས་གསར་རྩོམ་ལ་ཞིང་ཆེན(གྲོང་ཁྱེར)རིམ་པའི་བྱ་དགའ56ཐོབ་ཡོད།

6_3 ཚན་རིག་ལག་རྩལ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཧྲ་ཕིང་པཱ་ཆུས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར5721ཡོད་པ་རེད། 7.9%འཕར་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད2417ཡོད་པ་དང་ལོ་གོང་མ་ལས0.8%འཕར་བ་དང་། དབང་ཆ་སྤྲད་པའི་ཆེད་ཁེ་ངོ་གྲངས3191ཡོད་པས་བརྒྱ་ཆའི4.0འཕར་ཡོད། དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ1140ཡོད་པ་དང་ལོ་གོང་མ་ལས33.5%འཕར་ཡོད།

6_4 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཧྲ་ཕིང་པཱ་ཆུས་ཀྱི་འཕྲོད་བསྟེན་སྒྲིག་གཞི522ཡོད་པ་དང་ལོ་གོང་མ་ལས5.0%འཕར་བ་དང་། འཕྲོད་བསྟེན་སྒྲིག་གཞིར་དངོས་སུ་ཉལ་ཁྲི8711ཡོད་པ་དེ་ལོ་གོང་མ་ལས10.2%འཕར་ཡོད། དེའི་ནང་སྨན་ཁང་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ནད་ཁྲིའི་ཁ་གྲངས8079ཡོད་པ་དང་ལོ་གོང་མ་ལས14.2%འཕར། འཕྲོད་བསྟེན་ལས་ཁུངས་ཀྱི་མི་གྲངས12169ཡོད་པ་དང་ལོ་གོང་མ་ལས་བརྒྱ་ཆའི5.9འཕར་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ9461ཡོད་པ་དེ་ལོ་གོང་མ་ལས7.6%འཕར་ཡོད། ལོ5མན་གྱི་བྱིས་པའི་ཤི་ཚད་སྟོང་ཆའི5.46ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.1མཐོ་རུ་སོང་ཡོད། ཕྲུ་གུ་ཤི་ཚད་སྟོང་ཆའི4.44ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.52མཐོ་རུ་སོང་ཡོད་པ་རེད། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་བསྡུར་ཚད99.99%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲུང་ཆིང་གྲོང་ཁྱེར། ས་ཁོངས། ཆུས།