མདོ་མཛངས་བླུན།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-05-14 15:06ལ་འགྲུབ།

མདོ་མཛངས་བླུན།

མདོ་མཛངས་བླུན།
《མཛངས་བླུན་ཞེས་བྱ་བའི་མདོ》ནི་བོད་དུ་འགྱུར་བ་ཅུང་སྔ་བའི་ཐུབ་པའི་སྐྱེས་རབས་གཏམ་རྒྱུད་མང་དག་བསྡུས་པའི་དཔེ་དེབ་ཅིག་ཡིན་ལ། དེའི་བརྗོད་བྱའི་དོན་དང་རྩོམ་ལུས། ལྷག་དོན་ཐུན་མོང་མ་ཡིན་པའི་རྗོད་བྱེད་ཚིག་གི་ཁྱད་ཆོས་ཀྱི་དབང་གིས་རྩོམ་རིག་གི་རིན་ཐང་བླ་ལྷག་གིས་མཐོ་བ་རེད། དེ་ནི་གནའ་རབས་རྒྱ་གར་སེར་སྐྱའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་དགུང་ལོ་ཉི་ཤུ་རྩ་དགུ་ལ(སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་དུས་སུ)རྒྱལ་སྲིད་སྤངས་ཏེ་འདོད་ཡོན་དང་རྒྱང་རིང་ཁ་བྲལ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་གཅོད་པར་བྱེད་པའི་འགྲོ་ལམ་འཚོལ་བའི་ཆེད་དུ་ལོ་ངོ་ལྔ་བཅུ་ཙམ་དཀའ་ཐུབ་སྤྱད་པའི་བརྟུལ་ཞུགས་དང་དུ་བླངས་ནས་དགོངས་པ་ལ་བཞུགས་མཐར་སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་ཐོབ་ཚུལ་སྐོར་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《贤愚经》
ལོ་ཙཱ་བ།
འགོས་ཆོས་གྲུབ།
1 ​བོད་དུ་འགྱུར་ཚུལ།

《མཛངས་བླུན་ཞེས་བྱ་བའི་མདོ》འདི་ཚིག་ལྷུག་གི་ལམ་ནས་བོད་ལ་འགྱུར་བ་དང་ཁྱོན་བསྡོམས་བམ་པོ་བཅུ་གཉིས་ཡོད་པར་ལེའུ་ལྔ་བཅུ་རྩ་གཅིག་ཏུ་ཕྱེ་ཡོད། གཏམ་རྒྱུད་དེ་དག་གི་ནང་དོན་ཚང་མ་ཤཱཀྱ་ཐུབ་པས་ཁོང་གི་སློབ་བུ་ཀུན་དགའ་བོ་སོགས་ཁོང་རང་ཉིད་དང་ཡང་ན་སློབ་མའམ། རྗེས་འཇུག་གཞན་དག་གི་སྐྱེ་བ་འདིའི་སྔ་རོལ་གྱི་གཏམ་རྒྱུད་མངོན་པར་དྲན་པའི་ཚུལ་དུ་གསུངས་པ་དང་། གཏམ་རྒྱུད་མང་ཆེ་བར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྟོན་པར་བྱེད་ཅིང་ལེའུ་གཅིག་གི་བདག་ཉིད་ཅན་གྱི་གཏམ་རྒྱུད་ནང་དུ་གཏམ་རྒྱུད་གཉིས་ཡན་ཆད་བསྡུས་འདུག་སྟེ། དཔེ་སྣ་ཚོགས་བསྟན་པའི་ལེའུ་ནང་དུ་གཏམ་རྒྱུད་ཐུང་ངུ་དྲུག་ཙམ་བསྡུས་ཡོད་པ་དང་། ལེའུ་སོ་དྲུག་པ་མི་གདུང་སོར་འཕྲེང་ཅན་གྱི་ནང་གཏམ་རྒྱུད་ཐུང་གྲས་བཞི་ནས་ལྔ་ཙམ་བསྡུས་ཡོད་པ་རེད། དེར་བརྟེན་ལེའུ་ལྔ་བཅུ་རྩ་གཅིག་ལ་དོན་དུ་གཏམ་རྒྱུད་བརྒྱ་ཁ་འབུད་པ་ཙམ་འདུས་སོ།། གཏམ་རྒྱུད་དེ་དག་ལས་ཐུང་ངུའི་རིགས་ལ་ཡིག་འབྲུ་བརྒྱ་ཚོ་འགའ་ཤས་དང་ཅུང་རིང་བའི་རིགས་ལ་ཡིག་འབྲུ་ཆིག་ཁྲིར་སླེབས་ལ་ཉེ་ཞིང་། ཕལ་མོ་ཆེར་ཡིག་འབྲུ་སུམ་སྟོང་ནས་ལྔ་སྟོང་བར་ཡིན།

《མཛངས་བླུན་ཞེས་བྱ་བའི་མདོ》བོད་དུ་བསྒྱུར་པ་པོ་ནི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་གྲུབ་ཡིན་པ་དང་། ལོ་ཙཱ་བ་ཆེན་མོ་འདི་ཉིད་དུས་རབས་དགུ་བའི་མཇུག་ཙམ་གྱི་གཙང་ཁུལ་གྱི་མི་ཡིན་པ་དང་། བཙན་པོའི་དུས་སྐབས་ཀྱི་འགོས་ཁྱིམ་རྒྱུད་ལ་འཁྲུངས། ཁོང་ཉིད་ཐུགས་རིག་གསལ་ཞིང་དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས་བོད་དང་ལེགས་སྦྱར། རྒྱའི་རིག་གནས་བཅས་ལ་མཐར་ཕྱིན་པར་སྦྱངས་ནས་ཞབས་ཀྱི་འཁོར་ལོ་མདོ་སྨད་ཕྱོགས་སུ་བསྒྱུར་བ་དང་། ཧྲ་ཁྲིག་དང་ཀན་ཀྲིག(དེང་ཀན་སུའུ་ཞིང་ཆེན་གྱི་ཏུན་ཧོང་དང་ཀྲང་ཡའེ)བཅས་ས་ཆར་དམ་པའི་ཆོས་གསུངས་པ་དང་བསྒྱུར་བའི་མཛད་པ་རྒྱ་ཆེར་སྤེལ་བ་སྟེ། གང་ཉིད་ཀྱིས་རྒྱ་ནག་སྐད་ཀྱི་ཆོས་གཞུང་མི་ཉུང་བ་ཞིག་བོད་སྐད་དུ་བསྒྱུར་བ་བཀའ་བསྟན་ཁྲོད་དུ་བཞུགས་འདུག་པ་ལ། 《འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་བོའི་ལེའུ་བམ་པོ་བརྒྱད་པ》དང《འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་བྱ་བའི་མདོ》། 《འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་བམ་པོ་བཅུ་དང་ལེའུ་སོ་གཅིག་པ》། 《མཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་པ》བཅས་ཁྱོན་བསྡོམས་པོད་བཅུ་ཕྲག་གཅིག་ལྷག་བསྒྱུར་གནང་མཛད་པ་དང་། 《མདོ་མཛངས་བླུན》ནི་དེའི་ནང་གི་ཡ་གྱལ་ཞིག་གོ། གཞན་ད་དུང་ཁོང་གིས་བོད་ཡིག་གི་ཆོས་གཞུང་འགའ་ཞིག་རྒྱ་ནག་སྐད་དུ་བསྒྱུར་ནས་བོད་རྒྱའི(ནག)རིག་གནས་བརྗེ་རེས་ཀྱི་བྱ་གཞག་མདུན་དུ་སྐུལ་བར་མཛད་རྗེས་ཆེ་ཙམ་བཞག་མྱོང་བའི་བོད་རིགས་ཀྱི་ལོ་ཙཱ་བ་ཕུལ་བྱུང་ཅིག་ལགས།

སྡེ་དགེའི་པར་མའི་མདོ་མང་སྐོར་གྱི་དཀར་ཆགས་ནང་བཞུགས་པའི《མཛངས་བླུན་ཞེས་བྱ་བའི་མདོ》ནི“ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར”ཞེས་གསལ་བྱེད་ཀྱི་ཚུལ་དུ་བཀོད་འདུག་པ་ལྟར། བོད་དང་རྒྱ་ནག་གི་དཔེ་སྣ་རིགས་གཉིས་ཀའི་ནང་དོན་དང་ལེའུའི་རྣམ་གྲངས་མང་ཉུང་ཐད་བལྟས་ན། རྒྱ་ནག་ཏུ་འགྱུར་བའི《མཛངས་བླུན་ཞེས་བྱ་བའི་མདོ》ལ་དཔེ་སྣ་གཉིས་མཆིས་པ་ལས། དཔེ་སྣ་དང་པོར་བམ་པོ་བཅུ་གསུམ་དང་ལེའུ་དྲུག་ཅུ་རེ་དགུ་ཡོད་པ་དང་། གཉིས་པར་བམ་པོ་བཅུ་གསུམ་དང་ལེའུ་དྲུག་ཅུ་རེ་གཉིས་ཡོད་པས། བོད་དུ་འགྱུར་བའི《མདོ་མཛངས་བླུན》ལ་རྒྱ་ཡིག་དང་བསྡུར་ན་ལེའུ་བཅོ་བརྒྱད་དམ་ཡང་ན་ལེའུ་བཅུ་གཅིག་གིས་ཉུང་སྟབས། རྒྱ་ནག་ཏུ་འགྱུར་བའི་དཔེ་སྣ་དང་འཕྲོད་འགྲིག་ཅིག་ཡོང་མེད། གཏམ་རྒྱུད་ཀྱི་གོ་རིམ་སྒྲིག་སྟངས་ལྟར་བལྟས་ན། བོད་འགྱུར་དཔེ་སྣ་དེ་རྒྱ་ནག་འགྱུར་ལས་ལེའུ་རེ་དགུ་བ་དང་ཧ་ལམ་གཅིག་འདྲ་ཡིན་མོང། འོན་ཀྱང་ལེའུ་ཉུང་ཤས་ཤིག་སྔོན་རྗེས་ཀྱི་གོ་རིམ་འཆོལ་བ་ལྟར་སྣང་། གཏམ་རྒྱུད་ཀྱི་ནང་དོན་ཐད་བལྟས་ན། བོད་འགྱུར་དཔེ་སྣ་རྒྱ་ཡིག་དང་མི་འདྲ་ས་ཡོད་པས། འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི་བོད་འགྱུར《མཛངས་བླུན་ཞེས་བྱ་བའི་མདོ》ནི་རྒྱ་ནག་གི་འགྱུར་ཁོ་ན་གཞིར་བཟུང་བ་མིན་པར། ལེགས་སྦྱར་སྐད་ཀྱི《མདོ་མཛངས་བླུན》ལ་ཟུར་ལྟ་བྱས་ཏེ། ནང་དོན་གྱི་ཐད་འདོར་ལེན་ཡོད་པའི་སྒོ་ནས་བསྒྱུར་བ་ངོ་མ་ཡིན་པ་ནི། མདོ་མང་སྐོར་ལས“ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར”ཞེས་པ་དང་ཀུན་ནས་མཚུངས་སོ།།

2  བརྗོད་བྱའི་ནང་དོན།

《མཛངས་བླུན་ཞེས་བྱ་བའི་མདོ》ལས་རྒྱལ་བོ་ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་མཆོག་ནས་ཆོས་གསུང་སྐབས་ཆོས་ཉན་པ་པོའི་བློའི་མཐུ་དང་འཚམས་པའི་ཆོས་ཀྱི་ནང་དོན་རྣམས་ལྷ་འདྲེ། མི་དང་། གཅན་གཟན། རི་དྭགས། ས་སྐྱོང་རྒྱལ་པོ། འབངས་མི་ཕལ་བ། ཕྱུག་པོ་སྐུ་དྲག  དབུལ་ཕོངས་མུ་ཏོ་བ་སོགས་ཀྱི་ཚེ་སྔོན་མའི་ལས་འབྲས་ཚེ་འདིར་རབ་ཏུ་སྨིན་པའི་ཚུལ་མཚོན་པའི་གཏམ་རྒྱུད་མི་འདྲ་བར་སྦྱར་ཏེ་གདུལ་བྱའི་བློ་སེམས་ནང་བསྟན་ཆོས་ལ་འགུག་པའི་སྐོར་ཤ་སྟག་ཡིན། གཏམ་རྒྱུད་དེ་དག་ཕལ་མོ་ཆེ་ཡི་ནང་རྒྱལ་པོ་གང་རུང་ཞིག་ལ་རྒྱལ་ཚབ་ཏུ་འོས་པའི་བུ་ཕྲུག་མེད་པའི་སྐབས་དཀོན་མཆོག་ལ་སྨོན་ལམ་མཆོད་པ་བྱས་པའི་འབྲས་བུར་བཟའ་ཟླ་མོ་སེམས་ཅན་དང་ལྡན་པར་གྱུར་པའི་སྐོར་དང་། ཟླ་བ་ཚང་ནས་བཙའ་བའི་དུས་སུ་བལྟས་བཟང་པོ་ཅི་རིགས་བྱུང་བའི་སྐོར། མཚན་མཁན་གྱི་བྱད་གཟུགས་དང་སྔ་བལྟས་ལ་གཞིགས་ནས་མིང་འདོགས་པ་སོགས་ཀྱི་སྐོར་བྲིས་པའི་ཐོག་ནས་གཏམ་རྒྱུད་ཀྱི་བརྗོད་གཞི་འཛུགས་བཞིན་ཡོད། ལྷག་དོན་ཤེས་དགོས་པ་ཞིག་ལ། སྟོན་པ་ཤཱཀྱ་ཐུབ་པ་འཚོ་བཞུགས་སྐབས་རྒྱ་གར་དུ་མ་གྷ་ངྷ་དང་ཀོ་ས་ལ། ཨན་ཀ་སོགས་རྒྱལ་ཕྲན་རྒྱལ་ཁབ་བཅུ་ལྷག་ཙམ་ཡོད་པ་དེ་ཚོའི་བར་རང་རང་གི་མངའ་ཐང་རྒྱ་བསྐྱེད་གཏོང་བ་དང་། རྒྱ་གར་ཡོངས་ལ་དབང་སྒྱུར་བྱེད་པའི་དབང་ཆ་ཆེན་པོ་རང་རང་ལ་ཐོབ་པའི་ཕྱིར་གཡུལ་འགྱེད་དྲག་པོ་ལན་མང་བཤམས་རེས་བྱེད་པའི་དུས་སྐབས་ཤིག་ཡིན་པ་དང་། 《མཛངས་བླུན་ཞེས་བྱ་བའི་མདོ》ནི་སྐབས་དེ་དུས་ཡོ་ལང་ཟང་ཟིང་ཆེ་བའི་རྒྱ་གར་གྱི་ལོ་རྒྱུས་གནས་ཚུལ་དངོས་འོག་ནས་ཐོན་པའི་དཔེ་དེབ་ཅིག་ཡིན། སྟོན་པ་ཤཱཀྱ་ཐུབ་པས་དེ་ལྟ་བུའི་གནས་ཚུལ་འོག སྤྱི་ཚོགས་སྟེང་གི་མི་མཐོ་དམའ་བར་གསུམ་གང་རུང་གི་བདེ་སྡུག་དང་རེ་སྙེག་མཐོང་ཐུབ་པ་སྒོས་བརྗོད་བྱ་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་བའི་སྐྱེས་རབས་གཏམ་རྒྱུད་མང་པོ་ཞིག་གསུངས་པར་ནང་དོན་གྱི་ཐད་ཁྱབ་ཆེའི་རང་བཞིན་ལྡན་ནོ། །

3  བསམ་བློའི་རང་བཞིན།

《མཛངས་བླུན་ཞེས་བྱ་བའི་མདོ》ལས་ནང་བསྟན་ཆོས་ཀྱི་གཞི་རྩའི་དོན་རྣམས་སྙན་པའི་གཏམ་རྒྱུད་དང་ཟུང་དུ་སྦྲེལ་ནས་མངོན་པར་མཚོན་པ་སྟེ། སྐབས་དེའི་རྒྱ་གར་སྤྱི་ཚོགས་སུ་དུས་འགྱུར་ཐེངས་མང་བྱུང་ནས་སྐྱེ་བོ་མང་པོ་སྲོག་དང་བྲལ་བ་དང་། འབངས་མི་སེར་གྱི་གནས་བབ་ཞན་ལ་དུས་འགྱུར་གྱི་སྡུག་བསྔལ་ཆེས་ཆེར་སྟེར་བའི་སྣང་ཚུལ་སྟོན་པ་ཤཱཀྱ་ཐུབ་པའི་སྤྱན་ལམ་དུ་ཤར་བས་ཐུགས་བློར་དེ་དག་འཆོས་བའི་ཐབས་ལ་མི་རྣམས་ཀྱི་བློ་དགེ་བའི་ཆོས་ལ་སྐུལ་བ་ལས་འོས་མེད་པར་མཁྱེན་ནས་ཆོས་ཀྱི་ལྟ་བ་བྱམས་དང་སྙིང་རྗེ། སྦྱིན་གཏོང་། བཟོད་སྒོམ། ལས་འབྲས། གཞན་སེམས་ལས་སྒེར་སེམས་མེད་པ། སྲོག་གཅོད་དང་འདོད་སྲེད་འགོག་པའི་གནས་ལུགས་ཟབ་མོ་དང་སྔོན་ཐོན་བསམ་བློ་དག་གཏམ་རྒྱུད་ཀྱི་ནང་དོན་དུ་བསྟེན་ནས་རྒྱ་ཆེར་གསུངས་ཡོད།

སྟོན་པ་ཤཱཀྱ་ཐུབ་པ་ཁོང་རང་རྒྱལ་སྲས་ཤིག་ཡིན་རུང་ཁོང་གིས་སྲིད་ཀྱི་གྲགས་པ་དང་ནོར་གྱི་ལོངས་སྤྱོད་ཐམས་ཅད་སྤངས་ཤིང་ཁྱིམ་ལས་རབ་ཏུ་བྱུང་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་ནས་དཀའ་བ་གྲངས་མེད་པ་སྤྱད་ཅིང་སེམས་ཅན་ཐར་བའི་ལམ་དུ་འདྲེན་པར་བརྩོན་པའི་བསམ་བློ་མཛད་སྤྱོད་དེ་དག་ནི་དུས་དེའི་ལུགས་དང་མི་མཐུན་པའི་སྤྱི་ཚོགས་ལམ་ལུགས་ལ་ངོ་རྒོལ་དང་སེམས་ཅན་གྱི་བདེ་སྡུག་ལ་ཐུགས་ཁུར་ཆེན་པོ་བྱས་པ་ཁོ་ན་ལགས་པས། བསམ་སྦྱོར་དེ་དག་དང་དེ་མཚུངས་སྐབས་བབ་ཀྱི་སྔོན་ཐོན་བསམ་བློ་མཚོན་པའི་གཏམ་རྒྱུད་རྣམས་ཀྱི་ཐོག་མཐའ་བར་གསུམ་དུ་སྟོན་པ་ཤཱཀྱ་ཐུབ་པའི་རླབས་ཆེ་བའི་གཟུགས་བརྙན་ཤར་འདུག  ལོ་རྒྱུས་སྟེང་གི་ཤཱཀྱ་ཐུབ་པ་ནི་རླབས་ཆེ་བའི་བྱམས་སེམས་ལྡན་པ་ཞིག་རེད། ཁོང་གིས་གསུངས་པའི་གཏམ་རྒྱུད་དེ་རྣམས་ཀྱིས་ཁོང་ཉིད་ཀྱིས་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཇི་ལྟར་ངོས་བའི་འཇིག་རྟེན་ལྟ་ཚུལ་ལྷག་མེད་དུ་མཚོན་ཡོད།

4 སྒྱུ་རྩལ་ཁྱད་ཆོས།

《མཛངས་བླུན་ཞེས་བྱ་བའི་མདོས》མཚོན་པའི་སྐྱེས་རབས་ཁག་ནི་སྟོན་པ་ཤཱཀྱ་ཐུབ་པའི་ལོ་རྒྱུས་དང་རྒྱ་གར་ལོ་རྒྱུས་གཉིས་ཟུང་དུ་འབྲེལ་ཐོག་ནང་བ་སངས་རྒྱས་ཀྱི་གཞུང་ལུགས་ལྟ་བ་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་མཚོན་པ་ཞིག་ཡིན་པས། ཐུབ་པའི་བཀའ་བསྟན་ཁྲོད་དུའང་རྩོམ་རིག་གི་སྐོར་ཕོན་ཆེན་པོ་བཞུགས་འདུག་སྟེ། རྣམ་པའི་ཆ་ནས་གཙོ་བོ་སྙན་ངག་དང་གཏམ་རྒྱུད་གཉིས་སུ་འདུས་ཤིང་། དེའི་ནང་གི་གཏམ་རྒྱུད་མང་ཆེ་ཤོས་ནི་ལོ་ཉིས་སྟོང་ལྷག་གི་ཡར་སྔོན་ལ་རྒྱ་གར་དང་ཡ་གླིང་ཤར་ལྷོའི་ཕྱོགས་སུ་དར་ཆེ་བའི་དམངས་ཁྲོད་གཏམ་རྒྱུད་ཡིན་ཞིང་སྟོན་པ་ཤཱཀྱ་ཐུབ་པས་ཁོང་གི་དགོངས་དོན་ངེས་ཅན་རེ་གསལ་བཤད་བྱེད་པའི་ཆེད་དུ་གོ་སླ་ཞིང་གསོན་ཉམས་ལྡན་པའི་གཏམ་རྒྱུད་དག་ལ་བཟོ་བཅོས་བྱས་ནས་གང་ལ་གང་འཚམ་དུ་བཀོད་པ་རེད། གཏམ་རྒྱུད་དེ་དག་མང་ཆེ་ཤོས་ནི་དུས་དེའི་དམངས་ཁྲོད་དུ་དར་བ་ཡིན་པས། ང་ཚོས་གཏམ་རྒྱུད་འདི་དག་ལ་དུས་རབས་ངེས་ཅན་ཞིག་གི་སྤྱི་ཚོགས་ཕྱི་ཚུལ་མཐོང་ཐུབ་པ་དང་། སྤྱི་ཚོགས་དེར་གནས་པའི་ཛ་དྲག་ཆེ་བའི་གྲལ་རིམ་གྱི་འགལ་ཟླའང་ཆོར་ཐུབ་བོ།། གཏམ་རྒྱུད་དེ་དག་ལ་རང་རང་ཐོག་མ་ནས་གྲུབ་པའི་སླད་སྐྱོན་མཆིས་པ་དང་ཕྱིས་སུ་ཆོས་ཀྱི་བསྟན་བཅོས་སུ་དྲངས་རྗེས་དེའི་དགོས་མཁོ་དང་བསྟུན་པའི་བཟོ་བཅོས་ཀྱང་བྱས་ཡོད་སྲིད་མོད། འོན་ཀྱང་དེ་དག་གི་དམངས་ཁྲོད་རྩོམ་རིག་གི་བབ་ཆགས་ཀྱི་ཉམས་གཤིས་མངོན་པར་མཐོང་། 《མདོ་མཛངས་བླུན》ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་རྩོམ་རིག་དཔེ་དེབ་ཅིག་ཡིན་པ་དང་དེའི་སྒྱུ་རྩལ་གྱི་ཁྱད་ཆུ་ཚད་ཤིན་ཏུ་མཐོ་བས་དེ་མཚུངས་ཀྱི་རྩོམ་རིག་གཞན་རྣམས་ལས་ལེགས་པའི་རྩེ་མོར་སོན་ནོ།།

《མཛངས་བླུན་ཞེས་བྱ་བའི་མདོ》ལ་སྒྱུ་རྩལ་གྱི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་མངའ་བ་ནི་རྗོད་བྱེད་ཚིག་ཉུང་ཞིང་བསྡུས་བ། ཚགས་དམ་པས་བརྗོད་པར་བྱ་བ་མཐའ་དག་གནད་དུ་ཁེལ་ཞིང་ནུས་ཤུགས་ཡོད་པའི་སྒོ་ནས་ངེས་པར་བྱེད་པའི་ནུས་པ་འབུར་དུ་ཐོན་པ་སྟེ།  《སྙན་ངག་མེ་ལོང》ལས།

བརྗིད་པ་ཚིག་སྡུད་མང་པོ་ཉིད། །

འདི་ནི་ལྷུག་པ་དག་གི་གསོས། །

ཞེས་པ་ཡང་དོན་དུ་གཏམ་ལ་མཁས་མིན་དང་རྩོམ་གྱི་བཟང་ངན་ཡང་ཚིག་གིས་ངེས་པ་སྟེར་ཚབས་ཆེ་ཆུང་གི་སྟེང་ནས་འབྱེད་བཞིན་ཡོད་དེ།  《མདོ་མཛངས་བླུན》གྱི་བསྒྱུར་པ་པོ་འགོས་ཆོས་གྲུབ་ཀྱིས་ཚིག་བསྡུས་ཀྱང་རགས་རམ་མིན་པར་མངོན་གསལ་དོད་པའི་སྒོ་ནས་གཏམ་རྒྱུད་ཀྱི་ནང་དོན་གསོན་ཉམས་ལྡན་པར་མངོན་པ་དང་། གཏམ་རྒྱུད་ཕན་ཚུན་བར་གོང་འོག་གི་འབྲེལ་བ་སྤུ་ཙམ་མེད་པར་རང་ཚུགས་རྐྱང་པ་ཤ་སྟག་ཡིན་པས། བསྒྱུར་པ་པོས་སྒྲིག་གཞི་འགོད་སྟངས་དང་། ནང་དོན་མཚོན་སྟངས་བཅས་ཀྱི་ཐད་སྟབས་བདེ་ལ་གོ་དོན་ལེན་སླ་བ། མི་སྣ་ཉུང་ལ་རྙོག་འཛིང་ཛ་དྲག་དེ་ཙམ་ཆེན་པོ་མེད་པའི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་མ་དོར་པ་ལས་ལྡོག་རྒྱུན་བསྐྱངས་གང་ལེགས་བྱས་ཡོད་དོ། །