ཧུའེ་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:41ལ་འགྲུབ།

ཧུའེ་རྫོང་།

ཧུའེ་རྫོང་།
ཧུའེ་རྫོང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གྲོང་ཁྱེར་བྱང་རྒྱུད་ཀྱི་ཧུའེ་ཧྲན་རི་བོའི་འདབས་སུ་ཧུའེ་ཧྲན་སླུངས་ཚིགས་ཡོད་པས་ན་རྫོང་གི་མིང་ཡང་དེ་ལྟར་ཐོགས་པ་རེད། ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ལུང་ནན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་པ་དང་། ཆིན་ལིང་རི་རྒྱུད་ཀྱི་ལྷོ་ངོས་དང་ཅ་ལིང་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆིན་པ་ཧྲན་རི་བོའི་དབུས་ཀྱི་ཧུའེ་ཁྲེང་གཤོང་སར་གནས་ཡོད་པ་ཡིན། འཕྲེད་ཐིག་བྱང་མའི 33°32′-34°10′དང་། གཞུང་ཐིག་ཤར་མའི 105°34′-106°26′བར་དུ་གནས་པ་དང་། བྱང་ངོས་ཐེན་ཧྲུའེ་གྲོང་ཁྱེར་དང་འབྲེལ་བ་དང། ཤར་ངོས་ལིའང་ཏང་རྫོང་དང་འབྲེལ། ནུབ་ཏུ་ཁྲེང་རྫོང་དང་འབྲེལ། ལྷོ་རྒྱུད་དུ་ཧྲའན་ཞི་ཞིང་ཆེན་གྱི་ཧན་ཀྲུང་གྲོང་ཁྱེར་གྱི་ལུའེ་དབྱང་རྫོང་དང་ས་མཚམས་འབྲེལ་ཡོད། ཧུའེ་རྫོང་ཁོངས་གཏོགས་སུ་གྲོང་རྡལ13དང་། ཡུལ་ཚོ2 གྲོང་ཚོ213 སྡེ་ཁུལ10བཅས་ཡོད་པ་དེར་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2722.9ཡོད་པ་དང་། སྤྱིའི་མི་འབོར་ཁྲི22.35(སྤྱི་ལོ2015ལོ)ཡོད་པ་རེད། ཧུའེ་རྫོང་ལ“ལུང་ཧྲང་ཅང་ནན་ཆུང་བ”ཞེས་པའི་མཚན་སྙན་ཡོད་པ་དང་། གནམ་གཤིས་དྲོ་ཞིང་འཇམ་པ་དང་། རི་མ་ཐང་དང་གཤོང་ས་ཕན་ཚུན་འབྲེལ་ནས་ཡོད་ཅིང་། མངའ་ཁོངས་སུ་ཧུའེ་རྫོང་སན་ཐན་མཛེས་ལྗོངས་ཁུལ་དང་། ཅ་ལིང་ཅང་གཙང་པོ། ཆིང་ཉི་ལིང་སོགས་མཛེས་ལྗོངས་གྲགས་ཅན་ཡོད། ཁྱད་ལྡན་ཐོན་རྫས་ལ་སྟར་ཁ་དང་། ཁམ་དཀར། སྤྱང་ཀའི་སོ་རྩི། ཁམ་བུ་སོགས་ཡོད། སྤྱི་ལོ2019ལོའི་ཟླ4པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཧུའེ་རྫོང་རྫོང་དབུལ་ཕོངས་རྫོང་ནས་དངོས་སུ་འབུད་ཆོག་པའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
徽县
མིང་གཞན།
ཅིན་ཧུའེ་རྫོང་། ལུང་ཧྲང་ཅང་ནན་ཆུང་བ།
ཕྱི་ཡིག་གི་མིང་།
Huixian County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2722.9ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི22.35(སྤྱི་ལོ2015ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ལུང་ནན།
ནམ་ཟླའི་ཆ་རྐྱེན།
ནམ་ཟླ་དྲོད་འཇམ། ཆར་ཆུ་འཛོམས་པ།
མངའ་ཁོངས།
གྲོང་རྡལ16དང་ཡུལ་ཚོ2ཡོད།
མེ་འཁོར་ས་ཚིགས།
ཧུའེ་རྫོང་མེ་འཁོར་ས་ཚིགས། ཡུན་ཀོན་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0939
རླངས་འཁོར་ཚབ་ཨང་།
甘K
སྦྲག་སྲིད་ཨང་རྟགས།
742300
སྲིད་གཞུང་སྡོད་ཡུལ།
ཁྲེང་ཀོན་གྲོང་རྡལ་ཤར་ལམ་ཨང33པ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཀན་སུའུ་རུ་ཁྱོན་བསྡོམས་ཏའོ7དང་རྫོང77བཙུགས་པ་དང་། ཧུའེ་རྫོང་ནི་སྐབས་དེར་ཝེ་ཁྲོན་ཏའོ་ཡི་ཁོངས་གཏོགས་ཡིན།     

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོ)ཏའོ་མེད་པར་བཟོས་པ་དང་། ཧུའེ་རྫོང་ནི་ཐད་ཀར་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁོངས་སུ་གཏོགས།     

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23པར(སྤྱི་ལོ1934ལོར)ཀན་སུའུ་ཞིང་ཆེན་ཡོངས་སུ་ཡང་བསྐྱར་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བརྒྱད་བཙུགས་པ་དང་། ཧུའེ་རྫོང་ནི་སྐབས་དེར་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཞི་པའི(སྐྱོང་གནས་ཐེན་ཧྲུའེ་ཡིན)བདག་སྤྲོད་བྱེད་ཁོངས་སུ་གཏོགས་པ་དང་བཅིངས་འགྲོལ་གཏོང་རག་ཏུ་རྒྱུན་བསྐྱངས།    

སྤྱི་ལོ1949ལོའི་ཟླ12པའི་ཚེས4ཉིན། ཧུའེ་རྫོང་བཅིངས་འགྲོལ་བཏང་རྗེས། ཐེན་ཧྲུའེ་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། རྫོང་གནས་ཡུལ་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས། 

སྤྱི་ལོ1958ལོའི་ཟླ4པར། ཧུའེ་རྫོང་དང་ལིའང་ཏང་གཉིས་ཀྱི་རྫོང་ཟླ་སྒྲིལ་བཏང་བ་དང་། རྫོང་མིང་སྔར་བཞིན་ཧུའེ་རྫོང་ཡིན་པ་དང་། རྫོང་གནས་ཡུལ་སྔར་བཞིན་ཁྲེང་ཀོན་གྲོང་རྡལ་ཡིན་པ་དང་། ཐེན་ཧྲུའེ་ས་ཁུལ་གྱི་ཁོངས་སུ་གཏོགས་ཡོད། ཟླ7པར་ཧུའེ་རྫོང་ཡང་ཁྲེང་རྫོང་དང་ཟླ་སྒྲིལ་བཏང་ཞིང་། མིང་ལ་ཧུའེ་ཁྲེང་རྫོང་ཟེར་ཞིང་། རྫོང་གནས་ཡུལ་སྔར་བཞིན་ཁྲེང་ཀོན་གྲོང་རྡལ་དུ་བཙུགས་ཡོད། 

སྤྱི་ལོ1962ལོའི་ཟླ1པོར། ཧུའེ་རྫོང་དང་ཁྲེང་རྫོང་། ཁྲེང་ཏང་རྫོང་བཅས་རྫོང་གསུམ་གྱི་སྒྲིག་གཞི་བསྐྱར་གསོ་བྱས་ཤིང་། ཧུའེ་རྫོང་གི་ས་གནས་སྔར་བཞིན་ཁྲེང་ཀོན་གྲོང་རྡལ་དུ་བཙུགས། 

སྤྱི་ལོ1985ལོའི་ཟླ6པར། ཧུའེ་རྫོང་ལུང་ནན་ས་ཁུལ་གྱི་མངའ་འོག་ཏུ་བགོས། 

སྤྱི་ལོ2004ལོར། ལུང་ནན་ས་ཁུལ་མེད་པར་བཟོས་རྗེས་གྲོང་ཁྱེར་བཙུགས་པ་དང། ཧུའེ་རྫོང་ནི་ལུང་ནན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས། 

སྤྱི་ལོ2016ལོར། དབྱིན་ཤིན་ཧྲུའུ་ཡུལ་ཚོ་དང་། ཧྲུའེ་དབྱང་ཡུལ་ཚོ། ལི་ཁྲོན་ཡུལ་ཚོ། མ་ཡན་ཧོ་ཡུལ་ཚོ། ཏ་ཧོ་ཏན་ཡུལ་ཚོ། ཀའོ་ཆའོ་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཡིང་ཤིན་ཧྲུའུ་གྲོང་རྡལ་དང་། ཧྲུའེ་དབྱང་གྲོང་རྡལ། ལི་ཁྲོན་གྲོང་རྡལ། མ་ཡན་ཧོ་གྲོང་རྡལ། ཏ་ཧོ་ཏན་གྲོང་རྡལ། ཀའོ་ཆའོ་གྲོང་རྡལ་བཅས་བཙུགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་ཟླ་དང་པོའི་བར། ཧུའེ་རྫོང་ཁོངས་གཏོགས་སུ་གྲོང་རྡལ13དང་། ཡུལ་ཚོ2 སྲིད་འཛིན་གྲོང་ཚོ213བཅས་ཡོད།     

གྲོང་རྡལ་ནི། ཁྲེང་ཀོན་གྲོང་རྡལ་དང་། ཕུའུ་ཅ་གྲོང་རྡལ། ཅང་ལུའོ་གྲོང་རྡལ། ཉི་དབྱང་གྲོང་རྡལ། ལིའུ་ལིན་གྲོང་རྡལ། ཅ་ལིང་གྲོང་རྡལ། ཡུང་ཉིང་གྲོང་རྡལ། དབྱིན་ཤིང་གྲོང་རྡལ། ཧྲུའེ་དབྱང་གྲོང་རྡལ། ལི་ཁྲོན་གྲོང་རྡལ། མ་ཡན་ཧོ་གྲོང་རྡལ། ཀའོ་ཆའོ་གྲོང་རྡལ། ཏ་ཧོ་ཏེན་གྲོང་རྡལ་བཅས་ཡིན།     

ཡུལ་ཚོ་ནི། ཡུས་ཧྲུའུ་ཡུལ་ཚོ་དང་ཡུས་ཀོན་ཡུལལ་ཚོ་གཉིས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཧུའེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཤར་ལྷོའི་རྒྱུད་ཀྱི་ཧྲའན་ཞི་དང་སི་ཁྲོན་འབྲེལ་མཚམས་སུ་གནས་པ་དང་།  ནུབ་ཏུ་ཁྲེང་རྫོང་དང་ཞི་ཧོ་རྫོང་དང་འབྲེལ། བྱང་དུ་ཐེན་ཧྲུའེ་གྲོང་ཁྱེར་དང་འབྲེལ། ལྷོ་རུ་ཧྲའན་ཞི་ཞིང་ཆེན་ལུའེ་དབྱང་རྫོང་དང་འབྲེལ། ཤར་དུ་ལིའང་ཏང་རྫོང་དང་ས་མཚམས་འབྲེལ་བ་བཅས་རེད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི65དང་། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི49.5 སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2722བཅས་ཡོད། ཧུའེ་རྫོང་གི་ཤར་ཕྱོགས་ནས་ལིའང་ཏང་རྫོང་མཁར་དང་བར་ཐག་སྟོང་སྨི46དང་། པའོ་ཅི་གྲོང་ཁྱེར་ལ་སྟོང་སྨི181 ཞི་ཨན་གྲོང་ཁྱེར་ལ་སྟོང་སྨི383བཅས་ཡོད། ལྷོ་རུ་་ཧྲའན་ཞི་ཞིང་ཆེན་ལུའེ་དབྱང་རྫོང་གི་རྫོང་མཁར་དང་བར་ཐག་སྤྱི་ལེ93ཡོད་པ་དང་། ནུབ་ནས་ཁྲེང་རྫོང་དང་རྫོང་གྲོང་བར་སྟོང་སྨི67ཡོད་པ་དང་། ལུང་ནན་གྲོང་ཁྱེར་གནས་ཡུལ་ཝུའུ་ཏུའུ་ཆུས་དང་སྟོང་སྨི215ཡོད། བྱང་ནས་ཐེན་ཧྲུའེ་གྲོང་ཁྱེར་གྱི་ཆིན་ཀྲོའུ་ཆུས་དང་སྤྱི་ལེ152ཡོད་པ་དང་། ཤར་ལྷོ་ནས་ཧྲའན་ཞི་ཞིང་ཆེན་གྱི་ཧན་ཀྲུང་གྲོང་ཁྱེར་བར་སྟོང་སྨི241ཡོད་པ་དང་། ལྷོ་ནུབ་ནས་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་བར་སྟོང་སྨི550ལྷག་ཡོད། ནུབ་བྱང་ནས་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལན་ཀྲོའུ་གྲོང་ཁྱེར་དང་སྟོང་སྨི514ཡོད་དོ།།

3_2 ནམ་ཟླ།

ཧུའེ་རྫོང་ནི་སྐམ་སའི་དབུས་ཁུལ་གྱི་འཕྲེད་ཐིག་དཀྱིལ་མའི་ཁུལ་དུ་གནས་པ་དང་། དེ་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་དུ་གཏོགས་ལ། དཔེ་མཚོན་ཅན་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་ལ། སྐམ་ས་ཆེན་པོའི་ཚད52དང་། སྐམ་ཚད0.89ཡིན། དུས་བཞིར་མངོན་གསལ་ཡིན། དགུན་དུས་སུ་ནུབ་བྱང་རླུང་དར་ཁྱབ་ཆེ་བ་དང་། དྲོད་ཚད་ནི་གཙོ་བོ་ཞི་པོ་ལི་ཡ་བརྒྱུད་སོག་པོའི་ལྷོ་ཕྱོགས་སུ་འབབ་པའི་བྱང་ཕྱོགས་ཀྱི་འགྲོ་ལམ་མཁའ་རླུང་གྲང་མོ་དང་། ཝུའུ་ལར་རི་བོའི་རྨ་ནུབ་དོག་ལམ་་ཤར་ལྷོའི་འོག་གི་ནུབ་བྱང་གི་ལམ་རྒྱུད་ཀྱི་མཁའ་རླུང་གྲང་མོ་ལས་བྱུང་བ་དང་། གནམ་གཤིས་ཅུང་གྲང་བ་དང་སྐམ་ཤས་ཆེ་བས། མཁའ་རླུང་གྲང་མོ་དར་སྐབས་གྲང་ངར་ཆེ་བ་རེད། དབྱར་དུས་ཤར་ལྷོར་ཁྱབ་པ་དང་། དྲོད་ཚད་དྲོ་ལ་ཆར་ཆུ་མང་བ། ཞི་བདེ་རྒྱ་མཚོའི་ཚ་ཁུལ་ཕལ་པའི་རླུང་གནོན་མཐོ་ཁུལ་དང་མཚོ་བོད་ས་མཐོའི་རླུང་ཁམས་ཆེ་མོའི་མ་ལག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཆར་པ་མང་ཆེ་བ་འབྲུག་ཆར་གྱིས་རྐྱེན་པས་ཆུ་ལོག་དང་ཞོད་སྐྱོན་ཐོན་སླ་པོ་ཡོད། རྫོང་ནང་ཁུལ་གྱི་དྲོད་ཚད་ལྷོ་བྱང་རི་ཁུལ་དམའ་བ་དང་། དབུས་རྒྱུད་ཀྱི་ལུང་གཞུང་གི་རི་མ་ཐང་མཐོ་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ10ནས12བར་ཡིན། སྐྱེ་ལོ་ཆ་སྙོམས་ཉིན250ཡས་མས་དང་སད་མེད་དུས་ཉིན200ནས220བར་ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད1726.4ཡས་མས་ཡིན་པ་དང་། ལོ་རེའི་ཉི་མའི་འགྱེད་འཕྲོའི་ཚད་ལི་སྨི100ནས110བར་ཡིན། 0℃ཡན་གྱི་རྒྱུན་མཐུད་དུས་ཡུན་ཉིན310(སྤྱིར་བཏང་དུ་ཟླ2པའི་ཚེས7ཉིན་ནས་ཟླ་12པའི་ཚེས13ཉིན་བར)ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི756ཟིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཉིན122ཡིན། ཐལ་དྲགས་པའི་ལོར་ཆེས་ཆེ་བའི་ཆར་ཆུ་འབབ་ཚད་ཧའོ་སྨི་967(སྤྱི་ལོ1983)ཡིན་པ་དང་། ཆེས་ཉུང་ནའང་ཆར་ཆུ་འབབ་ཚད་ཧའོ་སྨི517.4(སྤྱི་ལོ1991ལོ)ཡིན། ཆར་པ་འབབ་ཚད་ལོ་རེའི་ཟླ6པ་ནས་ཟླ9པའི་བར་ཡིན་པ་དང་། ཟླ7པར་མང་ཤོས་ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཧུའེ་རྫོང་གི་མངའ་ཁོངས་སུ་ས་ངོས་ཀྱི་ཆུའི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར7.11ཟིན་པ་དང་། མངའ་ཁོངས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར12.75ཡོད། ལོ་རེའི་ཆུ་རྒྱུག་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར19.86ཟིན། མི་རེར་ཆ་སྙོམས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ3795.8ཟིན་ཡོད་པ་རེད། ས་ངོས་ཀྱི་ཆུའི་མི་རེའི་ཆ་སྙོམས་བཟུང་ཚད་ཐེན་ཧྲུའེ་གྲོང་ཁྱེར་ལས་མི་རེར་སྨི་རྒྱ་དཔངས་གྲུ་བཞི2542.8མང་བ་དང་ཀན་སུའུ་ཞིང་ཆེན་ལས་མི་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི2295.8མང་བ་དེ་རྒྱལ་ཡོངས་ལས་སྨི་རྒྱ་དཔངས་གྲུ་བཞི995.8མང་བ་ཡོད་པ་རེད། རྫོང་ཡོངས་ཀྱི་ཆ་སྙོམས་ཀྱིས་ཞིང་མུའུ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ7.4ཡོད་པ་རེད།     རྫོང་གི་ས་འོག་གི་ཆུ་ཅུང་ཉུང་བ་མ་ཟད། ཁྱབ་ཚད་ཆ་སྙོམས་མིན། ལུང་གཞུང་ཉུང་ཤས་ཕུད་ས་ཁུལ་མང་ཆེ་བར་ས་འོག་གི་བཞུར་རྒྱུན་ཆགས་མེད་པ་དང་ལྷག་པར་དུ་དབུས་རྒྱུད་རི་མ་ཐང་དུ་ས་འོག་གི་ཆུ་སྤྱིར་ན་མེད། མངའ་ཁོངས་ནང་གི་ས་འོག་ཆུའི་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི13365.1ཟིན་ཡོད།

4_2 ཆུ་ནུས་ཐོན་ཁུངས།

ཧུའེ་རྫོང་གི་ཆུའི་ཐོན་ཁུངས་གསོག་ཚད་སྟོང་ཝ་ཁྲི14.76ཟིན་ཡོད། དེའི་ནང་ཅ་ལིན་གཙང་པོའི་ཆུ་ནུས་ཐོན་ཁུངས་གསོག་ཚད་སྟོང་ཝ་ཁྲི3.79ཟིན་པ་དང་། ཡུང་ཉིང་གཙང་པོའི་མངའ་ཁོངས་ནང་གི་ཆུ་ཤུགས་ཐོན་ཁུངས་གསོག་ཚད་སྟོང་ཝ་ཁྲི3.5ཟིན། ལོ་ཧོ་ཆུ་བོའི་ཆུ་ཤུགས་ཐོན་ཁུངས་གསོག་ཚད་ཆན་སྟོང་ཁྲི1.77ཟིན། ནུབ་ཆུའི་ཆུ་ཤུགས་ཐོན་ཁུངས་ཀྱི་གསོག་ཚད་སྟོང་ཝ་ཁྲི0.49ཟིན། རྨ་ཆུའི་རྒྱུད་ཀྱི་ཆུ་ཤུགས་ཐོན་ཁུངས་གསོག་ཚད་སྟོང་ཝ་ཁྲི0.44ཟིན་པ་དེ་ཧུའེ་རྫོང་ནུབ་བྱང་མཐའ་འཁོབ་ས་ཁུལ་དུ་ཆུ་གློག་ཆུང་གྲས་འཕེལ་རྒྱས་གཏོང་བའི་ཆུ་བོ་གཙོ་བོ་ཞིག་ཡིན་པ་དང་། ཏུང་ཀོའུ་ཆུ་བོའི་ནང་དུ་སྟོང་ཝ་ཁྲི0.35ཡོད་པ་རེད།

4_3 མི་འབོར་དང་མི་རིགས།
4_4 མི་འབོར།

སྤྱི་ལོ2015ལོའི་ལོ་མཇུག་ཏུ། རྫོང་ཡོངས་སུ་དུད་ཚང་ཁྲི6.87ཡོད་པ་དང་མི་འབོར་བསྡོམས་འབོར་ཁྲི22.35ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི7.99དང་། གྲོང་གསེབ་ཀྱི་མི་འབོར་ཁྲི14.36ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37.26%ཟིན་ཡོད། རྫོང་ཡོངས་ཀྱི་སྐྱེས་པའི་མི་འབོར་ཁྲི11.68དང་བུད་མེད་མི་འབོར་ཁྲི11.67ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར2816ཡོད་པ་དང་སྐྱེས་ཚད12.6‰ཟིན། འཆི་བའི་མི་འབོར1962ཡོད་པ་དང་། ཤི་ཚད8.78‰དང་། རང་བྱུང་གི་འཕར་ཚད3.82‰ཡིན།

4_5 མི་རིགས།

སྤྱི་ལོ2014ལོའི་ལོ་མཇུག་བར། ཧུའེ་རྫོང་དུ་རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། བོད་རིགས། མིའོ་རིགས། ཀྲོང་རིགས། ཞི་པོ་རིགས། ཐུའུ་ཅ་རིགས། ཧྲེ་རིགས། སོག་རིགས་བཅས་མི་རིགས10ཡོད་པ་དང་གྲངས་ཉུང་མི་རིགས་ཁྲི1.1ཙམ་ཡོད་པ་དེས་སྤྱིའི་མི་འབོར་གྱི4.9%བཟུང་ཡོད།

5 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2015ལོར། ཧུའེ་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར42.06ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.35ཟིན་པ་དེ་ལོ་སྔོན་མ་ལས5.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར11.86ཟིན་པ་དེ་ལོ་སྔོན་མ་ལས7.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར18.85ཟིན་པ་དེ་ལོ་སྔོན་མ་ལས11.6%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི27:28.2:44.8ཡིན། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར58.6བཏང་བ་དེ་ལོ་སྔོན་མ་ལས24.06%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར9.22ཟིན་པ་དེ་ལོ་སྔོན་མ་ལས14.87%འཕར་བ་རེད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར6.1161ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་བ་དང། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.9154ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་བ་རེད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6559ཟིན་པ་དེ་ལོ་སྔོན་མ་ལས11.9%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།