ལུའོ་ཐེན་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-04-02 10:41ལ་འགྲུབ།

ལུའོ་ཐེན་རྫོང་།

ལུའོ་ཐེན་རྫོང་།
ལུའོ་ཐེན་རྫོང་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། ཀྲུང་གོའི་ཧྭ་དབུས་དང་ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་རི་བོ་ཏ་པིའེ་ཧྲན་གྱི་ལྷོ་འདབས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2144ཡོད། མངའ་ཁོངས་སུ་རི་མང་པོ་ཡོད་པ་དང་། ས་བབ་ནི་བྱང་ཤར་ནས་ལྷོ་ནུབ་ཏུ་གསེག་ཡོད། ནམ་ཟླ་ནི་ཚ་ཁུལ་བྱང་མའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། སྤྱི་ལོ2018ལོའི་བར་རྫོང་དེ་ཡོངས་སུ་གྲོང་རྡལ10དང་ཤང2ཡོད། རྒྱུན་སྡོད་མི་འབོར་ཁྲི55.27ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗田县
ཕྱི་ཡིག་གི་མིང་།
Luotian County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་ཞང2ཡོད།
སྲིད་གཞུང་གནས་ཡུལ།
ཧྥེང་ཧྲན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0713
སྦྲག་སྲིད་ཨང་རྟགས།
438600
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2144ཡོད།
མི་གྲངས།
མི་ཁྲི55.27(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལུའོ་ཐེན་ཐེན་ཐང་ཀྲའེ་དང་། ཅིའུ་ཙི་གཙང་པོའི་མཛེས་ལྗོངས་ཁུལ། ཁོང་ཧོ་ཀོན་ཡུན་ཧྲན་སོགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར138.23(སྤྱི་ལོ2018ལོར)
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
421123
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྐབས་སུ། སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་གྱི་ཅང་ཧན་ཏའོ་དང་། སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པ། སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པ་བཅས་ཀྱི་ཁོངས་སུ་གཏོགས། འཇར་འགོག་དམག་འཁྲུག་གི་སྐབས་སུ་སྐབས་ཤིག་རིང་ཧུའུ་པེ་ཤར་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ3པའི་ཚེས27ཉིན། ལུའོ་ཐེན་རྫོང་ཡོངས་བཅིངས་འགྲོལ་ཐོབ་ཅིང་། མི་དམངས་སྲིད་གཞུང་བཙུགས་རྗེས། ཧུའུ་པེ་ཞིང་ཆེན་ཧོང་ཀང་ས་ཁུལ(ཀྲོན)ཁུལ་གྱི་མངའ་འོག་ཏུ་གཏོགས། སྤྱི་ལོ1952ལོར། ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཧོ་ཧྲེང་གྲོང་རྡལ་དང་དེ་མིན་ཤང13དང་མཱ་ཁྲེང་ནས་བགོས་པའི་ཤང་དང་གྲོང་རྡལ་ཁག་གཅིག་གིས་ཧྲེང་ལི་རྫོང་བཙུགས། སྤྱི་ལོ1955ལོར་ཧྲེང་ལི་རྫོང་མེད་པར་བཟོས་ཤིང་། སྔོན་ཆད་བགོས་ཟིན་པའི་ས་ཁོངས་ལའོ་ཐེན་དུ་ཕྱིར་ལོག སྤྱི་ལོ1995ལོའི་ཟླ12པར་ཧོང་ཀང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ནས་ཧོང་ཀང་གྲོང་ཁྱེར་བཙུགས་པ་དང་། ལུའོ་ཐེན་ནི་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་བར་ལུའོ་ཐེན་རྫོང་ཁོངས་སུ་གྲོང་རྡལ10དང་ཤང2ཡོད་པ་སྟེ། སན་ལི་ཆི་གྲོང་རྡལ་དང་། ཧྲེང་ལི་གྲོང་རྡལ། ཅིའུ་ཙི་ཧོ་གྲོང་རྡལ། པའེ་ཙི་ཧོ་གྲོང་རྡལ། ཏ་ཧོ་གྲོང་རྡལ། ཏ་ཆི་གྲོང་རྡལ། ཧོ་ཕུའུ་གྲོང་རྡལ། ཁོང་ཧོ་གྲོང་རྡལ། ལུའོ་ཐའོ་ཨའོ་གྲོང་རྡལ། ཧྥེང་ཧྲན་གྲོང་རྡལ། ཕིང་ཧུའུ་ཤང་། པའེ་ལེན་ཧོ་ཤང་བཅས་ཡིན། སྲིད་གཞུང་གནས་ཡུལ་ནི་ཧྥུང་ཧྲན་གྲོང་རྡལ་ཡིན་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།     

ལུའོ་ཐེན་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཏ་པེ་རི་བོའི་ལྷོ་འདབས་སུ་གནས་པ་དང་། ལུའོ་ཐེན་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2144ཡོད། ཤར་ཀྱི་གཞུང་ཐིག115°06′—115°46′དང་། བྱང་གི་འཕྲེད་ཐིག30°35′—31°16′བར་ཆགས་ཡོད་ཅིང་། ཤར་ཕྱོགས་དབྱིན་ཧྲན་དང་། ལྷོ་ཕྱོགས་ཞི་ཧྲུའེ། ནུབ་ཕྱོགས་ཐོན་ཧྥེང་དང་མ་ཁྲེང་། བྱང་ཕྱོགས་ཨན་ཧུའེ་ཞིང་ཆེན་ཅིན་ཀྲའེ་རྫོང་བཅས་དང་ས་མཚམས་འབྲེལ་ཡོད།

3_2 ས་དབྱིབས།     

ལུའོ་ཐེན་རྫོང་གི་ས་ཁོངས་ནང་རི་བོ་མང་པོ་ཡོད་པ་དང་། ས་བབ་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་གསེག་ཡོད། བྱང་ཤར་ཟུར་གྱི་རི་བོ་ཏ་པེ་ཧྲན་གྱི་རི་བོ་གཙོ་བོ་ཐན་ཐང་ཀྲའེ་ཡི་ས་བབ་མཐོ་ཚད་སྨི1729ཡོད་པ་དེ་ནི་ས་ཁོངས་ནང་གི་ས་བབ་མཐོ་ཤོས་ཡིན་པ་དང་། སན་ལི་ཡན་གྲོང་རྡལ་ཤིན་ཆའོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི46ཡོད་ལ་དེ་ནི་ས་ཁོངས་ནང་གི་ཆེས་དམའ་ཤོས་ཡིན། ལྷོ་བྱང་དང་བསྡུར་ན་མཐོ་ཚད་ཧེ་བག་སྨི1683ཡོད་པ་རེད། རྫོང་ཁོངས་ཀྱི་བྱང་རྒྱུད་ནི་རི་ཚོགས་ཀྱིས་བསྐོར་ཡོད་པ་དང་། རི་བོ་རིམ་རྩེག་མང་བ། སྨི་སྟོང་ཡན་གྱི་རི་མཐོ7ཡོད་པ་དང་། རི་རྒྱུད་གཞན་དག་ཚང་མ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི300ཡན་ཡོད། དབུས་རྒྱུད་ས་བབ་རིམ་བཞིན་ཇེ་ཡངས་ཡིན་པ་དང་། དེའུ་འབུར་རྒྱ་ཆེན་པོར་ཁྱབ་ཡོད། མང་ཆེ་བ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི200མན་གྱི་རླབས་དབྱིབས་ཀྱི་འབུར་གཟུགས་ཟླུམ་པོ་ཡིན། རྫོང་ཡོངས་ཀྱི་རི་རྒྱུད་ནི་ཐེན་ཐང་ཀྲའེ་གཙོ་བྱས་ཤིང་། ཡན་ལག4རུ་བགོས་ནས་ལྷོ་ནུབ་ཕྱོགས་སུ་བསྲིངས་ཡོད་པ་ཡིན།

3_3 ནམ་ཟླ།     

ལུའོ་ཐེན་རྫོང་ནི་ཚ་ཁུལ་བྱང་མའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། དགུན་དུས་སྐམ་ཤས་ཆེ་བ་དང་། དབྱར་དུས་བརླན་གཤེར་ཆེ་བ། དཔྱིད་དྲོ་ཞིང་སྟོན་བསིལ་བ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2047ཡིན་པ་རེད། རྫོང་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད16.4℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.6℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི14.6℃ཡིན། སད་མེད་དུས་ཡུན་ཆ་སྙོམས་ཉིན240ཡིན། རྫོང་དེ་ཡོངས་སུ་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1330ཡིན་པ་དང་། ལོ་ཧྲིལ་པོར་ཆར་པ་བབས་ཚད་མང་ཆེ་བ་ཟླ་བ5དང་། 6པ། 7པ་བཅས་ཟླ་གསུམ་ནང་གཅིག་སྡུད་བྱས་པ་དེས་ལོ་ཧྲིལ་པོའི་ཆར་པ་འབབ་ཚད་ཀྱི50%ཙམ་བཟུང་ཡོད།

4 མི་གྲངས།     

སྤྱི་ལོ2018ལོའི་བར་ལུའོ་ཐེན་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི20.93ཡོད་པ་དང་། ཐེམ་ཐོ་ཡོད་པའི་མི་འབོར་ཁྲི59.76ཡོད། རྒྱུན་སྡོད་མི་འབོར་ཁྲི55.27(རྫོང་དེ་གར་ལོ་ཕྱེད་ཡན་སྡོད་པའི་མི་འབོར)ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི24.32དང་གྲོང་གསེབ་ཀྱི་མི་འབོར་ཁྲི30.95ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད44.01%ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར6830ཡོད་པ་དང་སྐྱེས་ཚད་སྟོང་ཆའི11.5ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར3711དང་ཤི་ཚད་སྟོང་ཆའི6.2ཡིན།

5 དཔལ་འབྱོར།

སྤྱི་ལོ2018ལོར་ལུའོ་ཐེན་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར138.23ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར25.56ཡོད་པ་དང་ལོ་གོང་མ་ལས3.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར50.36ཡོད་པ་དང་ལོ་གོང་མ་ལས6.5%འཕར། ཐོན་ལས་གཉིས་པའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར38.11ཡིན་པ་དང་ལོ་གོང་མ་ལས7.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར62.31ཡིན་པ་དང་ལོ་གོང་མ་ལས8.0%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2017ལོའི19.8:37.8:42.4ནས18.5:36.4:45.1བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་། སྦྲག་སྲིད་ལས་རིགས། སྡེབ་ཚོང་དང་སིལ་ཚོང་ལས་རིགས། ཞག་སྡོད་དང་བཟའ་བཏུང་ལས་རིགས། དངུལ་རྩའི་ལས་རིགས། ས་ཁང་ཐོན་ལས། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ8.4%དང་། 8.7% 11.2% 9.3% 6.6% 11.1% 5.7%བཅས་སོ་སོར་འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའོ་ཐེན་རྫོང་གི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ80ཡོད་པ་རེད། དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ1དང་། སློབ་འབྲིང་དཀྱུས་མ25 སློབ་ཆུང53 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་བསྡོམས་འབོར56143ཡོད་པའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ3512དང་། སློབ་འབྲིང་དཀྱུས་མའི་སློབ་མ19445 སློབ་ཆུང་སློབ་མ33061 དམིགས་བསལ་སློབ་གསོའི་སློབ་གྲྭ125བཅས་ཡོད། ཆེད་བསྐོས་དགེ་རྒན་མི་གྲངས3773ཡོད་པའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭའི་མི་གྲངས191དང་། སློབ་འབྲིང་དཀྱུས་མའི་མི་གྲངས1712 སློབ་ཆུང་གི་མི་གྲངས1840 དམིགས་བསལ་སློབ་གསོའི་སློབ་གྲྭ་མི་གྲངས30བཅས་ཡོད། བུ་བཅོལ་ཁང75དང་བུ་བཅོལ་ཁང་དུ་བྱིས་པ16835ཡོད་པ་རེད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་ཚད། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་བཅས་ཚང་མ100%ཟིན་ཡོད། མཐོ་རྒྱུགས་ལ་ཞུགས་མཁན་མི2701ཡོད།

6_2 རིག་གནས་ལས་དོན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའོ་ཐེན་རྫོང་དུ་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ343དང་། རིག་གནས་ཁང2 སྤྱི་པའི་དཔེ་མཛོད་ཁང2 རྟེན་རྫས་བཤམས་མཛོད་ཁང1 ཉར་ཚགས་བྱས་པའི་དཔེ་དེབ་ཁྲི23བཅས་ཡོད་པ་རེད། རིག་རྩལ་འཁྲབ་སྟོན་ཐེངས300ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཁྲབ་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི30ཡོད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས1དང་། བརྙན་འཕྲིན་ཁང1 གློག་བརྙན་སྟོན་མཁན་སྡེ་ཚན2 སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་ཁྱིམ་དུད་ཁྲི9.97བཅས་ཡོད། རླུང་འཕྲིན་ཁྱབ་ཚད99.56%ཟིན་པ་དང་བརྙན་འཕྲིན་ཁྱབ་ཚད99.26%ཟིན་ནས་ཁྱོན་རླུང་འཕྲིན་ལེ་ཚན་ཆུ་ཚོད1798དང་བརྙན་འཕྲིན་ལེ་ཚན་ཆུ་ཚོད376ཡོད། རྒྱང་བསྒྲགས་ལེ་ཚན་ཆུ་ཚོད3792དང་བརྙན་འཕྲིན་ལེ་ཚན་ཆུ་ཚོད3250སྟོན་པ་རེད། གློག་བརྙན་ཐེངས5036བསྟན་པ་དང་གློག་བརྙན་ལྟ་མཁན་མི་ཐེངས་ཁྲི35ཡོད།

6_3 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའོ་ཐེན་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི24ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང2དང་། ཤང་གྲོང་འཕྲོད་བསྟེན་ཁང17 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1 བསམ་པའི་འཕྲོད་བསྟེན་ལྟེ་གནས1 སྒྲིག་གཞི་གཞན་དག2བཅས་ཡོད་པ་རེད། འཕྲོད་བསྟེན་ལས་དོན་མི་སྣ(སྨན་ཁང་དང་འཕྲོད་བསྟེན་ཁང་སོགས་ཚུད་པ)3028ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ1106དང་། ཐོ་འགོད་བྱས་པའི་སྨན་གཡོག978 འཕྲོད་བསྟེན་རིམས་འགོག་མི་སྣ215བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི3353ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲི1410དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི1371ཡོད་པ་རེད།

6_4 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའོ་ཐེན་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི4.27ཡོད་པ་དེ་ལོ་གོང་མ་ལས་མི2338མང་དུ་ཕྱིན་པའི་ནང་ལས་ཐོག་ལས་བཟོ་པ་ཁྲི3.02དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་ཁྲི1.25ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི29.5ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི3.3ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི48.27ཡིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི2.4ཡོད་པ་དང་། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི1.72ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི1.74ཡོད་པ་དང་ལོ་ཧྲིལ་པོར་སྤྱི་ཚོགས་འགན་བཅོལ་དངུལ་སྒོར་དུང་ཕྱུར11.19དངོས་སུ་སྤྲད་པའི་ནང་གཞི་རྩའི་རྒན་གསོའི་འགན་བཅོལ་སྒོར་དུང་ཕྱུར6.33དང་། སྨན་བཅོས་འགན་བཅོལ་སྒོར་དུང་ཕྱུར4.7 ལས་ཤོར་འགན་བཅོལ་སྒོར་ཁྲི245.15 བུད་མེད་ལས་བཟོ་པའི་བུ་བཙའི་འགན་བཅོལ་སྒོར་ཁྲི463.26 ལས་རྨས་འགན་བཅོལ་སྒོར་ཁྲི468.68བཅས་ཚུད་ཡོད་པ་རེད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཁྲི0.33དང་། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཁྲི1.73 རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་དང་ཁ་གསབ་བྱ་ཡུལ་སྣ་ཚོགས་མི་ཁྲི0.52བཅས་ཡོད་པ་རེད། སྤྱི་ཚོགས་ཕན་བདེའི་གསོ་ཉར་ཚན་པ14དང་། རྫོང་ཡོངས་ཀྱི་སྤྱི་ཚོགས་ཕན་བདེ་སྣ་ཚོགས་ཀྱི་གསོ་ཉར་ཉལ་ཁྲི3305 གྲོང་ཁྱེར་དང་གྲོང་རྡལ་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཁྱོན25བཅས་ཡོད་པ་རེད། ཕན་བདེའི་རྒྱན་ཤོག་ཕྱིར་ཚོང་ས་ཚིགས32བཙུགས་ནས་ལོ་ཧྲིལ་པོར་སྤྱི་ཚོགས་ཕན་བདེའི་རྒྱན་ཤོག་སྒོར་ཁྲི2780བཙོངས་པ་རེད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ9པར་ལུའོ་ཐེན་རྫོང་ལ་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས“ཁྲང་ཨན་བུམ་པ”ཐོབ་པ་མ་ཟད། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱིས“སྤྱི་ལོ2013ལོ་ནས་སྤྱི་ལོ2016ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དུས་བདེའི་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང”གི་མཚན་སྙན་ཡང་སྤྲད་པ་རེད།

སྤྱི་ལོ2017ལོའི་ཟླ10པར་ལུའོ་ཐེན་རྫོང་ལ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་མིང་བཏགས་ཡོད།

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་ལུའོ་ཐེན་རྫོང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཧུའུ་པའེ། ས་ཁོངས།