སུའེ་ཀྲུང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ལིའོ་ཉིང་ནུབ་རྒྱུད་དོག་ལམ་གྱི་ནུབ་ཕྱོགས་ཀྱི་མཐའ་སྣེ་རུ་གནས་ཡོད། ཤར་ངོས་ཤིན་ཁྲེང་དང་ཉེ་ལ། ནུབ་ངོས་ཧྲན་ཧའེ་འགག་སྒོ་དང་འབྲེལ་ཡོད། ལྷོ་ངོས་པོ་ཧའེ་རྒྱ་མཚོ་དང་འབྲེལ་ཡོད་ལ། བྱང་ངོས་ཀུའུ་ཡན་ཧྲན་རི་བོ་སྔས་ནས་གནས་ཡོད། ཤར་ངོས་ཀྱི་ཡན་ལག་ཆུ་བོ་དྲུག་དང་ཞིང་ཁྲེང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ངོས་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་གྱི་མཚོ་ཁུལ་དང་། ཧྲན་ཀོན་འགག་ཁུལ། ཆིང་ལུང་མན་རིགས་རང་སྐྱོང་རྫོང་བཅས་དང་འབྲེལ་ཡོད། བྱང་ངོས་ཅན་ཁྲང་རྫོང་དང་འབྲེལ་ཡོད་ལ། ཤར་གྱི་གཞུང་ཐིག119°34’-120°3l’བར་དང་། བྱང་གི་འཕྲེད་ཐིག39°59’-40°37’ཡི་བར་དུ་གནས་ཡོད། རྫོང་མི་དམངས་སྲིད་གཞུང་ནི་སུའེ་ཀྲུང་གྲོང་རྡལ་དུ་གནས་ཡོད། རྒྱལ་ས་པེ་ཅིང་དང་ལིའོ་ཉིང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧྲེན་དབྱང་དང་བར་ཐག་སྤྱི་ལེ350ཙམ་ཡོད། ཀྲུང་གོའི་འཕུར་སྐྱོད་པ་དང་པོ་དབྱང་ལི་ཝུའེ་ནི་སུའེ་ཡོན་ནས་སྐྱེས་པ་ཡིན། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2764ཡོད་པ་དང་། མི་གྲངས་བསྡོམས་འབོར་ཁྲི63ཡོད། ཁོངས་སུ་ཤང11དང་གྲོང་རྡལ14ཡོད་ལ། རྒྱ་རིགས་དང་། མན་ཇུ། ཧུའེ་རིགས། སོག་རིགས་སོགས་མི་རིགས16ཡོད། རྫོང་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར147.8མངོན་འགྱུར་བྱུང་ཡོད།
སྤྱི་ལོ2018ལོའི་ཟླ10ཚེས22ཉིན་སུའེ་ཀྲུང་རྫོང་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོའི་ནང་ཚུད་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་པར་གྱུར་ཡོད།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34པ་སྤྱི་ལོ1945ལོར“བརྒྱད་པའི་བཅོ་ལྔའི” ཉིན་བྱང་ཤར་ཚུར་བླངས་པ་དང་། པ་ལུའུ་ཅུན་གྱིས་སུའེ་ཀྲུང་ཚུར་བླངས་ཤིང་། ཟླ9ཚེས10ཉིན་སུའེ་ཀྲུང་རྫོང་སྲིད་གཞུང་བཙུགས་ཤིང་། ཅི་རེ་ལིའོ་གསུམ་གྱི་འབྲེལ་མཚམས་ས་ཁུལ་རེ་ཏུང་ཀྲོན་ཧྲུའུ་བཅོ་བརྒྱད་པའི་ཁོངས་སུ་གཏོགས། ཟླ11པའི་ཚེས18ཉིན། གོ་མིན་ཏང་གི་དམག་དཔུང་གིས་སུའེ་ཀྲུང་བཟུང་ནས་རྫོང་སྲིད་གཞུང་བཙུགས་ཏེ་ལིའོ་ཉིང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།
བཅིངས་འགྲོལ་གྱི་དུས་འགོར། སུའེ་ཀྲུང་རྫོང་ནི་ལིའོ་ཞི་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།
སྤྱི་ལོ1954ལོར་སུའེ་ཀྲུང་རྫོང་མི་དམངས་སྲིད་གཞུང་དེ་སུའེ་ཀྲུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར་ཞིང་། ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ1956ལོའི་ཟླ11པར་ཅིན་ཀྲོའུ་ས་ཁུལ་དུ་བསྒྱུར།
སྤྱི་ལོ1959ལོའི་ཟླ1པོར་ཡང་བསྐྱར་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ1965ལོར་ཡང་ཅིན་ཀྲོའུ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།
སྤྱི་ལོ1968ལོའི་ཟླ་4བའི་ཚེས22ལ། སུའེ་ཀྲུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ། སུའེ་ཀྲུང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།
སྤྱི་ལོ1980ལོའི་ཟླ6པར། སུའེ་ཀྲུང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ། སུའེ་ཀྲུང་རྫོང་མི་དམངས་སྲིད་གཞུང་བསྐྱར་འཛུགས་བྱས་ཤིང་། སྔར་བཞིན་ཅིན་ཀྲོའུ་རུ་གཏོགས།
སྤྱི་ལོ1989ལོའི་ཟླ6པའི་ཚེས12ཉིན། སུའེ་ཀྲུང་རྫོང་ལིའོ་ཉིང་ཞིང་ཆེན་ཅིན་ཞི་གྲོང་ཁྱེར་དུ་བསྒྱུར།
སྤྱི་ལོ1994ལོའི་ཟླ9ཚེས20ཉིན། ཅིན་ཞི་གྲོང་ཁྱེར་ལ་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཞེས་པར་མིང་བསྒྱུར། སུའེ་ཀྲུང་རྫོང་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ2010ལོའི་ཟླ12ཚེས10ཉིན་སུའེ་ཀྲུང་རྫོང་ལིའོ་ཉིང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྫོང་ལམ་ལུགས་ཀྱི་ཚོད་ལྟའི་རྫོང་དང་པོར་གྱུར་ཡོད།
སུའེ་ཀྲུང་རྫོང་ཁོངས་སུ་གྲོང་རྡལ14དང་། ཤང5མི་རིགས་ཤང6བཅས་ཡོད། གྲོང་རྡལ14ནི་སུའེ་ཀྲུང་གྲོང་རྡལ་དང་། ཁོན་པང་གྲོང་རྡལ། ཏཱ་ཝང་མིའོ་གྲོང་རྡལ། ཝན་ཅཱ་གྲོང་རྡལ། ཆན་སུའེ་གྲོང་རྡལ། ཀའོ་ལིན་གྲོང་རྡལ། ཆན་ཝེ་གྲོང་རྡལ། ཧོང་ཏི་གྲོང་རྡལ། ཐཱ་ཧྲན་ཐུན་གྲོང་རྡལ། ཀའོ་ཐའེ་གྲོང་རྡལ། ཝང་པའོ་གྲོང་རྡལ། ཧྲ་ཧུ་གྲོང་རྡལ། ཞའོ་ཀྲོང་ཙི་གྲོང་རྡལ། ཞི་ཏན་ཙི་གྲོང་རྡལ་བཅས་ཡིན། མི་རིགས་ཤང6ནི་ཞི་ཕིན་ཕོ་ཡི་མན་ཇུ་རིགས་ཤང་། ཀོ་ཅཱ་མན་ཇུ་རིགས་ཤང་། ཀའོ་ཏན་ཙི་མན་ཇུ་རིགས་ཤང་། ཧྥན་ཅཱ་མན་ཇུ་རིགས་ཤང་། མིན་ཧྲུའེ་མན་ཇུ་རིགས་ཤང་བཅས་དང་། ཤང4ནི་ཆིའུ་ཙི་ཤང་། ཅཱ་ལིན་ཤང་། ཡུང་ཨན་པའོ་ཤང་། ལི་ཅཱ་ཤང་བཅས་ཡིན།
སུའེ་ཀྲུང་ནི་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་གྱི་གཙོ་གནད་གྲོང་ཁྱེར་ཞིག་ཡིན་པ་དང་ལིའོ་ཉིང་ཞིང་ཆེན་གྱི་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་གསར་སྤེལ་འཐབ་ཇུས་ཀྱི་འགོ་འཛུགས་ས་དང་པོའི་གྲོང་ཁྱེར་ཞིག་ཡིན། ལིའོ་ཉིང་མཚོ་རྒྱུད་དཔལ་འབྱོར་རྒྱུད་ཀྱི་གཙོ་གནད་རྒྱབ་སྐྱོར་ས་ཁོངས་སུ་ཚུད་ཡོད། སུའེ་ཀྲུང་རྫོང་ནི་ཀོན་ཕྱི་ནང་གི་འགག་རྩར་དུ་གནས་ཡོད་པ་དང་། ཅིན་ཧ་གཞུང་ལམ་དང་། ཧྲེན་ཧྲན་ལྕགས་ལམ། ཆིན་ཧྲེན་ལྕགས་ལམ་བཅས་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་དེ་མངའ་ཁོངས་ཡོངས་ཀྱི་ནུབ་ཤར་དང་འབྲེལ་ཡོད། སུའེ་ཙའེ་ཁེ་གཞུང་ལམ་རྫོང་ཁོངས་ཀྱི་བྱང་ཤར་བརྒྱུད་དེ་ཤིན་ཁྲེང་དང་། ཅན་ཁྲང་། ཧོ་པེ་ཞིང་ཆེན་བཅས་སུ་བསྐྱོད་ཡོད། གཞན་ཡང་། རྫོང་དང་ཤང་གི་གཞུང་ལམ་གྱིས་རྫོང་ནང་ཁུལ་གྱི་ཤང་དང་གྲོང་རྡལ་སྦྲེལ་མཐུད་བྱས་ནས་སུའེ་ཀྲུང་རྫོང་གི་མཚོ་ཐོག་ཟོག་འདྲེན་དང་དཔལ་འབྱོར་དར་རྒྱས་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་ཡོད།
སུའེ་ཀྲུང་ས་ཁུལ་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། དེའི་ཁྱད་ཆོས་གཙོ་བོ་ནི། དུས་བཞིར་གསལ་བ་དང་། ཆར་ཆུ་མོད་ལ་ཚ་བ་ཆེ་། ཆར་ཆུ་གཅིག་སྡུད་ཡིན། ཉི་འོད་ཕོག་ཚད་མང་། དུས་རླུང་མངོན་གསལ་ཡིན་པ་བཅས་ཡིན། དཔྱིད་དུས་མཁའ་དབུགས་གྲང་མོའི་ནང་དུ་འཛུལ་མོད། འོན་ཀྱང་དྲག་ཚད་ཞན་པ་དང་དྲོད་སླེབས་པ་ཅུང་མགྱོགས། དབྱར་དུས་ལྷོ་ནུབ་ཀྱི་དུས་རླུང་དར་ཁྱབ་ཆེ་བ་དང་། ཆར་ཆུ་མོད། དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ། ཐོག་དང་སེར་བ་མང་། གནམ་གཤིས་ཀྱི་བཞའ་ཚན་ཆེ། སྟོན་དུས་བྱང་རླུང་ལྡང་འགོ་ཚུགས་ནས་ཆར་པ་འབབ་ཚད་ཉུང་དུ་ཕྱིན་པ་དང་དྲོད་ཚད་མྱུར་དུ་མར་ཆག་འགྲོ། དགུན་དུས་བྱང་གི་དུས་རླུང་གི་སྟོབས་ཤུགས་ཧ་ཅང་ཆེ་བས། གནམ་གཤིས་གྲང་ལ། ས་གཞི་འཁྱགས།
རྒྱ་རིགས་ནི་རྫོང་གི་ཡུལ་སྐྱེས་མི་རིགས་ཡིན་པ་དང་། མི་འབོར་མང་ཤོས་ཡིན། མིན་དང་མན་ཇུ་རྒྱལ་རབས་ཀྱི་དུས་སྐབས་སུ་ཡང་ཧྲན་ཏུང་སོགས་ཀྱི་ས་ནས་ཁག་ཅིག་ཚུར་གནས་སྤོས་པ་དང་། མིང་རྒྱལ་རབས་ནས་གནས་སྤོ་བྱས་པའི་རྒྱ་རིགས་མང་ཆེ་བ་ནི་དམག་ཁོངས་ཀྱི་ཁྱིམ་ཚང་ཡིན་ཞིང་། ཁོ་ཚོས་ཧྲན་ཧའེ་ཀོན་ནང་ལོགས་ནས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ཁྱེར་འོངས་ཏེ་ས་ཞིང་གསར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་བཏང་། ཆིན་རྒྱལ་རབས་ཀྱི་ཏིང་ཏང་ཀྲུང་ཡོན་གྱི་རྗེས་སུ། ཧྲུན་ཀྲི་ཁྲི་ལོ་དྲུག་པ་སྤྱི་ལོ1649ལོར་མངའ་ཁོངས་སུ་རྒྱ་མི་བསྡུས་ནས་ཧྲན་ཧའེ་ཀོན་གྱི་ཕྱི་ལོགས་སུ་གསར་སྦོལ་བྱས། སུའེ་ཀྲུང་ཀོན་ནང་ལོགས་ས་ཁུལ་དང་ས་མཚམས་འབྲེལ་ནས་གནས་སྤོས་ཡོང་བའི་རྒྱ་རིགས་རྣམས་དང་ཐོག་ས་ཆ་དེ་གར་གཞིས་ཆགས་པ་དང་། སྤྱི་ལོ1984ལོའི་ལོ་མཇུག་ཏུ། སུའེ་ཀྲུང་རྫོང་དུ་རྒྱ་རིགས་མི་གྲངས363852ཡོད་པ་དང་། སུའེ་ཀྲུང་རྫོང་གི་མི་གྲངས་བསྡོམས་འབོར་གྱི67%ཟིན་ཡོད། སྤྱི་ལོ1984ལོར་སུའེ་ཀྲུང་རྫོང་གི་མན་ཇུ་རིགས་ཀྱི་མི་གྲངས171161ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི32%ཟིན་ཡོད། སྤྱི་ལོ1984ལོར་སུའེ་ཀྲུང་རྫོང་གི་ཧུའེ་རིགས་མི་གྲངས4812ཡོད་པ་དེས་སྤྱིའི་མི་འབོར་གྱི0.9%ཟིན་ཡོད། སྤྱི་ལོ1984ལོར་སུའེ་ཀྲུང་རྫོང་གི་སོག་རིགས་མི་འབོར2313ཡོད་པ་དེས་སྤྱིའི་མི་འབོར་གྱི0.4%བཟུང་ཡོད། སྤྱི་ལོ1984ལོར་སུའེ་ཀྲུང་རྫོང་དུ་ཁྲའོ་ཞན་རིགས་ཀྱི་སྡོད་དམངས102ཡོད་པ་དང་། ཀྲུང་གོའི་ཐེམ་ཐོ་ཡིན་པའི་རི་པིན་གྱི་མི4ཡོད། གཞན་ཡང་སུའེ་ཀྲུང་རྫོང་དུ་ཡུན་རིང་སྡོད་པའི་གྲངས་ཉུང་མི་རིགས་ལ་ད་དུང་ཀྲོང་རིགས་དང་། ཡུ་གུར་རིགས། དབྱིས་རིགས། མིའོ་རིགས། ཞི་པོ་རིགས་བཅས་བསྡོམས་པས་མི40ལྷག་ཡོད།
སུའེ་ཀྲུང་རྫོང་དུ་རྫོང་བཙུགས་པ་ནས་བཟུང་དུས་སྐབས་སོ་སོའི་མི་གྲངས་ཚང་མ་བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ལོ1908ལོར་སུའེ་ཀྲུང་རྫོང་དུ་སྡོད་དམངས27511ཡོད་པ་དང་། མི་གྲངས118869ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པ་སྤྱི་ལོ1929ལོར་སྡོད་དམངས་དུད་ཚང31179ཡོད་པ་དང་། མི་གྲངས209431ཡོད། དེའི་ནང་སྐྱེས་པ111029དང་བུད་མེད98402ཡོད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ(མན་ཀྲོའུ་རྫུས་མ་ཁང་ཏེ་ལོ3དང་སྤྱི་ལོ1936ལོར)རུ་སྡོད་དམངས་དུད་ཚང49683དང་མི་གྲངས284227དང་། སྐྱེས་པ151850བུད་མེད132377བཅས་ཡོད། མིན་གོའི་སྲིད་ལོ་སོ་ལྔ་པ་སྤྱི་ལོ1946ལོར་སྡོད་དམངས་དུད་ཚང43664ཡོད་པ་དང་། མི་གྲངས253713ཡོད་། སྐྱེས་པ129562ཡོད་པ། བུད་མེད124151ཡོད། སྤྱི་ལོ1949ལོར་སུའེ་ཀྲུང་རྫོང་གི་མི་འབོར་བསྡོམས་འབོར333919ཟིན་པ་དང་། སྤྱི་ལོ1964ལོར་མི་འབོར་ཡོངས་བཤེར་ཐེངས་གཉིས་པ་བྱེད་སྐབས་སུའེ་ཀྲུང་རྫོང་གི་མི་འབོར406841ཡོད། སྤྱི་ལོ1982ལོར་མི་འབོར་ཡོངས་བཤེར་ཐེངས་གསུམ་པ་བྱེད་སྐབས་སུའེ་ཀྲུང་རྫོང་གི་མི་འབོར542284སླེབས་ཡོད།
སྤྱི་ལོ2009ལོའི་ལོ་མཇུག་ཏུ་སུའེ་ཀྲུང་རྫོང་གི་ཁྱིམ་དུད་བསྡོམས་འབོར216637དང་མི་འབོར་བསྡོམས་འབོར644768ཟིན་པ་དེ་ལོ་གོང་མ་ལས5.5%འཕར་བའི་ནང་ཞིང་ལས་མིན་པའི་མི་འབོར118745ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི18.4%བཟུང་བ་དང་། ཞིང་ལས་མི་འབོར526023ཡོད་པ་དེས་སྤྱིའི་མི་འབོར་གྱི81.6%བཟུང་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད6.83%ཟིན་པ་དང་། མི་འབོར་ཤི་ཚད6.26%ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད1.64%ཟིན་ཡོད་པ་དང་། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད91.51%བཅས་ཟིན་ཡོད།
སྤྱི་ལོ2010ལོའི་ལོ་མཇུག་ཏུ་སུའེ་ཀྲུང་རྫོང་དུ་ཁྱིམ་དུད་བསྡོམས་འབོར217236ཡོད་པ་དང་། མི་གྲངས་བསྡོམས་འབོར636514ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི12.8ཉུང་དུ་ཡོད་པའི་ནང་ཞིང་ལས་མིན་པའི་མི་གྲངས119649ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི18.8ཟིན་ཡོད། ཞིང་ལས་མི་འབོར516865ཡོད་པ་དེས་སྤྱིའི་མི་འབོར་གྱི81.2%བཟུང་ཡོད།
སུའེ་ཀྲུང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས85(ལོ་ནང་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000ཡན་ཟིན་ཡོད)ཡོད་པ་དང་། རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར150.22དང་ལས་ཞུགས་མི་སྣ7365ཡོད། གཞི་ཁྱོན་ཡན་གྱི་ཁེ་ལས85ཡི་ནང་མཚོ་འགྲམ་དཔལ་འབྱོར་ཁུལ་གྱི་དུད་ཚང37དང་ཤང་གྲོང25ཡི་དུད་ཚང47དང་སུའེ་ཀྲུང་གློག་གཏོང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཡོད། ཁེ་ལས85ཡི་ཐོ་འགོད་རིགས་ལས་གྲུབ་པ་སྟེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས1དང་། ཐུན་མོང་ཁེ་ལས2ཀྲུང་ཕྱིའི་མ་རྩ་མཉམ་བཞག་གིས་གཉེར་བའི་ཁེ་ལས1སྒེར་གཉེར་མ་རྩ་ཁེར་འཇོག་ཁེ་ལས10སྒེར་གཉེར་མཉམ་གཉེར་ཁེ་ལས1སྒེར་གཉེར་ཚད་ཡོད་འགན་འཁྲི་ཀུང་སི63སྒེར་གཉེར་མ་རྐང་ཚད་ཡོད་ཀུང་སི1འགན་འཁྲི་ཚད་ཡོད་ཀུང་སི་གཞན་དག6བཅས་ཡོད། སུའེ་ཀྲུང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་མ་ལག་ཁྲོད་ལས་རིགས་ཆེ་གྲས3(གཏེར་འདོན་ལས་རིགས་དང་། བཟོ་སྐྲུན་ལས་རིགས། གློག་ཤུགས་སོལ་རླངས། ཆུ་བཅས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས)དང་། ལས་རིགས་ཆེ་གྲས24དང་། ལས་རིགས་འབྲིང་གྲས51ལས་རིགས་ཆུང་གྲས60བཅས་ཡོད། རིགས་ཆེན་པོ3ནང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས80ཡོད་པ་དེས་ཁེ་ལས་བསྡོམས་འབོར་གྱི94%བཟུང་བ་དང་། གཏེར་འདོན་ལས་རིགས4ཡོད། གློག་ཤུགས་ཐོན་སྐྱེད་ཁེ་ལས1(སུའེ་ཀྲུང་གློག་འདོན་ཚད་ཡོད་ཀུང་སི)བཅས་ཡོད།