ལིན་དབྱི་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 08:47ལ་འགྲུབ།

ལིན་དབྱི་རྫོང་།

ལིན་དབྱི་རྫོང་།
ལིན་དབྱི་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཤར་ངོས་ཅི་ནན་གྲོང་ཁྱེར་གྱི་ཧྲང་ཧོ་རྫོང་དང་། ནུབ་ངོས་ཡུས་ཁྲེང་གྲོང་ཁྱེར་དང་། ཕིན་ཡོན་རྫོང་། ལིན་རྫོང་བཅས་དང་འབྲེལ་ཡོད། ལྷོ་ངོས་སུ་ཐུའུ་ཧའོ་ཆུ་བོའི་ཆོད་དེ་ཆི་ཧོ་རྫོང་དང་ཁ་སྤྲོད་དུ་གནས། བྱང་ཕྱོགས་སུ་མཱ་ཕེ་ཆུ་བོའི་ལེ་ལིང་གྲོང་ཁྱེར་དང་ས་མཚམས་བྱས་ཡོད། ནུབ་ཏུ་ཏེ་ཀྲོའུ་དང་བར་ཐག་སྤྱི་ལེ50ཡོད་པ་དང་། ལྷོ་རུ་ཅི་ནན་དང་བར་ཐག་སྤྱི་ལེ60ཡོད། བྱང་དུ་པེ་ཅིང་དང་བར་ཐག་སྤྱི་ལེ300དང་ཐེན་ཅིན་དང་བར་ཐག་སྤྱི་ལེ200ཡོད། ཤར་དུ་པིན་ཀྲོའུ་གྲུ་ཁ་དང་བར་ཐག་སྤྱི་ལེ100ཡོད་པ་དང་། ཆིང་ཏའོ་གྲུ་ཁར་སྤྱི་ལེ300ཡོད། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་། རྨ་ཆུའི་ཟུར་གསུམ་གླིང་། “ཅིན་ཅིའུ”དཔལ་འབྱོར་གསར་སྤེལ་ས་རྒྱུད་བཅས་སུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临邑县
ཕྱི་ཡིག་གི་མིང་།
Linyi
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ3དང་གྲོང་རྡལ8ཡུལ་ཚོ1ཡོད།
སྲིད་གཞུང་གནས་ཡུལ།
ཤིང་ཐུང་ཁྲོམ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
251500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1016(སྤྱི་ལོ2012ལོར)
མི་གྲངས།
མི་ཁྲི53.28(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
མཛེས་ལྗོངས་གྲགས་ཅན།
ཧུང་ཐན་དགོན་པའི་ནགས་ཚལ་སྤྱི་གླིང་། ཤིང་ཐུང་སྤྱི་གླིང་། དུས་རབས་གསར་པའི་ཐང་ཆེན། ལུང་ཆོན་དགོན། ཝང་ཝེ་མིའི་དྲན་གསོ་ཁང་།
སྲིད་འཛིན་ཚབ་ཨང་།
371424
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར284.3(སྤྱི་ལོ2017ལོར)
མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར55392(སྤྱི་ལོ2017ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་དུས་སྐབས་སུ་མི་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྲན་ཏུང་ཞིང་ཆེན་ཏའོ4རུ་བགོས་ཡོད་པ་དང་། ལིན་དབྱི་ནི་ཤར་གྱི་ལིན་ཏའོ་རུ་གཏོགས། མིན་གོའི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)ཏའོ་ལུགས་མེད་པར་བཟོས་ཏེ་ཞིང་ཆེན་ལ་ཐད་ཀར་གཏོགས་པ་ཡིན། མིན་གོའི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོར)ཧྲན་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀུང་ཧྲུའུ་ལྔ་པའི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་ཉེར་དྲུག་པའི(སྤྱི་ལོ1937ལོའི)ཟླ11པར་ལིན་དབྱི་གྲོང་ཁྱེར་འཇར་དམག་གིས་བཟུང་ཞིང་། མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོར)གྲོང་ཁྱེར་ནང་དུ་འཇར་དམག་དང་རྫུས་དམག་ལིན་དབྱི་རྫོང་གི་ཀུང་ཧྲུའུ་ཡི་ཁོངས་སུ་དམངས་ལ་ཕན་པའི་ཏའོ་ཞིག་བཙུགས་ཡོད། མིན་གོའི་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོར)པ་ལུའུ་ཅུན་གྱིས་ལིན་དབྱི་རྫོང་གི་མངའ་ཁོངས་སུ་འཇར་འགོག་འཐབ་རྩོད་བྱེད་པར་ཡོང་སྟེ་ལིན་དབྱི་རྫོང་དུ་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། དེ་ནི་ཅི་ལུའུ་འབྲེལ་མཚམས་ས་ཁུལ་གྱི་ས་ཁུལ་གཉིས་པར་གཏོགས་ཡོད། མིན་གོའི་སྲིད་ལོ་ཉེར་དགུ་པ(སྤྱི་ལོ1940ལོ)ནས་མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི་བར(སྤྱི་ལོ1944ལོའི་བར)འཇར་འགོག་དམག་འཁྲུག་གི་དུས་བབ་ཀྱི་དགོས་མཁོ་དང་བསྟུན་ཆེད་སྔ་རྗེས་སུ་རྫོང་ཁོངས་ཀྱི་ས་ཁུལ་མང་ཆེ་བ་ཕིན་ཡུས་དང་། ཆི་ལིན། ཅི་དབྱང་། ཁོང་ཝུའུ་བཅས་རྫོང་ཁག་སོ་སོར་བགོས་པ་དང་། རྫོང་མཁར་གྱི་བྱང་ཤར་ས་ཁུལ་ཆ་ཤས་ཤིག་ལིན་པེ་དོན་གཅོད་ཁང་གི་ཁོངས་སུ་གསར་དུ་བཅུག་ཅིང་། མིན་གོའི་སྲིད་ལོ་སུམ་ཅུ་སོ་གཉིས་རིང(སྤྱི་ལོ1943ལོའི)ཟླ5པར་ལིན་དབྱི་རྫོང་གི་ལམ་ལུགས་མེད་པར་བཟོས་པ་རེད། མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོའི)ཟླ8པར་པ་ལུའུ་ཅུན་གྱིས་ལིན་དབྱི་གྲོང་ཁྱེར་བཅིངས་འགྲོལ་བཏང་སྟེ་ལིན་དབྱི་རྫོང་གི་ལམ་ལུགས་སླར་གསོ་བྱས་པ་དང་། པོ་ཧའེ་སྲིད་འཛིན་ཁུལ་གྱི་ས་ཁུལ་གཉིས་པར་གཏོགས་པ་རེད། མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར(སྤྱི་ལོ1949ལོར)ཀྲོན་ཆུས་གཉིས་པ་དེ་ལུའོ་པེ་ཀྲོན་ཆུས་སུ་བསྒྱུར་པ་དང་། ལིན་དབྱི་རྫོང་ནི་ལུའོ་པེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛི་ཁུལ་དབྱེ།

སྤྱི་ལོ2012ལོར་ལིན་དབྱི་རྫོང་ཁོངས་དུ་ཁྲོམ་ལམ་གསུམ་ཡོད་པ་སྟེ། ཤིང་ཐུང་ཁྲོམ་ལམ་དང་། ཧེང་ཡོན་ཁྲོམ་ལམ། ལིན་ཕན་ཁྲོམ་ལམ་བཅས་དང་། གྲོང་རྡལ8དེ། ལིན་དབྱི་གྲོང་རྡལ་དང་། ལིན་ཕིང་གྲོང་རྡལ། ཏེ་ཕིང་གྲོང་རྡལ། ལིན་ཙེ་གྲོང་རྡལ། ཤིན་ལུང་གྲོང་རྡལ། མོང་སི་གྲོང་རྡལ། ཀྲའེ་ཅ་གྲོང་རྡལ། ལི་ཧོ་ཝུའུ་གྲོང་རྡལ་བཅས་དང་། ཡུལ་ཚོ1སྟེ། ཞིག་ཨན་ཡུལ་ཚོ། ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད་པ་རེད།

3 མི་གྲངས་དང་མི་རིགས།     
3_1 མི་གྲངས།     

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཐེམ་ཐོའི་དུད་ཚང་ཁྲི15.89ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི55.39ཡོད་ལ་ལོ་གོང་མ་ལས0.22%འཕར་བ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་པའི་མི་འབོར་ཁྲི20.82ཡོད་པ་དང་ལོ་གོང་མ་ལས0.4%འཕར་བ་དང་། བུད་མེད་མི་འབོར་ཁྲི27.29ཡོད་པ་དེས་སྤྱིའི་མི་འབོར་གྱི49.27%བཟུང་ཡོད། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱས་པ་དང་། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཆར་ལྡན་བུ་བཙའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར11107ཡོད་པ་དང་སྐྱེས་ཚད་ཀྱིས་སྟོང་ཆའི17.65%ཟིན། མི་གྲངས6323ཤི་བ་དང་། ཤི་ཚད་ཀྱིས་སྟོང་ཆའི1.82%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི12.04ཡིན་པ་དང་། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད106.7ཡིན། གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི53.27ལ་དཔྱད་དཔོག་བྱས་པ་བརྒྱུད་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི28.24ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་རྒྱུན་སྡོད་མི་འབོར་གྱི53.01%བཟུང་བ་དེ་སྤྱི་ལོ2016ལོ་ལས་བརྒྱ་ཆའི་གྲངས1.6མཐོ་རུ་ཕྱིན་ཡོད།   

3_2  མི་རིགས།

སྤྱི་ལོ2011ལོར་ལིན་དབྱི་རྫོང་དུ་རྒྱ་རིགས་ཕུད། ད་དུང་ཧུའེ་རིགས་དང་སོག་རིགས། པའེ་རིགས། ཀྲོང་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཡའོ་རིགས་སོགས་གྲངས་ཉུང་མི་རིགས24ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི1.23ཡོད།

4 ས་ཁམས་ཁོར་ཡུག     
4_1 གནས་ཡུལ།     

ལིན་དབྱི་རྫོང་ནི་ཤར་གྱི་གཞུང་ཐིག116°41′46″ནས117°03′16″བར་དང་། བྱང་གི་འཕྲེད་ཐིག36°59′45″ནས37°31′34″བར་དུ་གནས་ཡོད། ཤར་ངོས་ཅི་ནན་གྲོང་ཁྱེར་གྱི་ཧྲང་ཧོ་རྫོང་དང་། ནུབ་ངོས་ཡུས་ཁྲེང་གྲོང་ཁྱེར་དང་། ཕིན་ཡོན་རྫོང་། ལིན་རྫོང་བཅས་དང་འབྲེལ་ཡོད། ལྷོ་ངོས་སུ་ཐུའུ་ཧའོ་ཆུ་བོའི་ཆོད་དེ་ཆི་ཧོ་རྫོང་དང་ཁ་སྤྲོད་དུ་གནས། བྱང་ཕྱོགས་སུ་མཱ་ཕེ་ཆུ་བོའི་ལེ་ལིང་གྲོང་ཁྱེར་དང་ས་མཚམས་བྱས་ཡོད། ནུབ་ཏུ་ཏེ་ཀྲོའུ་དང་བར་ཐག་སྤྱི་ལེ50ཡོད་པ་དང་། ལྷོ་རུ་ཅི་ནན་དང་བར་ཐག་སྤྱི་ལེ60ཡོད། བྱང་དུ་པེ་ཅིང་དང་བར་ཐག་སྤྱི་ལེ300དང་ཐེན་ཅིན་དང་བར་ཐག་སྤྱི་ལེ200ཡོད། ཤར་དུ་པིན་ཀྲོའུ་གྲུ་ཁ་དང་བར་ཐག་སྤྱི་ལེ100ཡོད་པ་དང་། ཆིང་ཏའོ་གྲུ་ཁར་སྤྱི་ལེ300ཡོད། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་། རྨ་ཆུའི་ཟུར་གསུམ་གླིང་། “ཅིན་ཅིའུ”དཔལ་འབྱོར་གསར་སྤེལ་ས་རྒྱུད་བཅས་སུ་གནས་ཡོད། སྤྱི་ལོ2012ལོར་ལིན་དབྱི་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1016ཡོད།

4_2 ས་དབྱིབས།     

ལིན་དབྱི་རྫོང་གི་ས་ཆ་ནི་ཧོང་ཧྥན་བདེ་ཐང་གི་ཆ་ཤས་ཤིག་ཡིན། མངའ་ཁོངས་ཀྱི་ས་བབ་ཁོད་སྙོམས་པ་དང་། ས་བབ་ལྷོ་ངོས་མཐོ་ལ་བྱང་ངོས་དམའ་བ་ཡིན། ལྷོ་ནུབ་ནས་བྱང་ཤར་དུ་དལ་གྱིས་གསེག་པ་དང་། ལྷོ་ནུབ་ཀྱི་ས་བབ་མཐོ་ཤོས་ལ་སྨི20.5ཡོད། བྱང་རྒྱུད་ཀྱི་ས་བབ་དམའ་ཤོས་ལ་སྨི12.9ཡོད་པ་ཡིན། ཤར་ནུབ་ཀྱི་ས་བབ་མཐོ་ཤོས་ལ་ཧེ་བག་སྨི3ཡོད་པ་དང་། མངའ་ཁོངས་ནང་གི་ས་བབ་ཆགས་ཚུལ་ལ་དུས་ཡུན་རིང་པོའི་ནང་རྨ་ཆུས་བསྣུབས་བསགས་ཀྱི་ཤུགས་རྐྱེན་ཐེབས་ནས་ལྷོ་ནུབ་དང་བྱང་ཤར་ནས་ལྷོ་བྱང་ཕྱོགས་སུ་གོ་རིམ་ལྟར་མཐོ་བ་དང་། གཟར་བ། གཤོང་བཅས་དབར་གྱི་ས་དབྱིབས་ཆུང་གྲས་བརྒྱད་ཆགས་ཡོད།

4_3 ནམ་ཟླ།     

ལིན་དབྱི་རྫོང་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་བའི་ཁྱད་ཆོས་མངོན་གསལ་ལྡན། དཔྱིད་ཀར(ཟླ་3པ་ནས5པའི་བར)ཐན་པ་ཆེ་བ་དང་ཆར་ཆུ་ཉུང་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ། དབྱར་ཁར(ཟླ6ནས8པའི་བར)ཚ་བ་ཆེ་ཞིང་ཆར་ཆུ་མང་ལ། རློན་ཚད་ཆེ་བ། སྟོན་ཁར(ཟླ9པ་ནས་ཟླ11པའི་བར)ནམ་མཁའ་གཡའ་དྭགས་ཤིང་དྲོ་ཞིང་བསིལ་བ། དགུན་ཁར(ཟླ12པ་ནས་ཟླ2པའི་བར)དྲང་ངར་ཆེ་ཞིང་སྐམ་ཚད་ཆེ་བ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད12.6℃ཡིན། ཟླ་དང་པོའི་ཆ་སྙོམས་དྲོད་ཚད-3.2℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད-24.0℃ཡིན། ཟླ7པའི་ཆ་སྙོམས་དྲོད་ཚད26.6℃དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.5℃ཡིན།

4_4 དཔལ་འབྱོར།

སྤྱི་ལོ2017ལོར་ལིན་དབྱི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར284.3ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས8.1%འཕར་བ་དང་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས0.5མཐོ་རུ་ཕྱིན་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར35.54ཡིན་པ་དང་ལོ་གོང་མ་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར136.75ཡིན་པ་དང་ལོ་གོང་མ་ལས9.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར112.01ཡིན་པ་དང་ལོ་གོང་མ་ལས8.2%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2016ལོའི12.7:48:39.3ནས12.5:48.1:39.4བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་དང་པོའི་བརྒྱ་ཆའི་གྲངས0.2དང་ཐོན་ལས་གཉིས་པའི་བརྒྱ་ཆའི་གྲངས0.1མཐོ་རུ་ཕྱིན། ཐོན་ལས་གསུམ་པ་བརྒྱ་ཆའི་གྲངས0.1མཐོ་རུ་ཕྱིན་པ་དང་། དུས་ཚིགས་བཞིའིGDPརིམ་རྩིས་འཕར་ཚད8.1%དང་། 8.5% 8.3% 8.1%བཅས་སོ་སོར་ཟིན་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར55392ཡིན་པ་དེ་སྤྱི་ལོ2016ལོ་ལས་སྒོར5589འཕར་བ་དང་འགྱུར་མེད་རིན་གོང7.7%འཕར་ཡོད། 

5 སྤྱི་ཚོགས་ཀྱི་ལས་དོན།     
5_1 སློབ་གསོ།     

སྤྱི་ལོ2012ལོར་ལིན་དབྱི་རྫོང་ལུའོ་པེ་སློབ་འབྲིང་ནུབ་སློབ་ཁུལ་དང་། ལིན་དབྱི་བུ་བཅོལ་ཁང་། གཡོད་ཐན་སློབ་ཆུང་བཅས་སྤྱོད་འགོ་ཚུགས་པ་དང་། ཚོད་ལྟའི་སློབ་ཆུང་སྤྱིར་ན་བསྐྲུན་ཚར་ཡོད། ཤང་གྲོང་གི་ལྟེ་བའི་བུ་བཅོལ་ཁང་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི3.5མང་དུ་ཕྱིན་ཡོད། སློབ་གསོར་མ་དངུལ་གཏོང་ཚད་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས5ཡིས་མཐོ་བ་ཡོད་པ་རེད། ཤང་གྲོང་སློབ་གསོ་གཞུང་དོན་ཁང་གི་ཀྲུའུ་རེན་ཡོངས་བསྒྲགས་གདན་ཞུ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་ལས་གནས་རྒྱུགས་འགྲན་བསྐོ་གཞག་ལེགས་གྲུབ་བྱུང་ནས་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཧྲན་ཏུང་ཞིང་ཆེན་གྱི་སློབ་ཞུགས་གོང་གི་སློབ་གསོའི་སྔོན་ཐོན་རྫོང་འབའ་ཞིག་ཏུ་གྱུར། མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ1647ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལིན་དབྱི་རྫོང་དུ་རིགས་ཁག་གི་སློབ་གྲྭ96ཡོད་པ་དང་། དགེ་རྒན་དང་ལས་བཟོ་པ5075ཡོད། སློབ་གྲྭར་ཡོད་པའི་སློབ་མ59168ཡོད། དེའི་ནང་སློབ་འབྲིང་དཀྱུས་མ12དང་། དགེ་རྒན་དང་ལས་བཟོ་བ1183ཡོད། སློབ་གྲྭར་ཡོད་པའི་སློབ་མ17918ཡོད་པ་དང་། སློབ་ཆུང68དང་། སློབ་ཆུང་སློབ་ཁྲིད་ས་ཚིགས9 དགེ་རྒན་དང་ལས་བཟོ་བ3170ཡོད། སློབ་གྲྭར་ཡོད་པའི་སློབ་མ36782ཡོད། སྒེར་བཙུགས་སློབ་འབྲིང7ལ་དགེ་རྒན་དང་ལས་བཟོ་པའི་མི་གྲངས722ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ4468ཡོད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་00%ཟིན་ཡོད། 

5_2 ​འཕྲོད་བསྟེན།

སྤྱི་ལོ2012ལོར་ལིན་དབྱི་རྫོང་གིས་ཞིང་ཆེན་རིམ་པའི་གཅོང་ནད་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། ཏེ་ཀྲོའུ་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི“རྒྱལ་ཁབ་ཀྱི་སྨན་པའི་ཁང་པའི”ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཞབས་ཞུའི་མ་ལག་སྔོན་ལ་བཙུགས། སྔོན་འགོག་སྨན་ཁབ་རྒྱག་པ་དེ་ཏེ་ཀྲོའུ་གྲོང་ཁྱེར་གྱི་སྔོན་དུ་སླེབས་པ་དང་། ལིན་དབྱི་རྫོང་སྨན་ཁང་ལ“རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པ་རྟགས་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ། ལིན་དབྱི་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་ནད་གཞི་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཚོད་ལྟའི་རྫོང་དུ་གྱུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཏེ་ཀྲོའུ་གྲོང་ཁྱེར་གྱི“ཞིང་ཆེན་རིམ་པའི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་དཔེ་སྟོན་རྫོང”དང་པོ་དེར་གྱུར་ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་སྨན་ཁང་དང་འཕྲོད་བསྟེན་ཁང12ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་སྣ་ཚོགས1714ཡོད། མི119མང་དུ་བཏང་བའི་ནང་ལས་རིགས་སྨན་པ་དཀའ་བཅུ་པ545དང་ལས་རིགས་ལས་རོགས་སྨན་པ་དཀའ་བཅུ་པ165ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ཉལ་ཁྲི1972ཡོད་པ་དང་། ནད་ཁྲི181དང་རིམས་འགོག་འཕྲོད་བསྟེན་མི་སྣ190བཅས་གསར་སྣོན་བྱས་ཡོད། སློབ་གྲྭའི་འཕྲོད་བསྟེན་དང་། ལས་རིགས་འཕྲོད་བསྟེན། བཟའ་བཏུང་ཞབས་ཞུའི་ལྟ་སྐུལ་བཅས་ཁྱབ་ཚད100%ཟིན་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།