ཕིན་ཡོན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 17:42ལ་འགྲུབ།

ཕིན་ཡོན་རྫོང་།

ཕིན་ཡོན་རྫོང་།
ཕིན་ཡོན་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཤར་ངོས་དང་ཤར་ལྷོ་གཉིས་ནི་ལིན་དབྱི་རྫོང་དང་ཡུས་ཁྲེང་གྲོང་ཁྱེར་དང་འབྲེལ་ཞིང་། ནུབ་ངོས་དང་ལྷོ་ནུབ་གཉིས་ནི་ཝུའུ་ཁྲེང་དང་ཞ་ཅིན་གྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ཀའོ་ཐང་དང་འབྲེལ་ཡོད་ལ། བྱང་ངོས་ཏེ་ཁྲེང་ཆུས་དང་ལིན་ཁྲེང་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད། ཕིན་ཡོན་རྫོང་ནི་རྨ་ཆུའི་སྨད་རྒྱུད་ཀྱི་ཧྲན་ཏུང་ནུབ་བྱང་བདེ་ཐང་དུ་གནས་པ་དང་། ས་བབ་ཁོད་སྙོམས་ལ། ས་དབྱིབས་ལྷོ་ནུབ་ནས་བྱང་ཤར་དུ་གསེག་ཡོད། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིའི་དབྱེ་བ་གསལ་བ་དང་ཉི་འོད་འདང་ངེས་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1047ཡོད་པ་དང་། མི་གྲངས་བསྡོམས་འབོར་ཁྲི47ཡོད་ཅིང་། དེའི་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ2 ཁྲོམ་ལམ2 དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད། ཕིན་ཡོན་རྫོང་ནི“འབྲུ་རིགས་ཐོན་སྐྱེད་རྟེན་གཞི”དང་། “པེ་ཅིང་དང་ཐེན་ཅིན་གྱི་སྔོ་ཚལ་གླིང་ཁུལ”“འབྲོག་ལས་ཀྱི་རྫོང་སྟོབས་ཆེན”“ཕུག་རོན་གྱི་ཕ་ཡུལ”བཅས་ཡིན་པ་དང་། ཏང་འཛུགས་སྐྱོང་དང་ཏང་གི་ལོ་རྒྱུས་ཀྱི་རྐང་འཛིན་མཁས་ཅན་ཀྲང་ཆོན་ཅིང་དང་། འདས་ཟིན་པའི་རྒྱལ་ཁབ་ཀྱི་རིག་གནས་མཁས་ཅན་རེན་ཅི་ཡུས། རྩོམ་པ་པོ་གྲགས་ཅན་ཏེང་ཡིའུ་མེ་སོགས་རིག་གནས་པ་གྲགས་ཅན་ཁག་གཅིག་གི་ཕ་ཡུལ་ཡིན། སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་བདམས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平原县
ཕྱི་ཡིག་གི་མིང་།
pingyuan County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་། ཡུལ་ཚོ2 ཁྲོམ་ལམ2 དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ལུང་མིན་ཁྲོམ་ལམ་དོན་གཅོད་ཁྲུའུ།
སྦྲག་སྲིད་ཨང་རྟགས།
253100
ས་ཁོངས་ཁ་པར་ཁུལ་ཨང་རྟགས།
0534
གནས་ཡུལ།
ཀྲུང་གོའི་ཧྭ་ཤར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1047ཡོད།
མི་འབོར།
མི་ཁྲི47ཡོད།(སྤྱི་ལོ2017ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུN(鲁N)
སྲིད་འཛིན་ཚབ་ཨང་།
371426
1 ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་ཁབ་ཀྱིས་ཕིན་ཡོན་རྫོང་བཙུགས།

ཧན་ནུབ་མའི་གོང་མ་ཀའོ་ཏི་ཁྲི་ལོ་དྲུག་པར(སྤྱི་ལོ་སྔོན་གྱི201ལོ)ཕིན་ཡོན་ཅུན་བཙུགས་པ་དང་། ཅུན་ཀྲི་ཕིན་ཡོན་རྫོང་དུ་བཙུགས།

ཆི་བྱང་མའི་ཐེན་པའོ་ཁྲི་ལོ་གཉིས་པར(སྤྱི་ལོ551ལོ)རྫོང་མཁར་དེ་ཀྲང་ཀོན་ཏེན་ནས་ཤར་དུ་ད་ལྟའི་རྫོང་གི་གནས་ཡུལ་དུ་སྤོས།

སུའེ་རྒྱལ་རབས་ཀྱི་དུས་འགོར་ཏེ་ཀྲོའུ་ཡི་ཁོངས་སུ་གཏོགས། རྗེས་སུ་ཕིན་ཡོན་ཅུན་གྱི་ཁོངས་སུ་གཏོགས།

ཐང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་ཏེ་ཀྲོའུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་འགོ་ནས་ཆིང་རྒྱལ་རབས་ཀྱི་དུས་མཇུག་གོ་བར་དུ་ཅི་ནན་སྲིད་གཞུང་གི་ཁོངས་སུ་གཏོགས།

ཀྲུང་ཧྭ་མིན་གོའི་དུས་འགོར་སྔ་རྗེས་སུ་ཧྲན་ཏུང་ཅི་ནན་ཧྥུ་དང་། ཅི་ཞི་ལུའུ། ཏུང་ལིན་ཏའོ། ཏེ་ལིན་ཏའོ་བཅས་སུ་གཏོགས། སྤྱི་ལོ1928ལོར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་རྫོང་ཡིན། སྤྱི་ལོ1936ལོར་ཧྲན་ཏུང་ཞིང་ཆེན་གྱི་ཀྲོན་ཧྲུའུ་བཞི་པའི་ཁོངས་སུ་གཏོགས།

འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ། དུས་སྟོད་དུ་ཅི་ལུའུ་པིན་ཆུས་སུ་གཏོགས་པ་དང་། དུས་སྨད་དུ་ཧྲན་ཏུང་པོ་ཧའེ་ཆུས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྤྱི་ལོ1950ལོའི་ལོ་འགོར་ཕིང་པེ་རྫོང་དེ་ཕིན་ཡོན་རྫོང་དང་ཟླ་སྒྲིལ་བཏང་ནས་ཏེ་ཀྲོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1956ལོར་ཡོན་ཨེན་རྫོང་གི་ཤར་རྒྱུད་དེ་ཕིན་ཡོན་རྫོང་ཁོངས་སུ་བཅུག་ནས་ལིའོ་ཁྲེང་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1961ལོར་ཏེ་ཀྲོའུ་ཀྲོན་ཆུས་སུ་གཏོགས་པ་དང་། ད་ལྟ་ཏེ་ཀྲོའུ་ས་ཁུལ་གྱི་ཁོངས་སུ་གཏོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ1994ལོའི་ཟླ12པའི་ཚེས17ཉིན་ཏེ་ཀྲོའུ་ས་ཁུལ་དང་ཏེ་ཀྲོའུ་གྲོང་ཁྱེར་གཕྱིར་འཐེན་བྱས་ནས། ས་ཁུལ་རིམ་པའི་ཏེ་ཀྲོའུ་གྲོང་ཁྱེར་དང་ཏེ་ཀྲོའུ་ཆུས་བཙུགས་ཤིང་།  རྫོང་དེ་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་བགོས། སྤྱི་ལོ2017ལོར་ཕིན་ཡོན་རྫོང་གིས་རྫོང་ཕྱིར་འཐེན་བྱས་ནས་ཆུས་འཛུགས་མགོ་བརྩམས།

2 སྲིད་འཛིན་ཁུལ་དབྱེ།

ཕིན་ཡོན་རྫོང་ཁོངས་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དེའི་ཁོངས་སུ་ཝང་ཧྥེང་ལོའུ་གྲོང་རྡལ་དང་། ཆན་ཚའོ་གྲོང་རྡལ། ཨེན་ཀྲེན་གྲོང་རྡལ། ཝང་ཧུའེ་ཕུའུ་གྲོང་རྡལ། ཡའོ་ཀྲན་གྲོང་རྡལ། ཝང་མིའོ་གྲོང་རྡལ། ཀྲང་ཧྭ་གྲོང་རྡལ། ཝང་ཏ་མོ་གྲོང་རྡལ་བཅས་གྲོང་རྡལ8དང་། སན་ཐང་ཡུལ་ཚོ་དང་ཧྥང་ཙི་ཡུ་ཚོ2 ལུང་མོན་ཁྲོམ་ལམ་དང་། ཐའོ་ཡོན་ཁྲོམ་ལམ་བཅས་ཁྲོམ་ལམ2དང་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཕིན་ཡོན་རྫོང་ནི་པེ་ཅིང་དང་། ཐེན་ཅིན། ཅི་ནན་གྲོང་ཁྱེར་དང་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་གྱི་ཁུལ་གྱི་ས་གནས་གཙོ་བོ་ཞིག་ཡིན་ལ། ལྷོ་རུ་ཐའེ་ཧྲན་རི་བོ་དང་འབྲེལ་ཞིང་། བྱང་དུ་པེ་ཅིང་དང་ཐེན་ཅིན་གྱི་ཁ་གཏད་དུ་ཡོད་ལ། ཏེ་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ30ཡོད།

3_2 ནམ་ཟླ།

སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། དེར་སྐམ་སའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ལ། ས་ཁོངས་ནང་གི་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད་པ་དང་། སྐམ་རློན་གྱི་དུས་ཚིགས་མངོན་གསལ་དོད་ལ། དཔྱིད་དུས་ཐན་པ་དང་རླུང་ཆེ་ཞིང་། དབྱར་དུས་བརླན་བཤེར་ཆེ་ལ་ཆར་ཆུ་མང་བ་དང་། སྟོན་དུས་བསིལ་ཞིང་། དགུན་དུས་གྲང་ངར་ཆེ་བ་དང་གངས་ཆར་ཉུང་། ལོ་ཏོག་སྐྱེ་འཚར་གྱི་དུས་ཚིགས་སུ་ཉི་འོད་འདང་ངེས་དང་ཚ་ནུས་ཕུན་སུམ་ཚོགས་པོ་ཡོད་པས་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་མོད། འོན་ཀྱང་ཐན་པ་དང་། ཞོད་སྐྱོན། སེར་བ། ཚ་རླུང་། ཆར་བ། སད་རྒྱག་པ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་རྒྱུན་དུ་ཡོད་པས། ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད། ལོ་རེའི་ཆ་སྙོམས་ཀྱིས་ཆར་ཆུ་འབབ་ཚད535mm(སྤྱི་ལོ1980ལོ་ནས་སྤྱི་ལོ2010ལོའི་བར)དང་། དཔྱིད་དུས(ཟླ3པ་ནས་ཟླ5པའི་བར)ཐན་པ་ཆེ་ཞིང་ཆར་ཆུ་ཉུང་ལ། དབྱར་དུ(ཟླ6པ་ནས་ཟླ8པ)བརླན་གཤེར་ཆེ་ལ་ཆར་ཆུ་མང་། སྟོན་དུས(ཟླ9པ་ནས་ཟླ11པ)རླུང་ཁམས་ཆེན་པོའི་འཁོར་རྒྱུན་ཅན་གྱི་དབྱར་དགུན་བར་གྱི་བརྗེ་སྤོར་དུས་ཚིགས་ཡིན། དགུན་དུས(ཟླ12པ་ནས་ཕྱི་ལོའི་ཟླ8པའི་བར)དགུས་གྲང་ཞིང་ཆར་ཆུ་ཉུང་།

4 མི་གྲངས་དང་མི་རིགས།

སྤྱི་ལོ2018ལོར་ཕིན་ཡོན་རྫོང་གི་མི་འབོར་བསྡོམས་གྲངས་ཁྲི47ཟིན་ཡོད།

སྤྱི་ལོ2012ལོར་ཕིན་ཡོན་རྫོང་དུ་གྲངས་ཉུང་མི་རིགས་ཀྱི་མི་འབོར6500ཡོད་པ་དང་མི་རིགས16ཡོད་ལ། དེ་དག་ནི་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། མིའོ་རིགས། ཁྲའོ་ཞན་རིགས། པའེ་རིགས། ཀྲོང་རིགས། ཐུའུ་ཅ་རིགས། དབྱིས་རིགས། ལི་སུའུ་རིགས། ལི་རིགས། ཀེ་ལའོ་རིགས། པུའུ་དབྱི་རིགས། ཏ་ཝོར་རིགས། ཁོར་ཁེ་ཙི་རིགས་བཅས་ཡིན། དེའི་ནང་ཧུའེ་རིགས་ཡོད་སའི་གྲོང་ཚོ14ཡོད་ལ། དེ་དག་ནི་ཝང་ཧྥེང་ལོའུ་གྲོང་རྡལ་གྱི་ཡན་ཀྲོང་དང་། ཀྲང་ཀྲོང་། ལིའུ་ཀྲོང་། མ་ཀྲོང་། མོ་ཀྲོང་། ཆན་ཚའོ་གྲོང་རྡལ་གྱི་ཧྲ་ཀྲོང་། ཧོའུ་ཁྲེང་ཅའོ་ལི་གྲོང་ཚོ། ནན་མ་གྲོང་ཚོ། ཡའོ་ཀྲན་གྲོང་རྡལ་གྱི་ཧྲ་ཀྲོང་དང་ཐང་ཧྥང་གྲོང་ཚོ། ཨེན་གྲོང་རྡལ་གྱི་ཏ་པེ་ཀོན་གྲོང་ཚོ། ཝང་དབྱི་ཕུའུ་གྲོང་རྡལ་གྱི་ཐན་ཀྲུང་གྲོང་ཚོ་དང་ཐན་ནན་གྲོང་ཚོ། གསར་སྤེལ་ཁུལ་གྱི་པའེ་ཅ་ཡིང་གྲོང་ཚོ་བཅས་ཡིན་ཞིང་། ཧུའེ་རིགས་མི་གྲངས6141ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཕིན་ཡོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར253.68ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2017ལོ་ལས8.1%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར40.07ཟིན་ནས་ལོ་སྔོན་མ་ལས3.3%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར115.69ཟིན་ནས་ལོ་སྔོན་མ་ལས8.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར97.92ཟིན་ནས་ལོ་སྔོན་མ་ལས9.5%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚུལ་ནི15.8:45.6:38.6ཡིན།

5_1 ཐོན་ལས་དང་པོ།

སྤྱི་ལོ1990ལོར་ཕིན་ཡོན་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་རྒྱ་མ་སྟོང་གི་རྫོང་དང་པོར་གྱུར་ལ། སྤྱི་ལོ1992ལོར་ཕིན་ཡོན་དུ་ཀྲུང་གོའི་སྐབས་དང་པོའི་ཕུག་རོན་དུས་ཆེན་གཉེར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་དང་མི་དམངས་ཉིན་རེའི་ཚགས་པར་ཐོག་དེའི་གནས་ཚུལ་སྤེལ་ཡོད་ལ། སྤྱི་ལོ2002ལོར་ཕིན་ཡོན་རྫོང་གི་ཞིང་པ600ཡི་ཆེད་དུ་དབུན་ཀྲོའུ་རུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སློབ་སྦྱོང་བྱེད་སོང་ཞིང་། སྤྱི་ལོ2006ལོར་ཛིང་ཡོན་རྫོང་གིས་འབྱོར་འབྲིང་གྲོང་ཚོ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་པ་གསར་པ་སྐྱེད་སྲིང་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ”བཅས་ཀྱི་འདུ་འགོད་ཆེན་པོ་གསུམ་ལག་བསྟར་བྱས།

སྤྱི་ལོ2018ལོར་རྫོང་ཡོངས་སུ་འབྲུ་རིགས་དང་། སྔོ་ཚལ། འབྲོག་ལས་ཐོན་རྫས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཆགས་ཡོད་ལ། ལོ་འཁོར་མོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི80ལྷག་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི130ལྷག ཤ་དང་བྱ་སྒོང་ཐོན་ཚད་ཏུན་ཁྲི20ཙམ་ཟིན་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ8.6%འཕར་བ་དེ་ལོ་གོང་མ་ལས་བརྒྱ་ཆའི1.5འཕར་ཡོད་ལ། བརྒྱ་ཆའི་དགུ་བཅུ་ལས་བརྒལ་བའི་ལས་རིགས་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། རྫོང་ཡོངས་ཀྱི་ལས་རིགས་ཆེ་གྲས26ཁྲོད་ཀྱི་ལས་རིགས25ལོ་སྔོན་མ་ལས་འཕར་ཡོད་ལ། འཕར་ཚད96.2%ཟིན་པ་དང་ལས་རིགས16གི་འཕར་ཚད་དེ་རྫོང་ཡོངས་ཀྱི་ཆུ་ཚད་ལས་བརྒལ་ཡོད།

5_3 ​ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཕིན་ཡོན་རྫོང་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར108.60ཟིན་པ་དེ་སྤྱི་ལོ2017ལོ་ལས8.8%འཕར་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར99.1ཟིན་ནས་ལོ་སྔོན་མ་ལས8.5%འཕར་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར9.7ཟིན་ནས་ལོ་སྔོན་མ་ལས14.4%འཕར་ཡོད། གྲོང་མིའི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཟས་གོས་སྤྱོད་གསུམ་སོགས་ཚོང་ཟོག་མུ་མཐུད་གཏན་འཇགས་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ2018ལོར་འབྲུ་སྣུམ་དང་བཟའ་བཅའི་རིགས་ལོ་སྔོན་མ་ལས2.6%འཕར་ཡོད་ལ། བཏུང་བྱའི་རིགས་ལོ་སྔོན་མ་ལས43.0%འཕར་ཞིང་། གྱོན་ཆས་དང་། འཁལ་འཐག་ཐོན་རྫས་རིགས་ལོ་སྔོན་མ་ལས13.6%འཕར་ཡོད། ཉེར་མཁོའི་དངོས་རྫས་རིགས་ལོ་སྔོན་མ་ལས12.4%འཕར་ཡོད། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། སྡོད་དམངས་ཀྱི་འཛད་སྤྱོད་དེ་འཚོ་གནས་རང་བཞིན་གྱི་འཛད་སྤྱོད་ནས་ལོངས་སྤྱོད་རང་བཞིན་གྱི་འཛད་སྤྱོད་དུ་འཕེལ་བཞིན་ཡོད་ལ། དེ་དང་འབྲེལ་བ་ཡོད་པའི་འཛད་སྤྱོད་རིམ་སྤོར་གྱི་འཚོ་བ་ལེགས་སུ་གཏོང་བའི་རིགས་ཀྱི་ཚོང་ཟོག་འཕར་བའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། དེའི་ནང་དུ་ཁྱིམ་སྤྱོད་གློག་ཆས་དང་སྒྲ་སྐྱེད་ཡོ་ཆས་རིགས་ལོ་སྔོན་མ་ལས9.4%འཕར་ཞིང་། རྩིས་འཁོར་དང་དེའི་ཉེར་མཁོའི་ཐོན་རྫས་རིགས་ལོ་སྔོན་མ་ལས18.1%འཕར་ཡོད། སྡོད་ཁང་དང་འབྲེལ་བ་ཡོད་པའི་ཁྱིམ་ཆས་རིགས་དང་། ཨར་སྐྲུན་དང་དེ་བཞིན་མཛེས་སྤྲོས་རྒྱུ་ཆའི་རིགས། གློག་ཆས་རིགས་བཅས་ཀྱི་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སོ་སོར8.0%དང་། 9.8% 33.1%འཕར་ཡོད།

སྤྱི་ལོ2018ལོར་ཕིན་ཡོན་རྫོང་གི་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་ཞག་སྡོད་བཟའ་བཏུང་ཁེ་ལས98ཡོད་ལ། དེའི་ནང་དུ་ལོ་རེའི་བྲིན་ཚོང་དངུལ་འབོར(ཚོང་གཉེར་དངུལ་འབོར)སྒོར་དུང་ཕྱུར1ནས་ཁྲི5སྟོང་ཡན་གྱི་ཁེ་ལས10ཡོད་ལ། དེ་ལོ་གོང་མ་ལས་ཁེ་ལས2མང་དུ་སོང་ཡོད། ཕྱིར་ཚོང་དངུལ་འབོར(ཚོང་གཉེར་དངུལ་འབོར)སྒོར་ཁྲི1000ནས་ཁྲི5000བར་གྱི་ཉོ་ཚོང་ཁེ་ལས38ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།