སན་མོན་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 11:50ལ་འགྲུབ།

སན་མོན་རྫོང་།

སན་མོན་རྫོང་།
སན་མོན་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་ཀྱི་མཚོ་རྒྱུད་དུ་གནས་ཡོད། ནུབ་ནས་ཐེན་ཐའེ་རི་བོར་འབྲེལ་ཅིང་། ཤར་དུ་སན་མོན་མཚོ་ཁུག་དང་། བྱང་དུ་ཉིང་ཧའེ་རྫོང་དང་འབྲེལ་ཞིང་། ལྷོ་རུ་ལིན་ཧའེ་གྲོང་ཁྱེར་དང་འབྲེལ་ཡོད། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། དབུས་དང་ནུབ་རྒྱུད་ནི་རི་མ་ཐང་དམའ་བའི་ས་ཁུལ་དང་། ཤར་རྒྱུད་ནི་མཚོ་འགྲམ་བདེ་ཐང་ཡིན། སྤྱི་ལོ1928ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཐིང་ཕིང་དུ་ཞིང་པའི་དྲག་པོའི་འོས་ལངས་བསླངས་ཏེ་ཀྲེ་ཅང་ཞིང་ཆེན་གྱི་སུའུ་ཝེ་ཨེད་སྲིད་དབང་དང་པོ་བཙུགས་པ་དང་། སྤྱི་ལོ1949ལོའི་ཟླ2པའི་ཚེས17ཉིན་བཅིངས་འགྲོལ་བཏང་བ་རེད། སྤྱི་ལོ2014ལོའི་བར་རྫོང་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1510ཟིན་པའི་ནང་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1103ཟིན་པ་དང་དེའི་མངའ་འོག་ཏུ་གྲོང་རྡལ6དང་། ཡུལ་ཚོ1 སྲང་ལམ3ཡོད་པར་སྤྱིའི་མི་འབོར་ཁྲི43.8ཟིན་ཡོད་པ་རེད། སྤྱི་ལོ2014ལོར་སན་མོན་རྫོང་གི་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར151.9ཟིན་ནས8.3%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར12.77ཟིན་ཏེེ8.2%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་རང་གཉེར་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར6.87ཟིན་ནས3.8%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར31805དང་སྒོར17040 ཟིན་ནས10.4%དང12.1%འཕར་ཡོད། སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三门县
མིང་གཞན།
三门湾
ཕྱི་ཡིག་གི་མིང་།
Sanmen County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1510(སྤྱི་ལོ2014ལོ)ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི43.8(སྤྱི་ལོ2014ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
གྲོང་རྡལ6དང་ཡུལ་ཚོ1སྲང་ལམ3ཡོད།
མེ་འཁོར་ས་ཚིགས།
སན་མོན་རྫོང་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0576
རླངས་འཁོར་ཚབ་ཨང་།
浙J
སྦྲག་སྲིད་ཨང་རྟགས།
317100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331022
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སན་མོན་རྫོང་དུ་རྡོ་ཆས་གསར་མའི་དུས་སྐབས་ནས་བཟུང་མི་རིགས་གནས་འདིར་གཞིས་ཆགས་མྱོང་བ་དང་། ཞཱ་དང་ཧྲང་། ཀྲོའུ་དུས་སྐབས་སུ་ཨོ་ཡུའེ་ཡི་ས་ཁོངས་ཡིན། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཡུའེ་རྒྱལ་ཕྲན་དུ་གཏོགས། སྤྱི་ལོ་སྔོན་གྱི306ལོར། ཁྲུའུ་ཡིས་ཡུའེ་ཕམ་པར་བརྒྱབ་ཅིང་ཁྲུའུ་རྒྱལ་ཕྲན་དུ་གཏོགས་པ་རེད། ཆིན་རྒྱལ་རབས་ཀྱི་དུས་སུ་སན་མོན་ནི་མིན་ཀྲུང་ཅུན་གྱི་ཁོངས་སུ་གཏོགས་པ་རེད།

མིན་གོའི་དུས་སྐབས་སུ། སན་མོན་ནི་ལིན་ཧའེ་དང་ཉིང་ཧའེ་རྫོང་གཉིས་ཀྱི་ཁོངས་སུ་གཏོགས།  མིན་གོའི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོར)སན་མོན་རྫོང་བཙུགས་པ་དེ་ཐའེ་ཀྲོའུ་སྲིད་འཛིན་ལྟ་ཞིབ་ཁུལ་གྱི་ཁོངས་སུ་གཏོགས་ཡོད།     སྤྱི་ལོ1949ལོའི་ཟླ2པའི་ཚེས17ཉིན། སན་མོན་བཅིངས་འགྲོལ་བཏང་བ་དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་བཅིངས་འགྲོལ་ཐོབ་པའི་རྫོང་དང་པོ་ཡིན་ཞིང་། ཐའེ་ཀྲོའུ་ཡི་ཁོངས་གཏོགས་ཡིན། སྤྱི་ལོ1954ལོའི་ཟླ5པའི་ཚེས22ཉིན་སན་མོན་རྫོང་ཉིང་པོ་ཡི་མངའ་འོག་ཏུ་བཅུག སྤྱི་ལོ1957ལོའི་ཟླ7པར། སན་མོན་རྫོང་དེ་ཐའེ་ཀྲོའུ་རུ་གཏོགས་པ་སླར་གསོ་བྱས། སྤྱི་ལོ1983ལོའི་ཟླ5པར། ཉིང་ཧའེ་རྫོང་ཧྲ་ལིའུ་ཀུང་ཧྲེ་དེ་སན་མོན་རྫོང་དུ་བགོས། སྤྱི་ལོ1994ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཐའེ་ཀྲོའུ་ས་ཁུལ་མེད་པར་བཟོས་ཏེ་གྲོང་ཁྱེར་བཙུགས་པ་དང་། དེ་ནས་ད་ལྟའི་བར་དུ་སན་མོན་རྫོང་ནི་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་རེད་དོ།།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2013ལོའི་ཟླ11པའི་ཚེས25ཉིན་བར། སན་མོན་རྫོང་ཁོངས་སུ་སྲང་ལམ3དང་། གྲོང་རྡལ6 ཡུལ་ཚོ1བཅས་ཡོད་པ་སྟེ། ཧའེ་རུན་སྲང་ལམ་དང་། ཧའེ་རུན་སྲང་ལམ། ཧྲ་ལིའུ་སྲང་ལམ། ཀྲུའུ་ཧྥང་གྲོང་རྡལ། ཐིང་ཕང་གྲོང་རྡལ། ཅན་ཁྲུང་གྲོང་རྡལ། ཕུའུ་པ་གྲུ་ཁ་གྲོང་རྡལ། ཧེང་ཏུའུ་གྲོང་རྡལ། ཧྭ་ཆའོ་གྲོང་རྡལ། ཧྲི་ཕན་ཡུལ་ཚོ་བཅས་རེད། (ཁྱོན་བསྡོམས་གྲོང་མི་ཨུ་ལྷན8དང་སྲིད་འཛིན་གྲོང་ཚོ275ཡོད།) རྫོང་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་ཏི་ཧའེ་ཡིའུ་སྲང་ལམ་ཆིའུ་ཧྲུའེ་ལམ་ཆེན་ཨང9པ་ཡིན་ནོ།།

3 ས་ཁམས་ཁོར་ཡུག
3_1 ས་ཁམས་གནས་ཡུལ།

སན་མོན་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག28°11′48〞དང་། ཤར་གྱི་གཞུང་ཐིག121°12′00〞-121°56′36〞ཡིན། ཤར་དུ་སན་མོན་མཚོ་ཁུག་དང་། ལྷོ་རུ་ལིན་ཧའེ་གྲོང་ཁྱེར་དང་འབྲེལ་ཞིང་། ནུབ་ཏུ་ཐེན་ཐའེ་རྫོང་དང་འབྲེལ་ཡོད བྱང་དུ་ཉིང་པོ་གྲོང་ཁྱེར་གྱི་ཉིང་ཧའེ་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1072ཡོད། (སྤྱི་ལོ2013ལོར།)     སན་མོན་རྫོང་གི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི73དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི39.5ཙམ་ཡོད། དེའི་ནང་སྐམ་སའི་ཆ་ཤས་ཀྱི་ཤར་ནུབ་ཀྱི་རིང་ཚད་སྟོང་སྨི50ཙམ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི38ཙམ་ཡོད། གླིང་ཕྲན68དང་ཆུ་འོག་བྲག་རྡོ78 སྐམ་སའི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་སྤྱིའི་རིང་ཚད་སྟོང་སྨི167དང་མཚོ་ཁོངས་སྟོང་སྨི481.7ཙམ་ཡོད།

.png

3_2 ས་དབྱིབས་རྣམ་པ།

ས་དབྱིབས་ནི་རི་མ་ཐང་དམའ་མོ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོའ་དམའ་བ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཅིང་རྒྱ་མཚོའི་འགྲམ་རྒྱུད་ཀྱག་ཀྱོག་དང་། གླིང་ཕྲན་མང་བ། མཚོ་ཁུག་གི་སྐམ་སའི་དབུས་ཁུལ་དང་ནུབ་རྒྱུད་ནི་རི་མ་ཐང་དམའ་བའི་ས་ཁུལ་ཡིན་པ་དང་བར་དུ་ལུང་གཞུང་ཆུང་ཆུང་ཞིག་ཡོད ཤར་རྒྱུད་ནི་མཚོ་འགྲམ་བདེ་ཐང་ཡིན།

3_3 གནམ་གཤིས་ཁྱད་ཆོས།

སན་མོན་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དང་། དབྱར་དགུན་རིང་ཞིང་སྟོན་དཔྱིད་ཐུང་ལ་དུས་བཞི་གསལ་བ་དང་། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་འཚམ་པོ་ཡོད་ཅིང་། ཀྲེ་ཅང་དབུས་རྒྱུད་དང་ཀྲེ་ཅང་ལྷོ་རྒྱུད་ཀྱི་དགུན་གྲང་བ་དང་སྟོན་ཁ་བཞའ་ཚན་ཆེ་བ་དང་བརླན་གཤེར་ཕྱེད་ཙམ་གྱི་ཞོར་གཏོགས་ཡིན། ལོ་ཧྲིལ་པོའི་དྲོད་ཚད་དམའ་ཤོས་ཟླ་དང་པོར་ཡིན་པ་དང་ཆ་སྙོམས་དྲོད་ཚད་ནི5.3℃ཡས་མས་ཡིན་པ་དང་། དྲོད་ཚད་མཐོ་ཤོས་ནི་ཟླ་བ་བདུན་པ་ཡིན་པ་དང་ཆ་སྙོམས་དྲོད་ཚད27.9℃ཡས་མས་ཟིན་གྱི་ཡོད། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ནི16.6℃དང་སད་མེད་དུས་ཉིན242ཡིན། ལོ་ཧྲིལ་པོའི་དུས་ཚིགས་ཀྱི་ཁྱབ་སྟངས་ནི་སྟོན་དཔྱིད་གཉིས་ལ་ཟླ་བ་གཉིས་དང་། དབྱར་དུས་ཟླ་བ་བཞི་དང་། དགུན་དུས་ཟླ་བ་གཉིས་ཙམ་ཡིན།

3_4 ཆུ་དཔྱད་ཆ་རྐྱེན།

སན་མོན་རྫོང་ཁོངས་ཀྱི་ཆུ་རྒྱུན་ཐུང་བ་དང་། ཆུ་འདུས་ཚད་ཆེན་པོ་མེད་པ། ཆུ་ཚད་དུས་ཚིགས་ཀྱི་འགྱུར་ལྡོག་མངོན་གསལ་དོད་པ། འཕར་སླ་བ། ཆུ་སྨད་དུ་མཚོ་རླབས་ཀྱི་ཤུགས་རྐྱེན་ཐེབས་སླ་བ་བཅས་རེད། འབབ་ཆུ་གཙོ་བོ7ཡོད་པ་སྟེ། ཆིང་ཞི་དང་། ཀྲུའུ་ཡིའུ་ཞི། ཐིང་ཕང་ཞི། ཐུའོ་ཡོན་ལི་ཞི། པའེ་ཞི། ཧྭ་ཆའོ་ཞི། ཧྲན་ཁྲང་ཞི་བཅས་ཀྱི་ཆུ་ཕྲན་རྣམས་སོ་སོར་ཆི་མོན་གྲུ་ཁ་དང་། ཧའེ་ཡིའུ་གྲུ་ཁ། ཅན་ཧྲེང་གྲུ་ཁ། ཕུའུ་པ་གྲུ་ཁ། ཏུང་ཀང་བཅས་སུ་འབབ་ཀྱིན་ཡོད། ཆུ་ཕྲན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ110.9ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ562.58ཡོད།

3_5 མཚོ་ཁོངས།

རྒྱ་མཚོ་དེ་སན་མོན་རྫོང་གི་བྱང་ཤར་དང་། ཤར་རྒྱུད། ཤར་ལྷོ་བཅས་ཕྱོགས་གསུམ་དུ་གནས་པ་དང་མཚོ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ481.7ཟིན་པ་དེས་སན་མོན་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི31.9%བཟུང་བ་དང་། བྱང་དུ་ཉིང་ཧའེ་རྫོང་གི་མཚོ་ཁོངས་དང་སྦྲེལ་བ་དང་། ཤར་ངོས་ཞང་ཧྲན་རྫོང་གི་མཚོ་ཁོངས་དང་སྦྲེལ་བ། ལྷོ་ངོས་ལིན་ཧའེ་གྲོང་ཁྱེར་གྱི་མཚོ་ཁོངས་དང་འབྲེལ་བ་བཅས་ཡོད། མཚོ་འགྲམ་དུ་རི་རྒྱུད་མང་བས། མཚོ་འགྲམ་གྱི་ཕྱོགས་སུ་འགྲོ་བ་དང་དྲང་སྣོལ་དང་གསེག་སྣོལ་མང་། མཚོ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ167ཡོད་པ་དང་། ཆུའི་འགྲམ་རྒྱུད་དུ་ཆིང་ཞི་དང་། ཀྲུའུ་ཡིའུ་ཞི། ཐིང་ཕང་ཞི། ཐོའུ་ཅིན་ཞི། པའེ་ཞི། ཧྭ་ཆའོ་ཞི། ཧྲན་ཁྲང་ཞི་བཅས་ཀྱི་ཆུ་ཕྲན་རྒྱ་མཚོར་འབབ་ཀྱི་ཡོད།

4 རང་བྱུང་ཐོན་ཁུངས།

སན་མོན་རྫོང་གི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ227ཡོད་པ་དང་། རྒྱ་མཚོའི་གཏིང་ཐུང་རྒྱ་ཁྱོན་མུའུ་ཁྲི59ཡོད་པ། གྲམ་ཐང་རྒྱ་ཁྱོན་མུའུ་ཁྲི21ཡོད་པ་རེད། སན་མོན་རྫོང་ནི་ཀྲུང་གོའི་སྡིག་སྲིན་གྱི་ཕ་ཡུལ་ཡིན་ཞིང། ཀྲེ་ཅང་ཞིང་ཆེན་མཚོ་ཆུ་གསོ་སྤེལ་རྫོང་ཆེ་གྲས་དང་པོ་ཡིན་པ་བཅས་རེད། སྤྱི་ལོ2013ལོར་སན་མོན་རྫོང་གི་ཆུ་ཐོན་གསོ་སྤེལ་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི24.1ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.5ཟིན་ཡོད། སན་མོན་ཝན་ཁོའུ་རུ་ཉིང་རྡུལ་གློག་ཁང་དང་། མེ་ཤུགས་གློག་ཤུགས་ཆེ་གྲས། མཚོ་རླབས་གློག་འདོན་བཟོ་གྲྭ། དུས་མཇུག་ཏུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་སྟོང་ཁྲི2000ལྷག་ཙམ་ཟིན་པ་དེ་འབྲི་ཆུའི་འགག་གསུམ་ཆུ་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་ལྡབ1.1ཙམ་དང་མཚུངས་ཤིང་ཧྭ་ཤར་ས་ཁུལ་གྱི་ནུས་ཁུངས་རྟེན་གཞི་ཡིན།

5 མི་འབོར།

སྤྱི་ལོ2017ལོའི་བར། སན་མོན་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི44.66ཟིན་པའི་ནང་སྐྱེས་པ་ཁྲི23.35དང་བུད་མེད་ཁྲི21.31ཡོད། ཕོ་མོའི་བསྡུར་ཚད109.6:100.0བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཁྱོན་མི6648སྐྱེས་པ་དང་མི2554ཤི་བ་རེད། མི་འབོར་སྐྱེ་ཚད་14.94‰ཟིན་པ་དེ་ལོ་གོང་མ་ལས3.36‰འཕར་བ་དང་། ཤི་ཚད5.74‰ཟིན་ནས་ 0.67‰འཕར་བ་རེད། མི་འབོར་རང་ཤུགས་སུ་འཕར་ཚད9.20‰ཟིན་ནས་སྟོང་ཆའི་ཚེག2.69འཕར་ཡོད།

6 འགྲིམ་འགྲུལ།

ཧང་ཀྲོའུ་མཚོ་ཁུག་ཐོན་ལས་ཁུལ་དང་ཝུན་ཐའེ་མཚོ་རྒྱུད་ཐོན་ལས་ཁུལ་དུ་གནས་པའི་སན་མོན་རྫོང་ནི་ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་ཀྱི་གསར་དར་གྲོང་ཁྱེར་ཞིག་རེད། ཉིང་པོ་གནམ་ཐང་དང་ལུའུ་ཆའོ་གནམ་ཐང་དང་བར་ཐག་སྤྱི་ལེ100ལས་མེད།  སྤྱི་ལོ2009ལོར། ཉིང་པོ་དང་ཐའེ་ཝན། ཝུན་ཀྲོའུ་གསུམ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། སྤྱི་ལོ2013ལོར་སན་མོན་རྫོང་དུ“གཞུང་གསུམ་འཕྲེད་གཅིག”གི་རྫོང་ཁོངས་སྒྲོལ་བའི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པ་དང་། སན་མོན་རྫོང་གི་ཆུ་ཐོག་སྐྱེལ་འདྲེན་ཆ་རྐྱེན་ཡག་པོ་ཡོད་པས་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་གྲས་ཤིག་ཡིན་པ་དང་ཟོག་འདྲེན་གྲུ་གཟིངས་ཉིང་པོ་དང་ཧྲང་ཧའེ་སོགས་ཤར་ལྷོའི་མཚོ་རྒྱུད་གྲུ་ཁ་དང་མཐའ་འཁོར་རྒྱལ་ཁབ་ཁག་ཏུ་ཐད་ཀར་འབྱོར་གྱི་ཡོད།

7 དཔལ་འབྱོར།

སྤྱི་ལོ2017ལོར། སན་མོན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210.49ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར29.77དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར77.22 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར103.50བཅས་སོ་སོར་4.5%དང་། 8.3% 8.3%བཅས་འཕར་ཡོད། ཐོན་ལས་ཐེངས་གསུམ་པའི་རིན་ཐང་འཕར་མའི་གྲུབ་ཆ་སྤྱི་ལོ2016ལོའི་14.8:36.5:48.7ནས14.1:36.7:49.2བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར47292ཟིན་ནས7.1%འཕར་ཏེ་ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལ་ཕབ་ན་ཨ་སྒོར7004ཟིན་ཡོད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རྩལ་ལས་དོན།

སྤྱི་ལོ2017ལོའི་བར། སན་མོན་རྫོང་གིས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་2.68བཏང་བ་དང་། ཁེ་ལས་ཀྱིས་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ལ་སྤྱོད་པའི་འགྲོ་གྲོན་སྒོར་དུང་ཕྱུར2.67བཏང་ཡོད། ཚན་རྩལ་གྱི་བྱེད་སྒོ་སྤེལ་མཁན་ཁེ་ལས་103ཡོད་པ་དང་། ཚན་རྩལ་གྱི་བྱེད་སྒོར་ཞུགས་མཁན་མི་གྲངས1843ཡོད་པའི་ནང་RYDམི་གྲངས1790ཡོད། རྫོང་ཡོངས་སུ་གཞི་ཁྱོན་ཡན་གྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.08ཟིན་པ་དེ་ལོ་གོང་མ་ལས14.4%འཕར་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ1356རེ་ཞུ་བྱས་པ་དང་ཁེ་བེད་བདག་ཐོབ702ལ་དབང་ཆ་སྤྲད་པ་དེའི་ནང་གསར་གཏོད་རེ་ཞུ་བྱེད་ཚད180དང་གསར་གཏོད་དབང་ཆ་སྤྲོད་ཚད38ཟིན་ཡོད།

8_2 སློབ་གསོའི་ལས་དོན།

སྤྱི་ལོ2017ལོའི་བར། སན་མོན་རྫོང་དུ་བུ་བཅོལ་ཁང63ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ10988ཡོད་པ་དང་། རྫོང་ཡོངས་སུ་སློབ་ཆུང་དཀྱུས་མ31(སློབ་ཁྲིད་ས་ཚིགས་2ཚུད་མེད)ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ27043ཡོད་པ་དང་དགེ་རྒན་དང་ལས་བཟོ་པ1495ཡོད། སློབ་འབྲིང་དཀྱུས་མ21ཡོད་པའི་ནང་དམའ་རིམ་སློབ་འབྲིང་17དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ13827ཡོད། མཐོ་རིམ་སློབ་འབྲིང4དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ5117ཡོད། སློབ་འབྲིང་དཀྱུས་མའི་དགེ་རྒན་དང་ལས་བཟོ་བ1623བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ2620ཡོད་པ་དང་དགེ་རྒན་དང་ལས་བཟོ232ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད་དོ།།

སྤྱི་ལོ2017ལོར་སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད99.08%ཟིན་པ་དང་། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་བྱུང་ཚད་ཚང་མ100%ཟིན་པ་རེད། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་སྲ་བརྟན་བྱུང་ཚད100%ཟིན། རྫོང་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད99.48%ཟིན་ཡོད། མཐོ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་99.85%ཟིན་པ་བཅས་རེད།  རྫོང་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་ཚད100%ཟིན་པ་དང་། ལོ་བཅོ་ལྔའི་སློབ་གསོ་ཁྱབ་གདལ་གཏོང་ཚད་98.68%ཟིན་པ་དང་སློབ་ཆུང་དུ་དབྱིན་ཡིག་སློབ་གསོ་ཁྱབ་གདལ་གཏོང་ཚད100%ཟིན་པ་བཅས་རེད།

8_3 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོའི་བར། སན་མོན་རྫོང་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས153ཡོད་པའི་ནང་སྨན་ཁང6ཡོད་པ་དང་། ལོ་མཇུག་ཏུ་དངོས་ཡོད་ཉལ་ཁྲི1607ཡོད་པའི་ནང་སྨན་ཁང1087ཡོད་པ་དང་། རིགས་ཁག་གི་འཕྲོད་བསྟེན་ལག་རྩལ་མི་སྣ2312ཡོད་པའི་ནང་སྨན་ཁང1321ཡོད། རྫོང་ཡོངས་ཀྱི་སྨན་པ986ཡོད་པ་དང་། ཐོ་འགོད་བྱས་པའི་ནད་གཡོག943ཡོད། ལོ་མཇུག་ཏུ་མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ5.18ཡོད་པའི་ནང་སྨན་པ2.21ཡོད། རྫོང་ཡོངས་ཀྱི་ཕྲུ་གུ་དམར་འབྱར་ཤི་ཚད2.83%ཡིན་པ་དེའི་ནང་ལོ་ལྔ་མན་གྱི་བྱིས་པའི་ཤི་ཚད3.71‰ཡིན་པ་རེད།

8_4 སྤྱི་ཚོགས་འགན་བཅོལ།

སྤྱི་ལོ2017ལོའི་བར། སན་མོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ནང་ཞུགས་མཁན་སོ་སོར་མི་གྲངས་ཁྲི8.39དང་། མི་ཁྲི7.74 མི་ཁྲི8.88 མི་ཁྲི་4.07 མི་ཁྲི4.18བཅས་ཟིན་ཡོད་པ་རེད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་ཁྲི16.96གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། མི་ཁྲི41.64གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་པ་རེད།     རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་མི་གྲངས12429ཟིན་ཡོད། ལོ་ཧྲིལ་པོར་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི4978.9བཏང་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཏུ་འགན་ལེན་ལྔའི་བསྙེན་བཀུར་མི་གྲངས161གཅིག་སྡུད་བྱས་ཡོད།

9 ཡུལ་སྐོར་མཛེས་ལྗོངས།

ཡུལ་སྐོར་མཛེས་ལྗོངས་ལ་ཧྲིག་ཕན་གླིང་ཕྲན་ཡུལ་སྐོར་ཁུལ་དང་ཐིང་ཕིང་འོས་ལངས་དྲན་གསོ་ཁང་། ཏོ་པའོ་ཅང་དགོན་པ། ཆིའུ་ཧྲུའེ་གྲོག་རོང་ཆེན་མོ་སོགས་ཡོད་དོ།།

10 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པར། སན་མོན་རྫོང་ལ་རྒྱལ་ཡོངས་ཀྱི་གནམ་གཤིས་དང་གནམ་གཤིས་འགྱུར་ལྡོག་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱིས་ཞིབ་དཔྱད་གཏན་འཁེལ་བྱས་པའི“རྒྱལ་ཁབ་ཀྱི་གནམ་གཤིས་མཚོན་རྟགས”དང“གནམ་གཤིས་ཁམས་གསོ་རྫོང”གི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2018ལོའི་ཟླ12པར། གནམ་གཤིས་སྣོད་བཅུད་རིགས་ཀྱི་རྒྱལ་ཁབ་ཀྱི་གནམ་གཤིས་མཚོན་རྟགས་དཔྱད་འདེམས་བྱས་པ་རེད། སྤྱི་ལོ2019ལོའི་ཟླ11པར། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པར་བདམས་པ་རེད། སྤྱི་ལོ2019ལོའི་ཟླ12པར། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད། སྤྱི་ལོ2019ལོའི་ཟླ12པར། རྒྱལ་ཁབ་རིམ་པའི་ཉ་ལས་བདེ་ཐང་གསོ་ཚགས་དཔེ་སྟོན་རྫོང(ཁག་ལྔ་པ)དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།