ཝུན་ལིན་གྲོང་ཁྱེར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 14:58ལ་འགྲུབ།

ཝུན་ལིན་གྲོང་ཁྱེར།

ཝུན་ལིན་གྲོང་ཁྱེར།
ཝུན་ལིན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོའི་སྟོང་ལོ་གསར་པ་དང་དུས་རབས་གསར་པའི་སྐྱ་མདའ་དང་པོ་འགྱོག་ས་དེ་ཡིན། ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་དུ་གནས་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྷོ་སྣེ་དང་། ཕྱོགས་གསུམ་རྒྱ་མཚོར་ཐུག་པ། ཤར་ནས་ཤར་གྱི་རྒྱ་མཚོ་དང་ལྷོ་རུ་ཡུས་ཧོན་དང་འབྲེལ་ཡོད། ནུབ་ཀྱི་ལི་ཆིང་དང་ལེ་ཆིང་མཚོ་ཁུག་དང་འབྲེལ་ཞིང་། བྱང་ནས་ཐའེ་ཀྲོའུ་གྲོང་ཁྱེར་ཁུལ་དང་འབྲེལ་ཞིང་། ས་ཁམས་གནས་ཚད་ཤར་གྱི་གཞུང་ཐིག 121°09′50″~121°44′0″བར་དང་། བྱང་གི་འཕྲེད་ཐིག28°12′45″~28°32′02″ཡིན། དེ་ནི་མཚོ་ངོགས་གྲོང་ཁྱེར་ཞིག་ཡིན། ཝུན་ལིང་གྲོང་ཁྱེར་ཡོངས་ཀྱི་སྐམ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ926དང་། མཚོ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1079དང་། གླིང་ཕྲན་ཆེ་ཆུང170 རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ317ཡོད་པ་དང་། ཁོངས་གཏོགས་སུ་སྲང་ལམ5དང་གྲོང་རྡལ་11དང་། སྡེ་ཁུལ(གྲོང་ལྷན)ཨུ་ཡོན་ལྷན་ཁང97 སྲིད་འཛིན་གྲོང་ཚོ830བཅས་ཡོད་པ་རེད། སྤྱི་ལོ2017ལོར་ཝུན་ལིང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས1220090ཟིན་ཡོད། ཝུན་ལིང་ལ“རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་གི་རྫོང(གྲོང་ཁྱེར)བརྒྱ”དང་། “ཀྲུང་གོའི་མིང་དུ་གྲས་པའི་རྫོང(གྲོང་ཁྱེར) “རྒྱལ་ཡོངས་ཀྱི་ཞིང་པའི་ཡོང་འབབ་ཀྱི་སྔོན་ཐོན་རྫོང་དང་གྲོང་ཁྱེར” “རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ” “རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད། སྤྱི་ལོ2019ལོའི་ཟླ12པར། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད། སྤྱི་ལོ2020ལོའི་ཟླ3པའི་ཚེས4ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞིར་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温岭市
མིང་གཞན།
太平
ཕྱི་ཡིག་གི་མིང་།
Wenling city
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི926ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
1220090(2017ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མངའ་ཁོངས།
སྲང་ལམ5དང་གྲོང་རྡལ11ཡོད།
རླངས་འཁོར་ཚབ་ཨང་།
浙J
ས་ཁོངས་ཁ་པར་ཨང་རྟགས།
0576
མེ་འཁོར་ས་ཚིགས།
ཝུན་ལིང་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
317500
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331081
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིང་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧྲན་ཞི་དང་། སི་ཁྲོན། ཨན་ཧུའེ་སོགས་ཞིང་ཆེན་གྱི་ཐའེ་ཕིན་རྫོང་དང་མིང་གཅིག་པ་ཡིན་སྟབས་རྫོང་གི་ནུབ་ཕྱོགས་ཀྱིཝུན་ཆའོ་ལིན་གྱི་མིང་གཞན་ལ་“ཝུན་ལིང་”ཞེས་འབོད་པ་དེ་བཀོལ་ནས་ཝུན་ལིང་རྫོང་བསྙད་དོ།།

སྤྱི་ལོ1945ལོའི་ཟླ9པའི་ཚེས3ལ། ཝུན་ལིང་རྫོང་གི་ལས་རིགས་སོ་སོས་ནུབ་མཁར་ནས་འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།     སྤྱི་ལོ1949ལོའི་ཟླ5པའི་ཚེས28ཉིན། ཝུན་ལིང་བཅིངས་འགྲོལ་བཏང་ཞིང་། ཝུན་ལིང་རྫོང་མི་དམངས་སྲིད་གཞུང་ཡང་དེ་དང་བསྟུན་ནས་བཙུགས། ཟླ6པའི་ཚེས29ཉིན་ཝུན་ལིང་རྫོང་མི་དམངས་སྲིད་གཞུང་བཙུགས་པ་རེད།     སྤྱི་ལོ1994ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གྲོང་ཁྱེར་དུ་བསྒྱུར་ཏེ་ཝུན་ལིན་གྲོང་ཁྱེར་ཟེར།     སྤྱི་ལོ1994ལོའི་ཟླ2པའི་ཚེས18ཉིན། དམངས་སྲིད་པུའུ་ཡིས་ཝུན་ལིང་རྫོང་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད་ཅིང་། མིང་ལ་ཝུན་ལིང་གྲོང་ཁྱེར་ཟེར།

2 སྲིད་འཛིན་ཁོངས་བགོས།

ཝུན་ལིང་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི2014ལོའི་ཟླ8པར་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། ཝུན་ལིང་གི་མངའ་ཁོངས་སུ་ཐའེ་ཕིང་དང་ཁྲེང་ཏུང་། ཁྲེང་ཞི། ཁྲེང་པེ། ཧེང་ཧྥུང་བཅས་སྲང་ལམ5ཡོད་པ་དང་། ཙེ་གོ་དང་ཏ་ཞི། སུང་མོན། ཡོན་ཧེང་། ཤིན་ཧོ། ཧྲི་ཐང་། པིན་ཧའེ། ཝུན་ནན། ཧྲི་ཆའོ་ཐོའུ། ཝུའུ་ཀེན་བཅས་གྲོང་རྡལ11ཡོད་པ་དང་ཁྱོན་སྡེ་ཁུལ(གྲོང་ལྷན)ཨུ་ཡོན་ལྷན་ཁང98དང་སྲིད་འཛིན་གྲོང་ཚོ830ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝུན་ལིང་གྲོང་ཁྱེར་ནི་ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་ཐའེ་ཀྲོའུ་མཚོ་ཁུག་གི་ལྷོ་ཕྱོགས་སུ་ཆགས་ཡོད་པ་དང་། ཤར་ཕྱོགས་གཞུང་ཐིག་121°09′50″~121°44′0″དང་། བྱང་ཕྱོགས་འཕྲེད་ཐིག28°12′45″~28°32′02″བར་ཡིན། གྲོང་ཁྱེར་གྱི་བྱང་རྒྱུད་ཐའེ་ཀྲོའུ་ཧོང་ཡན་ཆུས་དང་། ལུའུ་ཆའོ་ཆུས་ལ་འབྲེལ་ཅིང་། ལྷོ་ངོས་ཡུས་ཧོན་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ངོས་ལེ་ཆིང་གྲོང་ཁྱེར་དང་འབྲེལ་བ། ཤར་ངོས་དང་ཤར་ལྷོ། ལྷོ་ནུབ་ཕྱོགས་གསུམ་ནས་རྒྱ་མཚོར་འབྲེལ་ཡོད། ཤར་ངོས་ཏ་ཁྲེན་དབྱང་དང་འབྲེལ་ཡོད། ལྷོ་ནུབ་ཏུ་ལེ་ཆིང་མཚོ་ཁུག་དང་འབྲེལ་ཡོད།

3_2 ས་དབྱིབས་རྣམ་པ།

ཝུན་ལིང་སྐམ་ཁོངས་ཀྱི་ས་དབྱིབས་ནི་ཤར་ནས་ནུབ་ཏུ་རིང་བ་དང་། ལྷོ་བྱང་དུ་དོག་པ་རེད། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ55.5དང་། ལྷོ་ནས་བྱང་དུ་ཞེང་ཚད་སྤྱི་ལེ35.9ཡོད་པ་རེད། སྐམ་སའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ925.82ཟིན་པ་བཅས་ཀྱི་ནང་རི་ཁུལ་དུ་སྤྱི་ལེ387.3དང་། བདེ་ཐང་དུ་སྤྱི་ལེ490.62 གཙང་པོ་དང་། ཆུ་མཛོད། བདེ་ཐང་སོགས་ཆུ་ཁོངས་སྤྱི་ལེ47.9བཅས་ཡོད་པ་དེ་ནི“རི་དང་ཞིང་གིས་བརྒྱན་ཏེ་ཆུ་ཡང་འཛོམས”པ་དང་།  ཉ་དང་འབྲས་ཀྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད། མངའ་ཁོངས་ཀྱི་ས་བབ་ནུབ་ངོས་མཐོ་ལ་ཤར་ངོས་དམའ་ཞིང་། ནུབ་ངོས་ནས་ཤར་ངོས་སུ་རིམ་གྱིས་གསེག་ཡོད་པ་དང་། ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་རི་མ་ཐང་མང་ཆེ་བ་ནི་འབར་འབུར་དམའ་བའི་རི་མ་ཐང་ཡིན་པ་དང་། བྱང་ཕྱོགས་དང་དབུས་རྒྱུད། ཤར་རྒྱུད་བཅས་བདེ་ཐང་ཡིན་པ་དང་། ས་བབ་ཁོད་སྙོམས་པ་དང་། ཆུ་བོ་འཕྲེད་གཞུང་དུ་ཁྱབ་ཡོད། ས་བབ་མཐོ་ཚད་སྨི2.5~3.0བར་ཡིན། གྲོང་ཁྱེར་ཡོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྤྱི་ལེ316.91(དེའི་ནང་སྐམ་སའི་འགྲམ་རྒྱུད་ཀྱི་སྤྱི་ལེ147.5ཡོད་) མངའ་ཁོངས་ནང་གི་སྨི20ཡི་གཏིང་ཐུང་རྒྱ་མཚོའི་རྒྱ་ཁྱོན་སྤྱི་ལེ924.05ཟིན་པ་དང་། གླིང་ཕྲན་ཆེ་ཆུང170ལྷག་ཙམ་ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ14.89ཡོད། མཚོ་གྲམ་མང་ཆེ་བ་ནི་མཚོ་འགྲམ་བདེ་ཐང་གི་མཐའ་སྐོར་གྱི་རླབས་དཀྱིལ་གྱི་འདམ་གྲམ་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ155.39ཡོད་པ་དང་། གྲམ་ཐང་ཁོད་སྙོམས་པོ་ཡོད།

3_3 གནམ་གཤིས།

ཝུན་ལིན་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། གནམ་གཤིས་དྲོ་བ་དང་། དུས་བཞིའི་དབྱེ་བ་གསལ་བ། དྲོད་ཚད་དང་རླན་ཚད་འབྲིང་བ། དྲོད་ཚད་འདང་བ། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་འཚམ་པ། སད་མེད་དུས་ཡུན་རིང་བ་བཅས་ཡིན། ལོ་ཧྲིལ་པོར་རླུང་ཕྱོགས་མང་ཤོས་ནི་བྱང་ཤར་གྱི་རླུང་ཕྱོགས་ཡིན་ཞིང་། རླུང་ཆེན་པོ་ལྡང་བའི་ཉིན་གྲངས136ཡོད་པའི་ནང་ཚ་ཁུལ་གྱི་རླུང་འཚུབ་དང་རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་རླུང་ཆེན་གྱིས80%བཟུང་བ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད17.3℃ཡིན་པ་དང་། ཆ་སྙོམས་སད་མེད་དུས་ཉིན252ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད1861.1ཡིན་པ་དང་། ཆ་སྙོམས་རླངས་འགྱུར་ཚད1270.2mmཡིན་པ་དང་། ཆ་སྙོམས་འགྱེད་འཕྲོའི་སྤྱི་འབོར་ནི་ལི་སྨི་སྟོང104.8ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི1649.6mmཡིན་པ་དང་། ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཉིན169ཡིན། ལོ་ཧྲིལ་པོའི་ཟླ3པ་ནས6པའི་བར་དང་ཟླ8པ་ནས9པའི་བར་ནི་མངོན་གསལ་གྱི་ཆར་དུས་གཉིས་ཡིན། ཆར་པ་འབབ་ཚད་ཀྱི་ཁྱབ་ཚུལ་དེ་ས་དབྱིབས་ཀྱི་ཆགས་ཚུལ་དང་མཐུན་པ་དང་། ནུབ་བྱང་གི་རྒྱུད་ཤར་རྒྱུད་ལས་ཆེ་བ། རི་ཁུལ་བདེ་ཐང་ལས་ཆེ་བ་བཅས་ཡིན། བགེགས་སྐྱོན་རང་བཞིན་གྱི་གནམ་གཤིས་ནི་གཙོ་བོ་ཐན་པ་དང་ཆུ་ལོག་ཡིན་པ་དང་། དབྱར་དུས་དང་སྟོན་དུས་གཉིས་ལ་ཚ་ཁུལ་ཕལ་བའི་མཐོ་གནོན་གྱིས་ཚོད་འཛིན་བྱེད་ཅིང་། ཚ་བ་ཆེ་ཞིང་ཆར་ཆུ་མེད་ན་ཐན་པ་འབྱུང་སླ་ལ། ལོ་རྒྱུས་སྟེང་གི་ཐན་པ་འབྱུང་བའི་དུས་ཡུན་ནི་ཟླ5ཡིན་པ་དང་། ཐུང་ན་ཟླ1ཡིན། ཆུ་ལོག་དང་ཞོད་སྐྱོན་ནི་གཙོ་བོ་སོས་ཆར་དང་ཆར་རླུང་གིས་བཟོས་པ་རེད།

3_4 ས་གཤིས།

ཝུན་ལིང་གྲོང་ཁྱེར་གྱི་ས་ཁོངས་སུ་ས་གཤིན་འདྲ་མིན་སྣ་ཚོགས་ཡོད་པ་དང་ས་ཁོངས་ཁྱབ་ཚུལ་མངོན་གསལ་དོད་པ་དང་། ས་སེར་དང་། ས་དམར།  རླབས་ས། ཆུ་འབྲས་ཀྱི་ས། ཚྭ་ས་སོགས་ས་རིགས5ཡོད་པ་དེས་སོ་སོར་ས་རྒྱུའི་སྤྱིའི་རྒྱ་ཁྱོན་གྱི་0.06%དང་། 48.29% 2.355% 43.85% 5.45%བཅས་བཟུང་ཡོད། ས་སེར་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད600mཡན་གྱི་རི་རྩེ་རུ་ཁྱབ་ཡོད་པ་དང་ཇ་ལོ་དང་ཐང་ནག་མང་ཙམ་འདེབས་ཀྱི་ཡོད། ས་དམར་ནི་གཙོ་བོ600mམན་གྱི་རི་མ་ཐང་དམའ་མོར་ཁྱབ་ཡོད་པ་དང་། མང་ཆེ་བ་ནི་ནགས་ས་དང་། སྨྱུག་གླིང་། དེ་མིན་རྟ་རྔའི་ཐང་ཤིང་གཙོ་བོ་བྱས་པའི་ནགས་ས་ཐར་ཐོར་ཡིན་པ་དང་། རླབས་ས་ནི་གཙོ་བོ་ལུང་གཞུང་དང་མཚོ་འགྲམ་དུ་ཁྱབ་ཡོད་པ་དང་། མང་ཆེ་བ་ནི་འབྲུ་རིགས་དང་ལྡུམ་ར་ཡིན། ཆུ་འབྲས་ཀྱི་ས་དེ་བདེ་ཐང་ཆུ་དྲ་ཁུལ་དུ་ཁྱབ་ནས་གཙོ་བོ་ཆུ་འབྲས་དང་གྲོ་སོགས་འབྲུ་རིགས་འདེབས་ཀྱི་ཡོད་པ་དང་། ཚྭ་ས་ནི་མཚོ་རྒྱུད་ཀྱི་རྒྱུད་དུ་ཁྱབ་ཡོད་པ་དང་། རྒྱ་སྲན་དང་སྲིང་བལ་སོགས་ཀྱི་ལོ་ཏོག་འདེབས་ཀྱི་ཡོད།

4 མི་འབོར།

སྤྱི་ལོ2017ལོར་ཝུན་ལིང་གྲོང་ཁྱེར་གྱི་ཐེམ་ཁུངས་མི་གྲངས1220090ཟིན་པའི་ནང་སྐྱེས་པའི་མི་འབོར617459དང་། བུད་མེད་ཀྱི་མི་འབོར602631ཟིན་པ་རེད། ཕོ་མོའི་ཕོ་མོའི་བསྡུར་ཚད102.5·100ཟིན་པ་དང། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར593604དང་གྲོང་གསེབ་ཀྱི་མི་འབོར626486ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར13356ཡོད་པ་དང་། ཤི་བའི་མི་འབོར8340ཡོད་པ་སྟེ། མི་འབོར་སྐྱེ་ཚད་10.96‰ཟིན་པ་དང་ཤི་ཚད6.84‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད་4.12‰ཟིན་པ་བཅས་རེད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཝུན་ལིང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར990.36ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར76.34ཟིན་ནས4.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར409.31ཟིན་ནས9.1%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར504.71ཟིན་ནས7.4%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར81283ཟིན་ནས7.7%འཕར་བ་དང་ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར12039ཟིན་ཡོད།     ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་ལོ་གོང་མའི7.7:40.8:51.5ནས7.7:41.3:51.0བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་དང་པོའི་བསྡུར་ཚད་དེ་ལོ་གོང་མ་དང་གཅིག་མཚུངས་ཡིན་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད་ཁག་སོ་སོར་བརྒྱ་ཆའི་གྲངས0.5འཕར་ཆག་བྱུང་ཡོད།     ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར115.71ཟིན་ནས་སྔ་ལོ་ལས12.1%འཕར་ཡོད། དེའི་ནང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར68.09ཟིན་ནས9.5%འཕར་ཡོད། ས་གནས་ནོར་སྲིད་ཡོང་འབབ་ཀྱིས་སྤྱིའི་ཡོང་སྒོའི་བསྡུར་ཚད་ཀྱི58.8%ཟིན་ཡོད།     གྲོང་ཁྱེར་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར511.76བཏང་བ་དེ་ལོ་གོང་མ་ལས18.7%འཕར་བའི་ནང་བཟོ་ལས་རང་བཞིན་གྱི་མ་དངུལ་སྒོར་དུང་ཕྱུར153.64བཏང་ནས20.7%འཕར་ཡོད།     ལོ་ཧྲིལ་པོར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས199ལ་མ་དངུལ་སྒོར་དུང་ཕྱུར201.50བཏང་བ་དེ་ལོ་གོང་མ་ལས23.6%འཕར་བ་དང་། ཞིང་ཆེན་དང་ས་ཁུལ62ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར98.05བཏང་ནས་ལོ་འཁོར་འཆར་གཞིའི122.0%ལེགས་གྲུབ་བྱུང་ཡོད། ལོ་ཧྲིལ་པོར་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས4ཡི་ནང་གསར་དུ་བཅུག་པ་དང་། ཞིང་ཆེན་གྱི་གཙོ་གནད་བཀོད་སྒྲིག་རྣམ་གྲངས1ནང་བཅུག་ནས་གོང་རིམ་གྱི་མ་དངུལ་སྣ་ཚོགས་སྒོར་ཁྲི3689བརྩོན་ལེན་བྱས་ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོ་བར་ཝུན་ལིང་གྲོང་ཁྱེར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི3076ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་དུང་ཕྱུར23.95ཟིན་ཡོད། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི4120ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས12.4%འཕར་བ། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར319.86ཟིན་ནས3.6%འཕར་ཡོད། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི886ཟིན་ཡོད། ལྕགས་ལམ་དབུན་ལིང་བབས་ཚུགས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི474ཟིན་པ་རེད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ12པར། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད། སྤྱི་ལོ2020ལོའི་ཟླ3པའི་ཚེས4ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞིར་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།



དཔྱད་གཞིའི་ཡིག་ཆ།