ཝང་ཁུའེ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་རྫོང་ཞིག་ཡིན་པ་དང་། དེ་སྔའི་མིང་ལ་ཧྲོང་ལུང་ཁྲེང(双龙城)ཟེར་བ་དང་། ས་མིང་ལ་ཝུའུ་ཅིན་ཙི(五井子) ཟེར། ཝང་ཁུའེ(望奎)ཞེས་པ་ནི“ཕུའུ་ཁུའེ(卜奎) (ཆི་ཆི་ཧ་ཨེར)ལ་རྒྱང་ལྟ་བྱས་པ)ཞེས་པའི་དོན་ཡིན།
ཝང་ཁུའེ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་དབུས་རྒྱུད་ཀྱི་སུང་ནེན་བདེ་ཐང་དང་ཞིང་ཨན་ལིང་ཆུང་བའི་ལྷོ་ནུབ་མཐའ་མཚམས་ཀྱི་བར་བརྒལ་ས་རྒྱུད་དུ་གནས་ཡོད་པ་དང་། ཤར་གྱི་གཞུང་ཐིག126°10'23″-126°59'00″དང་བྱང་གི་འཕྲེད་ཐིག46°32'07″-47°28'24″བར་ཡིན། ཝང་ཁུའེ་རྫོང་གི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ15ཡོད་པ་དང་། རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2320ཡོད་པ། སྤྱི་ལོ2010ལོར་མི་འབོར་ཁྲི49ཟིན་པ། རྫོང་མི་དམངས་སྲིད་གཞུང་ནི་ཝང་ཁུའེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2018ལོའི་ཟླ8པའི་ཚེས17ཉིན་དཔྱད་དཔོག་ཞིབ་བཤེར་བྱས་པ་བརྒྱུད་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།
སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1954ལོའི་ཟླ5བའི་བར་རྫོང་སྲིད་གཞུང་གིས་“ཝང་ཁུའེ་རྫོང་མི་དམངས་སྲིད་གཞུང་”ཞེས་པར་མིང་བསྒྱུར་ཅིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།
སྤྱི་ལོ1954ལོའི་ཟླ6པ་ནས་སྤྱི་ལོ1958ལོའི་ཟླ8པའི་བར་མི་དམངས་སྲིད་གཞུང་གིས་“ཝང་ཁུའེ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་”ཞེས་འབོད་ཅིང་། ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས་པ་དང་། སྤྱི་ལོ1956ལོའི་ཟླ3པར་སུའེ་ཧྭ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་གཏོགས།
སྤྱི་ལོ1965ལོའི་ཟླ7པ་ནས་སྤྱི་ལོ1967ལོའི་ཟླ2པའི་ཚེས11ཉིན་བར་སུའེ་ཧྭ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1967ལོའི་ཟླ2པ་ནས་སྤྱི་ལོ1980ལོའི་ཟླ5བའི་བར་“རིག་གནས་གསར་བརྗེ་ཆེན་པོའི”ནང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར་ཞིང་། སུའེ་ཧྭ་ས་ཁུལ་གྱི་གསར་བརྗེའི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་ཡོད།
སྤྱི་ལོ1980ལོའི་ཟླ6པ་ནས་སྤྱི་ལོ1985ལོའི་བར་རྫོང་སྲིད་དབང་གི་མིང་ལ“ཝང་ཁུའེ་རྫོང་མི་དམངས་སྲིད་གཞུང”ཞེས་པར་བསྒྱུར་ཞིང་། སུའེ་ཧྭ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ2010ལོར་ཝང་ཁུའེ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2299ཟིན་པ་དང་དེའི་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ8(དེའི་ནང་མི་རིགས་ཡུལ་ཚོ2)བཅས་ཡོད།
ཝང་ཁུའེ་རྫོང་ནི་སུང་ནེན་བདེ་ཐང་གི་ཤར་རྒྱུད་དང་ཧུའུ་ལན་གཙང་པོའི་བྱང་ངོགས། ཞིང་ཨན་ལིང་ཆུང་བའི་ནུབ་འདབས་རི་རྒྱུད་བཅས་སུ་ཆགས་ཡོད། ས་བབ་ཤར་མཐོ་ནུབ་དམའ། ཤར་རྒྱུད་ནི་དེའུ་འབུར་མན་ཀང་ཁུལ་ཡིན་པ་དང་། དབུས་རྒྱུད་ནི་མན་ཁྲོན་མན་ཀང་ཁུལ་ཡིན་པ་དང་། ནུབ་རྒྱུད་ནི་དམའ་ས་བདེ་ཐང་ཁུལ་ཡིན་པ། ཆ་སྙོམས་ས་བབ་མཐོ་ཚད་སྨི167ཡོད་པ། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2314ཡོད་པ་དང་། རྨོ་ཞིང་མུའུ་ཁྲི212ཡོད།
ཝང་ཁུའེ་རྫོང་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། ལོ་ཧྲིལ་པོར་མངོན་གསལ་དོད་པའི་སྐམ་རློན་དུས་ཚིགས་གཉིས་སུ་དབྱེ་ཡོད་ཅིང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་བ། དགུན་དུས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ་བཅས་ཡོད།
སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི46.6ཟིན་ཡོད།
སྤྱི་ལོ2012ལོར་སླེབས་སྐབས་རྫོང་ཡོངས་ལ་སྐྱེ་ལྡན་བཟའ་བཅའི་མཚོན་རྟགས2དང་། ལྗང་མདོག་བཟའ་བཅའི་མཚོན་རྟགས7 སྤྱི་གནོད་མེད་པའི་མཚོན་རྟགས115བཅས་ཡོད། འདེབས་འཛུགས་ལས་རིགས་ཐད་ཝང་ཁུའེ་རྫོང་གིས་སྤུས་ལེགས་འབྲུ་རིགས་ཐོན་སྐྱེད་དང་ལྗང་མདོག་ཁྱད་ལྡན་བཟའ་བཅའི་ཐོན་ལས་ཀྱི“ཁུལ་བཞི་རྒྱུད་དྲུག”འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། འབྲོག་ལས་ཐད་ཕག་པ་དང་། བཤས་བྱ། མངར་ཚལ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་དང་དེ་བཞིན་ངང་པ་དང་། རྡོ་ཐ། ཆུ་འབྲས། ཚེ་རིང་ལུག་མིག་མེ་ཏོག་སོགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་བཏང་བ། རྫོང་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི245ཟིན་པ་དང་། མངར་ཚལ་དང་། རྡོ་ཐ། ལུག་མིག་མེ་ཏོག་བཅས་གཙོ་གནད་དུ་བྱས་པའི་ལྗང་མདོག་ཁྱད་ལྡན་དཔལ་འབྱོར་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི70ཟིན་ཡོད། རྫོང་ཡོངས་ཀྱི་ཕག་པ་དང་བཤས་བྱ་ལོར་གསོ་ཚགས་བྱེད་ཚད་མགོ་གྲངས་ཁྲི351.7དང་ཁྲི3000སོ་སོར་ཟིན་པ་དང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་གིས་ཞིང་ལས་ཐོན་སྐྱེད་རིན་ཐང་གི་ཕྱེད་ཀ་བཟུང་ཡོད། ཏེང་ཐ་ཡུལ་ཚོ་ནི་རྫོང་གི་ཕྱགས་མ་ཐོན་སྐྱེད་ཀྱི་རྟེན་གཞི་གྲགས་ཅན་ཞིག་ཏུ་གྱུར་ནས་ལོར་ཐོན་འབབ་ཁྲི600ཟིན་པ་དང་། སྒྲོན་ལྕོག་ཞིང་ཞོར་ཐོན་རྫས་བརྒྱུད་འཚོང་ཚད་ཡོད་ཀུང་སིས་ཕྱགས་མའི་རིགས་ཀྱི་ཐོན་རྫས་ལ་རྒྱལ་ཁབ་ཚོང་རྟགས་ཅུས་སུ“ཅི་ལུའེ”རྟགས་ཅན་གྱི་ཚོང་རྟགས་ཐོ་འགོད་བྱས་པ་དང་། ཐོན་རྫས་དགོས་མཁོ་སྐོང་མི་ཐུབ་པ། ནན་ཧན་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ཏུ་ཕྱིར་ཚོང་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།
སྤྱི་ལོ2010ལོར་ཕྱོགས་གཉིས་ཀྱི་དངུལ་འགྲུལ་ལ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར14.9དང་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར1.6བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར4.2བཏང་བའི་བཤས་བྱ་བཤས་ལས་སྣོན་རྣམ་གྲངས་བདེ་བླག་ངང་ནང་འདྲེན་དང་འཛུགས་སྐྲུན་བྱས་པ་དང་། སྤྱི་ལོ2010ལོར་ཝང་ཁུའེ་ཁྲེང་ཏ་བཟའ་བཅའ་ཚད་ཡོད་ཀུང་སིར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3དང་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི1500ཟིན་ཡོད།
སྤྱི་ལོ2011ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི1.47བར་མང་དུ་ཕྱིན་པ་དང་སྒེར་གཉེར་ཁེ་ལས572བར་མང་དུ་ཕྱིན་པ། བཟོ་ལས་ཁེ་ལས21བར་མང་དུ་ཕྱིན་པ། རྫོང་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཕར་ཐང་སྒོར་དུང་ཕྱུར13.5བྱུང་བ་དེས་རྫོང་ཡོངས་ཀྱིGDPཡི་64%བཟུང་བ་དང་ཁྲལ་དངུལ་སྒོར་དུང་ཕྱུར1.65ཟིན་པ་དེས་རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི81.7%བཟུང་བ་དེ་དུས་མཚུངས་ལས24.2%དང72.5%ཡིས་འཕར་ཡོད། སྤྱི་ལོ2014ལོའི་ཟླ7པའི་ཟླ་མཇུག་བར་རྫོང་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་དང་། འཕར་ཐང་། ཁེ་སྤོགས་དང་དཔྱ་ཁྲལ་བཅས་སོ་སོར་སྒོར་དུང་ཕྱུར35.6དང་། སྒོར་དུང་ཕྱུར9.3 སྒོར་དུང་ཕྱུར4.5བཅས་མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས14.4%དང་། 13.2% 18.2%བཅས་འཕར་ཡོད།
ཝང་ཁུའེ་རྫོང་གིས་སྤྱི་ལོ2014ལོར་ཞབས་ཞུའི་ལས་རིགས་དང་། ཡུལ་སྐོར་ལས་རིགས། དངུལ་རྩའི་ལས་རིགས་སོགས་གཙོ་གནད་དུ་བྱས་པའི་ཐོན་ལས་གསུམ་པ་གསར་པ་འཕེལ་རྒྱས་བཏང་བ་བརྒྱུད་རྫོང་ཁོངས་ཀྱི་དཔལ་འབྱོར་འཕར་གཞི་གསར་པ་བཏོད་ཡོད། ཟོག་འགྲེམས་ལས་རིགས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལམ་སྲོལ་བཙུགས་ནས་ཟོག་འགྲེམས་ཐོན་ལས་གླིང་དང་། ཨར་ལས་རྒྱུ་ཆའི་ཐོན་ལས་གླིང་། ཏ་ལུང་ཚོང་དོན་གྲོང་སོགས་ལྷོ་རྒྱུད་ཀྱི་ཟོག་འགྲེམས་འདུས་ཁུལ་ཚད་ལྡན་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། ཧྲོང་ལུང་རླངས་འཁོར་ཐོན་ལས་གླིང་དང་། ཅ་ཧུའེ་ཟོག་འགྲེམས་ཐོན་ལས་གླིང་། ཤིང་ཧྭ་ཨར་ལས་རྒྱུ་ཆའི་ཐོན་ལས་གླིང་། ཁོ་ཡུས་གྱོན་ཆས་ཐོན་ལས་གླིང་སོགས་ཆེད་ལས་ཁྲོམ་རའི་ལས་སྟེགས་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་བསྡུ་ལེན་ནུས་པ་དང་། གཅིག་སྡུད་ནུས་པ། ཤུགས་རྐྱེན་ཐེབས་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ལོ2014ལོར་གླིང་ཁུལ4ལ་སླེབས་པའི་ལས་རིགས་དུད་ཚང236ཡོད་པ་རེད། རྫོང་དེ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི284ཟིན་པ་དང་དོན་དངོས་ཐོག་ཕྱི་དངུལ་ཨ་སྒོར་ཁྲི1995བེད་སྤྱོད་བྱས་ཡོད།
ཝང་ཁུའེ་རྫོང་གི་གྲོང་ཁྱེར་ནང་གི་འཕྲིན་གཏོང་འོད་སྐུད་དང་། རླབས་ཕྲན་བརྒྱུད་འདྲེན། གོ་རིམ་ཚོད་འཛིན་བརྗེ་རེས་བཅས་ཀྱི་གཙོ་གཟུགས་དྲ་རྒྱ་ཆགས་ནས་བརྒྱུད་གཏོང་གྲངས་གཞི་ཅན་མངོན་འགྱུར་བྱུང་ཡོད། རྫོང་ཡོངས་ཀྱི་ཁ་པར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཁྲི2.5ཟིན་པ་དང་གྲོང་ཚོ192ཚང་མར་གོ་རིམ་ལྡན་པའི་ངང་ཚོད་འཛིན་བྱེད་པའི་ཁ་པར་ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་ནང་ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་ཏུན10000ཟིན་པའི་ཆུ་གཙང་སེལ་བཟོ་གྲྭ་གཅིག་ཡོད་པ་དང་རྫོང་དེ་ཡོངས་ཀྱི་གློག་ཤུགས་ཤོང་ཚད་བསྡོམས་འབོར་ཆན་ཧྥུའུ་ཨན65340ཟིན་ཡོད། སྤྱི་ལོ1998ལོར་ཝང་ཁུའེ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི5000བཏང་ཡོད།
ཝང་ཁུའེ་རྫོང་གིས་མ་དངུལ་སྒོར་ཁྲི2625བཏང་ནས་གཞུང་ལམ་གསར་པ་སྨི5000རིང་དུ་བཏང་བ་དང་། ཆུ་འབུད་མདོང་ལམ་སྨི6017བཏིང་བ། སྔོ་འགྱུར་དང་འོད་ཅན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ། སྤྱི་ལོ2014ལོའི་ཟླ9པར་འགྲོ་ལམ་ཇུས་འགོད་དང་ཆུ་འབུད་ཇུས་འགོད་ལེགས་གྲུབ་ཟིན་ནས་ས་ཆ་བསྡུ་ལེན་རིམ་བཞིན་བྱེད་བཞིན་ཡོད་པ་དང་། མ་དངུལ་སྒོར་ཁྲི1650བཏང་ནས་དྲོད་རླངས་མཁོ་འདོན་དང་། གློག་མཁོ་འདོན། ཆུ་མཁོ་འདོན། བཙོག་ཆུ། གད་སྙིགས་གཙང་སེལ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྲུན་ནས་ལས་གྲྭ་ཁག་ཛ་དྲག་ངང་སྐྲུན་བཞིན་ཡོད་པ་དང་། མ་དངུལ་སྒོར་ཁྲི400བཏང་ནས་འགྲེམས་ཁང་དང་འགྲེམས་ཁང་སོགས་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་རྩིས་ཡོད།
2014ལོར་བྱིས་པའི་སློབ་ལོ་རན་པའི་སློབ་གསོའི་ལས་དོན་སྤེལ་ཞིང་། རྫོང་སློབ་ལོ་རན་པའི་སློབ་གསོ་ལྟེ་གནས་ཀྱིས་ལོ0ནས3བར་གྱི་བྱིས་པ40གསར་དུ་སློབ་ཞུགས་བྱས་པ་དང་འབྲེལ་ཤར་ཁུལ་དང་། ཞིང་པའེ་ཡུལ་ཚོ་དང་གྲོང་རྡལ་གཉིས་ལ་ཚོད་ལྟ་བྱས། སྤྱི་ལོ1996ལོར་ཁྲེན་ཞི་ཧུའེ་དང་། མ་ཏ་རྨིན། ཀྲང་ཡུང་ལིང་བཅས་ཝང་ཁུའེ་རྫོང་གི་རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་ཡིག་རྒྱུགས་ཀྱི་མདུན་གྲལ་བཅུ་ལ་སླེབས། སྤྱི་ལོ1998ལོར་ཞའོ་ཅུན་ཡུས་ཀྱིས་སྐར་མ692ཀྱི་གྲུབ་འབྲས་ཐོག་ནས་བྱང་ཤར་ཞིང་ཆེན་གསུམ་གྱི་རང་བྱུང་ཚན་རིག་ཚན་ཁག་གི་ཨང་དང་པོ་བླངས་པ་དང་། པེ་ཅིན་སློབ་ཆེན་དུ་རྒྱུགས་འཕྲོད། སྤྱི་ལོ2003ལོར་ཨ་རིའི་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་མུ་མཐུད་ཟབ་སྦྱོང་བྱས། སྤྱི་ལོ1999ལོར་ཝུའུ་ཏུང་ཝེ་པེ་ཅིན་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། རྫས་འགྱུར་ལ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ། སྤྱི་ལོ2002ལོར་རྫོང་གི་སློབ་འབྲིང་དང་པོའི་མི21སྐར་མ600ལས་བརྒལ་བ་དང་། སྤྱི་ལོ2003ལོར་མི83གཙོ་གནད་སློབ་ཆེན་དུ་རྒྱུགས་འཕྲོད། སྤྱི་ལོ2004ལོར་མི105གཙོ་གནད་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། སྤྱི་ལོ2005ལོར་མི47ལ་སྐར་མ600ལས་བརྒལ་ཡོད། དེའི་ནང་ལོ་དེའི་སློབ་མ30ལྷག་ཡོད་པ་དང་། མི96གཙོ་གནད་སློབ་ཆེན་དུ་ཚུད་ཡོད། སྤྱི་ལོ2006ལོར་མཐོ་རྒྱུགས་ལ་མི44།ཞུགས་པ་དང་སྐར་མ600ལས་བརྒལ་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སློབ་ཆེན་གྱི་སྐར་གྲངས་ཚད་གཞིར་སླེབས་པའི་མི114ཡོད་པ། རེའུ་མིག་གཉིས་པའི་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ཚད་གཞིར་སླེབས་པའི་མི437ཡོད་པ། རེའུ་མིག་གསུམ་པ་ཡན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ750བསྡུ་རྒྱུ་ཡིན་པ། སློབ་མ་འབོར་ཆེན་ཞིག་ཧ་ཨེར་པིན་བཟོ་ལས་སློབ་ཆེན་དང་། ཅི་ལིན་སློབ་ཆེན། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། ཀྲུང་དབྱང་ནོར་དཔལ་སློབ་ཆེན། པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཀྲུང་གོ་ཁྱབ་སྤེལ་སྨྱན་སྦྱོར་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན། ཐུང་ཅི་སློབ་ཆེན། ཐེན་ཅིན་སློབ་ཆེན། བྱང་ཤར་སློབ་ཆེན་སོགས་གྲགས་ཅན་གཙོ་གནད་སློབ་ཆེན་གྱིས་བསྡུས་ཡོད།
སྤྱི་ལོ2014ལོར་ཝང་ཁུའེ་རྫོང་གིས་གྲོང་གསེབ་སྨན་པའི་གན་འཇོག་ཞབས་ཞུ་ལག་བསྟར་བྱས་ནས་གྲོང་གསེབ་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་དེ་གླ་ཕོགས་དང་ཟུང་འབྲེལ་བྱས་ཡོད། སྐྱ་འགྲིབ་ཕོག་པའི་ནད་པ92ལ་རིན་མེད་ངང་གཤགས་བཅོས་བྱས་པ་རེད། མངལ་ཆགས་པའི་བཟའ་ཟླ679ལ་རིན་མེད་ངང་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱས།
ཐང་ཆེན་དུ་གློག་བརྙན་སྟོན་པའི་གཟའ་འཁོར་གྱི་བྱེད་སྒོ་དེ་སྤྱི་ལོ2014ལོའི་ཟླ10པར་སྤེལ་བ་ཡིན། གྲངས་འཛིན་བརྙན་འཕྲིན་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཟླ6པའི་ཟླ་མཇུག་བར་གྲོང་གསེབ་ཏུ་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང3100མང་དུ་བཏང་ཡོད།
ཝང་ཁུའེ་རྫོང་གི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར305ནས་སྒོར376བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར1718ནས་སྒོར2181བར་མཐོ་རུ་བཏང་བ། གྲོང་ཁྱེར་གྱི་ཕྱོགས་གཉིས་དམའ་བའི་མི་ཚོགས་ཀྱི་སྨན་བཅོས་འགན་བཅོལ་བྱ་ཡུལ་གྱི་འགན་བཅོལ་ནང་ཞུགས་ཚད་ཀྱི100%ཟིན་ཡོད། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་ཐོག་དང་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་མི་སྣའི་ཕོགས་སྣོན་དང་ཁ་གསབ་བྱེད་ཚད་མཐོ་རུ་བཏང་བ་དང་། ཆ་སྙོམས་སུ་ཟླ་རེར་ཕོགས་སྣོན་དང་ཁ་གསབ་བྱེད་ཚད་སྒོར200མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིབ་བཤེར་རྩིས་སུབ་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་བཅད་གྲངས་སྒོར་ཁྲི1.3ནས་སྒོར་ཁྲི3བར་མཐོ་རུ་བཏང་བ་དང་། རྫོང་ནང་ཁུལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཀྱི65%ནས70%བར་མཐོ་རུ་བཏང་ཡོད།