སྤྱི་ལོ1949ལོའི་ཟླ5པའི་ཚེས6ཉིན། ཅང་ཧྲན་རྫོང་བཅིངས་འགྲོལ་བཏང་། ཟླ7པའི་ཚེས་1ཉིན་ཀྲེ་ཅང་ཞིང་ཆེན་གྱི་ཁུལ་གསུམ་པའི་ཁོངས་སུ་གཏོགས། ཟླ10པར་ཀྲོན་ཆུས་གསུམ་པ་དེ་ཆུས་ཀྲོའུ་ཀྲོན་ཆུས་སུ་བསྒྱུར་ཞིང་། ཆུས་ཀྲོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1955ལོར་ཅིན་ཧྭ་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1985ལོར་ཅིན་ཧྭ་དང་ཆུས་ཀྲོའུ་གྲོང་ཁྱེར་གཉིས་སོ་སོར་བཙུགས་པ་དང་། ཆུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ1987ལོའི་ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅང་ཧྲན་རྫོང་མེད་པར་བཟོས་ནས་ཅང་ཧྲན་གྲོང་ཁྱེར(རྫོང་རིམ་པ)བཙུགས་ཏེ་ཆུས་ཀྲོའུ་ཡི་ཁོངས་སུ་གཏོགས་སོ།།
སྤྱི་ལོ2019ལོའི་ཟླ11པའི་ཚེས14ཉིན་བར། ཁོངས་གཏོགས་སུ་གྲོང་རྡལ11དང་ཡུལ་ཚོ5དང་སྲང་ལམ3དང་སྲིད་འཛིན་གྲོང་ཚོ292 སྡེ་ཁུལ13སྟེ། ཧུའུ་ཧྲན་སྲང་ལམ་དང་། ཧྲོང་ཐ་སྲང་ལམ། ཆིང་ཧུའུ་སྲང་ལམ་བཅས་དང་། ཧྲང་ཡུས་གྲོང་རྡལ་དང་། སི་ཏུའུ་གྲོང་རྡལ། ཧོ་ཀྲེན་གྲོང་རྡལ། ཧྥེང་ལིན་གྲོང་རྡལ། ཞ་ཁོའུ་གྲོང་རྡལ། ཁྲང་ཐའེ་གྲོང་རྡལ། ཧྲི་མོན་གྲོང་རྡལ། ཏ་ཆའོ་གྲོང་རྡལ། ཐན་ཧྲི་གྲོང་རྡལ། ཤིན་ཐང་པེན་གྲོང་རྡལ། ཆི་པ་ཏུའུ་གྲོང་རྡལ་བཅས་དང་། ཀྲང་ཚུན་ཡུལ་ཚོ་དང་། པའོ་ཨན་ཡུལ་ཚོ། ཐེན་ཡའོ་ཡུལ་ཚོ། ཏ་ཁྲེན་ཡུལ་ཚོ། ཐང་ཡོན་ཁོའུ་ཡུལ་ཚོ་བཅས་སོ།།
ཅང་ཧྲན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་ཆུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀྲེ་ཅང་དང་། ཧྥུ་ཅན། ཅང་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཤར་གྱི་གཞུང་ཐིག118°22′37″ནས118°48′48″བར་དང་། བྱང་གི་འཕྲེད་ཐིག28°15′26″ནས28°53′27″བར་དུ་གནས་ཡོད་པ་ཡིན། བྱང་ཤར་ངོས་སུ་ཁོ་ཁྲེང་ཆུས་དང་། ཤར་ངོས་ནི་ཆུས་ཅང་ཆུས་དང་སུའེ་ཁྲང་རྫོང་དང་། ལྷོ་ནས་ཧྥུ་ཅན་ཞིང་ཆེན་ཕུའུ་ཁྲེང་རྫོང་། ནུབ་ནས་ཅང་ཞི་ཞིང་ཆེན་ཡུས་ཧྲན་རྫོང་དང་ཀོང་ཧྥེང་རྫོང་དང་ས་མཚམས་འབྲེལ་བ་དང་། བྱང་ངོས་ཁྲང་ཧྲན་རྫོང་དང་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ70.75དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ41.75ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2019ཡོད་པ་རེད།
ཅང་ཧྲན་གྲོང་ཁྱེར་གྱི་ས་ངོས་ཆགས་ཚུལ་ལ་སྣ་ཁ་མང་ཞིང་། རི་ཁུལ་གྱི་རི་མ་ཐང་གཙོ་བོ་ཡིན་པ་དང་། དེར“རི་བོ་མང་ཤོས་ཞིང་དང་ཆུ་ཡིས་བསྐོར”ཞེས་འབོད་སྲོལ་ཡོད་པ་དང་། དེའི་ནང་ངོས་སྙོམས་ཐང་དང་ལུང་གཞུང་གིས11.2%ཟིན་པ་དང་། རི་ཁུལ་གྱི་རི་མ་ཐང་གིས88.8%ཟིན་པ་རེད། ས་བབ་ཀྱི་ཤར་ལྷོའི་མཐོ་ཞིང་ནུབ་བྱང་གི་དམའ་བ་དང་། དབུས་རྒྱུད་ནི་ལུང་གཞུང་ཁུལ་ཡིན་ཞིང་། ཁྱོན་ཡོངས་ནས་ཆ་མི་འགྲིག་པའི“ཀོང་དབྱིབས”ཤིག་ཡིན་པ་རེད།
ཅང་ཧྲན་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བ་དབུས་རྒྱུད་ཀྱི་བརླན་གཤེར་ཆེ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་ཤིང་། གཤོང་སའི་གནམ་གཤིས་ཀྱི་ཁྱད་ཆོས་ཀྱང་ལྡན་པས། དབྱར་དགུན་གྱི་དུས་རླུང་རེས་མོས་མངོན་གསལ་ཡིན་པ་དང་། དུས་བཞིའི་དྲོ་གྲང་དང་སྐམ་ཤས་ཆེ་བ། ཉི་འོད་འབེལ་བ། ཆར་ཆུ་འབེལ་བ། ཆར་ཆུ་དང་ཚ་བ་ཆེ་བ་བཅས་རེད། ལོ་མང་རིང་ཆ་སྙོམས་དྲོད་ཚད17.0℃ཡིན་པ་དང་སད་མེད་དུས་ཉིན249.7ཡས་མས་ཡིན་ཞིང་། ས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲོང་ཁྱེར་ཁུལ་གྱི་ཆར་ཆུ་དང་དྲོད་ཚད་ཀྱི་ཧེ་བག་ཅུང་ཆེ་བ་དང་ལངས་གཟུགས་ཀྱི་གནམ་གཤིས་མངོན་གསལ་དོད་པ་དང་། དབུས་བྱང་རྒྱུད་ཀྱི་ས་བབ་མཐོ་ཚད་སྨི250མན་གྱི་ལུང་གཞུང་གི་རི་མ་ཐང་བདེེ་བར་ཡོད་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ17ཡན་ཟིན་གྱི་ཡོད། ལྷོ་རྒྱུད་དང་རི་ཁུལ་དམའ་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ17ཡང་ཟིན་གྱི་མེད། ཟླ་དང་པོར་ཆ་སྙོམས་དྲོད་ཚད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི200མན་གྱི་ལུང་གཞུང་དུ་ཧྲེ་ཧྲི་ཏུའུ5ཡན་ཟིན་གྱི་ཡོད།
ཅང་ཧྲན་གྲོང་ཁྱེར་གྱི་ས་བབ་ལྷོ་ཕྱོགས་མཐོ་ལ་བྱང་ཕྱོགས་དམའ་བ་དང་། ཞན་ཞ་ལིང་ཤར་ལྷོའི་མཚམས་སུ་ཆགས་པ། ཧོའེ་ཡུས་རི་བོའི་ཡན་ལག་ནུབ་བྱང་དུ་ཆགས་པ། མཐོ་ཤོས་ནི་ལྷོ་རྒྱུད་ཀྱི་ཏ་ལུང་སྒང་ཡིན་པ་དང་། ས་བབ་མཐོ་ཚད་སྨི1500.3ཡོད་པ་རེད། བྱང་རྒྱུད་ཀྱི་གྲུ་ཁར་འཐེན་ཡོད་ཅིང་ས་བབ་མཐོ་ཚད་སྨི73ཡོད་པ་བཅས་རེད།
ཅང་ཧྲན་གྲོང་ཁྱེར་གྱི་ལོ་རེའི་རྒྱུག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་22.8ཟིན་པའི་ནང་ས་ངོས་ཀྱི་རྒྱུག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར20.5དང་ས་འོག་གི་རྒྱུག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.3ཟིན་ཡོད། ཆུ་བོ་གཙོ་བོ་ནི་རི་ཀླུང་དང་གྲུ་ཁའི་གཙང་པོ་ཡིན་པ་དང་། ཆན་ཐང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ལག་ཡིན་ལ། རི་ཁུལ་རང་བཞིན་གྱི་ཆུ་བོ་ཡིན་པས། བར་ཁྱད་ཅུང་ཆེ། ཆུ་གནས་དང་བཞུར་ཚད། བཞུར་ཚད་བཅས་ཀྱི་འགྱུར་ལྡོག་དང་། ཆར་ཆུའི་འགྱུར་ལྡོག་གི་ཤུགས་རྐྱེན། འགྱུར་ལྡོག་གི་ཚད་ཅུང་ཆེ། འབྲུབ་ཆུ་རྒྱས་པའི་དུས་སྐབས་ནི་ལོ་རེའི་ཟླ4པའི་རྗེས་དང་། ལྷག་པར་དུ་ཟླ5པ་ནས6པའི་བར་ནི་ཆར་ཆུ་འབེལ་བའི་དུས་ཚིགས་ཡིན་ཞིང་། ཆུ་འབྲུབ་པའི་དུས་སུ་བྱེ་མ་འདུས་ཚད་མཐོ་བ་དང་། ཆུ་སྐམ་དུས་ནི་ཟླ7པ་ནས8པའི་བར་ཐན་པ་བྱུང་བའི་དུས་སྐབས་དང་དེའི་རྗེས་ཀྱི་དུས་སྐབས་སུ་བྱུང་བ་ཡིན།
རྨོ་ཞིང་མུའུ་ཁྲི50.39ཡོད་པའི་ནང་ཆུ་ཞིང་མུའུ་ཁྲི40.34ཡོད་པ་དང་། ཆུ་ངོས་མུའུ་ཁྲི6.13(གསོ་སྤེལ་མུའུ་ཁྲི2.3)ཡོད་པ་དང་། རི་ཁུལ་མུའུ་ཁྲི231ཟིན་པའི་ནང་ས་སེར་རི་མ་ཐང་མུའུ་ཁྲི76ཡོད། ཆུ་ཤུགས་གློག་འདོན་གསར་སྤེལ་བྱེད་ཚད་སྟོང་ཝ་ཁྲི8.81ཟིན་ཡོད། ས་འོག་གི་གཏེར་ཁ་ལ་རྡོ་ཐལ་རྡོ་དང་། སྲིན་རྡོ། རྡོ་དཀར་རྡོ། རྡོ་སོལ། ལིན་གཏེར་རྡོ། ཧ་ཡང་རྡོ། ས་མྱགས་རྡོ། ཀ་མ་རུའི་བྲག་རྡོ། སྭེལ་རྡོ་ཐལ་རྡོ་སོགས་རིགས་20ལྷག་ཡོད།
སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར་ཁྲི61.65ཟིན་པའི་ནང་སྐྱེས་པའི་མི་འབོར་ཁྲི31.62དང་བུད་མེད་མི་འབོར་ཁྲི30.03ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་སོ་སོར51.3%དང48.7%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར9093ཡོད་པ་དང་། སྐྱེས་ཚད14.75‰ཟིན་པ་དང་། ཤི་བའི་མི་འབོར་4497ཟིན་པ་དང་ཤི་ཚད་7.29‰ཟིན་པ་བཅས་རེད། སྤྱི་ལོ2016ལོ་དང་བསྡུར་ན་སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་སྐྱེས་ཚད2.58‰འཕར་བ་དང་། ཤི་ཚད1.56‰འཕར་བ་དང་། རང་བྱུང་འཕར་ཚད7.45‰འཕར་ནས་འགྱུར་ལྡོག་ཅུང་ཆེ་བ་བཅས་རེད།
སྤྱི་ལོ2013ལོར་ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར235.25ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར20.79ཟིན་ནས1.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར131.98ཟིན་ནས10.9%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར82.47ཟིན་ནས9.3%འཕར་ཡོད། ཐོན་ལས་གསུམ་པའི་ནང་དངུལ་རྩའི་ལས་རིགས་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས། དེ་བཞིན་ས་ཁང་ཐོན་ལས་ཀྱི་འཕར་ཐང་བཅས་འཕར་མགྱོགས་ཙམ་བྱུང་ནས་ལོ་གོང་མ་ལས་སོ་སོར18.8%དང་། 10.7% 10.1%བཅས་འཕར་བ་དང་། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས7.5%འཕར་བ་དང་། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས7.2%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་ལོ་གོང་མ་ལས4.8%འཕར་བ་རེད། ཆ་འཕྲིན་བརྒྱུད་གཏོང་དང་། རྩིས་འཁོར་གྱི་ཞབས་ཞུ། མཉེན་ཆས་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས་བརྒྱ་ཆ4.5འཕར་ཡོད།
སྤྱི་ལོ2013ལོར་ཅང་ཧྲན་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཐོག་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི2778.7ཟིན་པའི་ནང་ལྕགས་ལམ་ཏུན་ཁྲི305.7ཟིན་ནས5.4%འཕར་བ་དང་། གཞུང་ལམ་ཏུན་ཁྲི2473ཟིན་ནས3.7%ཆག་ཡོད། སྤྱི་ལོ2013ལོར་ཅང་ཧྲན་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་སྤྱད་དེ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི2337.68ཟིན་པའི་ནང་ལྕགས་ལམ་ནང་མི་ཁྲི54.68ཟིན་ནས11.7%འཕར་བ་དང་། གཞུང་ལམ་ཁྲི2283ཟིན་ནས1.1%འཕར་ཡོད། སྤྱི་ལོ2013ལོར་ཅང་ཧྲན་གྲོང་ཁྱེར་ཡོངས་ཀྱི་དམངས་སྤྱོད་རླངས་འཁོར52937ཡོད་པ་དེ་ལོ་གོང་མ་ལས16.6%འཕར་བའི་ནང་འགྲུལ་སྐྱེལ་རླངས་འཁོར41005དང་ཟོག་འདྲེན་རླངས་འཁོར10296ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྦག་སྦག་འཁོར་ལོའི་གྲངས་འབོར39359ཟིན་ནས0.8%འཕར་ཡོད། སྤྱི་ལོ2013ལོར་ཅང་ཧྲན་གྲོང་ཁྱེར་གྱི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་སྣ་ཚོགས་ཀྱི་ལམ་ཚད་སྤྱི་ལེ1892.62ཡོད་པ་དེའི་ནང་རིམ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1757.02ཟིན་ཡོད།
མཛེས་ལྗོངས་ཁུལ་གཙོ་བོ་ནི་ཅང་ལང་ཧྲན་མཛེས་ལྗོངས་ཁུལ་དང་། ཆིང་ཡིའུ་མཛེས་ལྗོངས་ཁུལ། ཆིའུ་པ་ཏུའུ་གནའ་གྲོང་། ཧྥུ་ཀའེ་སྟོད་བྲག་ཕུག་ཚོགས་པ། འཆམ་མཐུན་ཚོན་རྫའི་རིག་གནས་གྲོང་ཚོ། ཤན་ཞ་ལིང་མཛེས་ལྗོངས་ཁུལ། ཏའེ་ལིའི་གསང་བའི་ཁང་པ། ཧྲི་ཀུའུ་གྲོག་རོང་། ཟླ་བ་མཚེའུ་མཛེས་ལྗོངས་ཁུལ། གྲོང་ཁུལ་མཛེས་ལྗོངས་ཁུལ་སོགས་ཡོད།
ཅང་ཧྲན་ལ་སྔ་རྗེས་སུ“ཀྲུང་གོའི་སྤྲེལ་ཁམ་གྱི་ཕ་ཡུལ”དང་། “ཀྲུང་གོའི་ངང་དཀར་གྱི་ཕ་ཡུལ” “ཀྲུང་གོའི་ཤ་མོ་དཀར་པོའི་ཕ་ཡུལ” “ཀྲུང་གོའི་སྦྲང་མའི་ཕ་ཡུལ” “ཀྲུང་གོའི་ཨར་འདམ་གྱི་ཕ་ཡུལ” “ཀྲུང་གོའི་ཤིང་སྒོའི་ཕ་ཡུལ” “མའོ་ཙེ་ཏུང་གི་ཕ་ཡུལ” “ཀྲུང་གོའི་གྲོང་གསེབ་ཀྱི་གླུ་ཡུལ” “ཀྲུང་གོའི་བདེ་སྐྱིད་ལྡན་པའི་གྲོང་གསེབ”བཅས་ཀྱི་མིང་བཏགས་ཡོད།
སྤྱི་ལོ2017ལོའི་ཟླ6པར། ཅང་ཧྲན་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ཞེས་མིང་བཏགས་པ་རེད། སྤྱི་ལོ2018ལོའི་ཟླ10པར“2018ལོའི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོའི”ནང་ཚུད་པ་དང་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ9པར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོར་བདམས་པ་རེད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱ་རུ་བདམས་པ་བཅས་སོ།།