གནས་རི་དཀར་སྐུ་ལྷ་དར་མདོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-04-03 10:58ལ་འགྲུབ།

གནས་རི་དཀར་སྐུ་ལྷ་དར་མདོང་།

གནས་རི་དཀར་སྐུ་ལྷ་དར་མདོང་།
རི་རྒྱུད་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ160ཡས་མས་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格拉丹东
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ།
རི་རྒྱུད།
གདང་ལའི་རི་རྒྱུད།
གནམ་གཤིས།
མཐོ་སྒང་གི་གནམ་གཤིས།
རིགས་དབྱེ།
གནས་རི།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་ལྷོ་ནུབ་མཚམས།
གནམ་གཤིས།
མཐོ་སྒང་གི་གནམ་གཤིས།
1 ​ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ160ཡས་མས་མཚམས་སུ་ཡོད།   རི་རྩེར་གངས་དར་མདོང་མདོང་ལྷ་སྐུ་འདྲ་བ་ཞིག་གི་ཚུགས་སུ་ཆགས་ཡོད་པས་དེ་ལྟར་དུ་ཐོགས་པར་བཤད།    གླིང་སྒྲུང་ནང་དུའང་དེ་ལྟར་བཀོད་ཡོད་པ་རེད།  གདང་ལའི་རི་བོ་གཙོ་གྲས་ལ་གསུམ་ཡོད་སྟེ། རི་དཀར་མར་གྲམ་གསུམ་ཡིན། ཆུ་བོའི་གཞུར་རྒྱུན་ལ་བསྟུན་ནས་མིང་ཆགས་པ་ཡིན་པར་བཤད།   སྐུ་ལྷ་དར་མདོང་གི་སྲིབ་ངོས་ཀྱི་ཇོ་མོ་རི་དམར་མདུན་དུ་གདང་ལའི་ཡུལ་སྐད་ལ་ཉ་ཚང་ལུ་མ་ཞེས་པའི་ཆུ་ཚན་ཞིག་ཡོད་ལ་ལུ་མ་ནི་དགུན་དུས་དར་ཆགས་རྒྱུ་མེད་པའི་ཆུ་ཚན་ཞེས་པའི་དོན་ཡིན།   ཇོ་མོ་རི་དམར་དང་སྐུ་ལྷ་དར་མདོང་གཉིས་ནི་མཛའ་གྲོགས་ཡིན་པར་བཤད་ལ།  ཉ་ཚང་ལུ་མ་ཞེས་པའི་ཆུ་ཚན་དེ་ནི་ཁོང་གཉིས་ཐོག་དང་བོར་འཁྲིག་སྦྱོར་བྱས་པ་ལས་བྱུང་བ་ཡིན་པར་བཤད་ལ། ཉ་ཚང་ལུ་མའི་མདུན་དུ་མཚོ་མདོག་དམར་མདང་ལྡན་པའི་མཚོ་ཀོར་ཞིག་ཡོད་པ་ནི་འཁྲིག་ཆུ་ཡིན་པའི་བཤད་སྲོལ་ཡོད།  དམར་ཆུ་ནི་ཕོ་ལྷ་མོ་ལྷ་གཉིས་འཁྲིག་སྦྱོར་བྱས་པའི་མཚན་དཀར་དམར་འདྲེས་པའི་འཁྲིག་ཆུ་ཡིན་པར་བཤད། དེང་སྐབས་མི་ཟོག་ཀུན་གྱི་བཏུང་ཆུ་རུ་གྱུར་ཡོད་པ་རེད།  གདང་ལའི་དམར་ཆུའི་མགོ་ཁུངས་ནི་ཇོ་མོ་རི་དམར་མདུན་ངོས་ཀྱི་ཉ་ཚང་ལུ་མ་ཡོད་སའི་རི་རྒྱུད་ཀྱི་གངས་ཆུ་ཡིན།  སྐུ་ལྷ་དར་མདོང་གི་སྲིབ་ཕྱོགས་སུ་སྔོན་ཆད་གངས་བརྒྱ་མཆོད་པ་ཞེས་པའི་གངས་རི་བརྒྱ་ཡི་མཆོད་པ་བཤམས་ཡོད་པའི་གངས་དར་ཡོད།   དེང་སྐབས་འཛམ་གླིང་སྤྱིའི་དྲོད་ཚད་མར་འབབ་ཀྱིན་ཡོད་པའི་རྐྱེན་གྱིས་ད་ལྟ་གངས་དར་དེ་འདྲ་མང་བོ་མེད།   གནས་རི་འདིའི་བྱང་ཤར་ཕྱོགས་སུ་གྲམ་ཆུ་བཞུར་བཞིན་ཡོད་ལ་མགོ་ཁུངས་ནི་རྫ་འདུ་གངས་རྒན་གྱི་རྫ་ཆུ་དང་གངས་ཆུ་ཡིན།    ཇོ་མོ་རི་བོའི་ཤར་ལྷོའི་ཕྱོགས་སུ་ཇོ་མོ་མཚོ་སྔོན་ཞིག་ཡོད།  སྔོན་ཆད་གནས་ཧ་ཅང་སྐྱིད་པོ་ཡིན་ལ་མཚོ་མོའི་མཐའ་འཁོར་དུ་འབྲོང་རྐྱང་གཙོད་གསུམ་གཙོ་བྱས་པའི་རི་སྐྱེས་རི་དྭགས་སྣ་ཚོགས་ཡོད།

2 ཁོར་ཡུག་སྲུང་སྐྱོབ་ལ་ཐོན་པའི་ནུས་པ།

གནས་རི་འདི་ནི་གདང་ལའི་དམངས་ཁྲོད་དུ་ཧ་ཅང་གཙིགས་ཆེན་དུ་འཛིན་པ་མ་ཟད་ཡུལ་ཕྱོགས་སོའི་དད་ལྡན་པ་དང་ཡུལ་སྐོར་གང་མང་གིས་གནས་མཇལ་བྱེད་སའམ་བཀུར་བསྟི་བྱ་ཡུལ་གཙོ་བོར་གྱུར་ཡོད་པ་རེད།  དེ་མིན་གནས་རིའི་ཉེ་འཁོར་དུ་ཡིད་དབང་འཕྲོག་པའི་ངག་རྒྱུན་གཅིག་ལ་གཅིག་རྟེན་དུ་གྲུབ་ཡོད་པ་དང་རི་མགོར་ཁ་བའམ་གངས་དར་གྱིས་གཡོགས་ཤིང་།  རི་སྐེད་ཤིང་ཕྲན་དང་སྨན་རྩྭ་སྣ་ཚོགས་ཀྱི་དྲི་བསུང་ཕྱོགས་བཞིར་བཀྲམས་པ།  སྤང་ལྗོངས་གཡུ་ལྟར་གཅལ་བ། སྔོ་ཞིང་དྭངས་པའི་ཆུ་མིག་དང་ཆུ་ཕྲན་འབབ་པ། རི་སྐྱེས་སྲོག་ཆགས་རྩ་ཆེན་བག་ཡངས་སུ་ཁྱུ་དང་ཁྱུ་བྱས་ནས་འཚོ་གཞིས་བཅོས་པའི་དག་པའི་ཞིང་ཁམས་སུ་ཆགས་ཡོད་པ་རེད།  ལ་ལར་རང་རེའི་རང་བྱུང་ཁོར་ཡུག་ལ་བཀུར་བསྟི་བྱ་བ་དང་ཕ་ས་ཕ་ཡུལ་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་བ་དོད་པའི་རིག་གནས་སེམས་ཁམས་ལེགས་པའི་མཁའ་དབུགས་ཁྲོད་རི་དྭགས་མི་རྔོན་པ་དང་ས་བརྐོ་རྡོ་སློག་མི་བྱ་བ། རང་བྱུང་གཏེར་ཁ་མི་འབྱེད་པ། ཤིང་ནགས་གཅོད་འབྲེག་མི་བྱེད་པ། ཁོར་ཡུག་འབག་བཙོག་མི་བཟོ་བ། གཙང་ཆུ་མི་རྙོག་པ་བཅས་ཀྱི་ཁོར་ཡུག་ལ་ཕན་པའི་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་ཆགས་ཡོད་པས་དབང་གིས་བོད་ཀྱི་ཡུལ་ཕྱོགས་སོ་སོར་སྐྱེ་ཁམས་སུ་གཏེར་ཁ་སོགས་འཇོག་པ་ལས་དེ་ལས་ཕྱིར་འདྲུད་རྐོ་སློག་མི་བྱ་བའི་དཔེ་བཞིན་གནས་རི་དཀར་སྐུ་ལྷ་དར་མདོང་གི་ཁོར་ཡུག་ཀྱང་གདོད་མའི་ཡུལ་ཁམས་ཀྱི་རྣམ་པ་སོར་འཇོག་བྱས་ཡོད་པ་སྨྲས་མེད་རེད། གནས་རི་འདི་ལ་མཇལ་ཚེ་བསམ་དོན་ཡིད་བཞིན་དུ་འགྲུབ་པ་ཡིན་པའི་བཤད་སྲོལ་ཡོད་པས་ལོ་རེར་དབྱར་དུས་དང་དགུན་དུས་སྐབས་སུ་མི་གང་མང་གནས་དེར་ཕྱིན་ཏེ་ལྷ་བསང་གཏོང་བ་དང་དར་ལྕོག་འཐེན་པ། རླུང་རྟ་སྤུར་བ་བཅས་བྱེད་བཞིན་ཡོད།  གདང་ལའི་ཡུལ་མི་རྣམ་པས་ཀྱང་འབྱུང་ཁམས་ཀྱི་ཆོས་ཉིད་དང་འགལ་བའི་སྤྱོད་ངན་ཏིལ་འབྲུ་ཙམ་ཡང་བཟོ་མི་སྲིད་ལ་རང་བྱུང་ཁོར་ཡུག་ལ་འཕྲོད་པའི་ས་གཏེར་དང་མཚོ་གཏེར་འབུལ་ནས་སྲུང་སྐྱོབ་གི་འགན་འཁྲིའི་འོས་འགན་བླ་མེད་དེ་ནམ་ཡང་ཕྲག་སྟེང་ལ་འཁུར་བ་དང་ཧུར་བརྩོན་གྱི་ཀུན་སློང་ལ་ནམ་ཡང་ནག་མནོག་གི་དྲི་མ་འགོས་མེད་པའོ།