ཏུ་ཧུའེ་གྲོང་ཁྱེར།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-06 10:19ལ་འགྲུབ།

ཏུ་ཧུའེ་གྲོང་ཁྱེར།

ཏུ་ཧུའེ་གྲོང་ཁྱེར།
ཏེ་ཧུའེ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་སུང་ལིའོ་བདེ་ཐང་གི་དབུས་སུ་གནས་ཡོད། ཤར་ཕྱོགས་སུང་ཧྭ་གཙང་པོ་དང་ཡུས་ཧྲུའུ་གྲོང་ཁྱེར། ཧྲུའུ་ལན་རྫོང་དང་ཁ་སྤྲོད་དུ་གནས་ཤིང་། ནུབ་ནུང་ཨན་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ནི་ཅིའུ་ཐའེ་གྲོང་ཁྱེར་དང་ཁྲང་ཁྲུན་གྲོང་ཁྱེར་ལ་འབྲེལ་ཡོད། བྱང་ཧྥུ་ཡུ་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3435ཡོད། ཏེ་ཧུའེ་གྲོང་ཁྱེར་ནི་ཅིང་ཧྭ་ལྕགས་ལམ་རྒྱུད་ཀྱི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་དང་། རྒྱལ་ཁབ་རིམ་པའི་སྔོན་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་། ཅི་ལིན་གྱི་ཞིང་ཆེན་གྱི་འཕྲོད་བསྟེན་རིམ་པའི་གྲོང་ཁྱེར་བཅས་ཡིན། བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླའི་ཁུལ་དུ་གཏོགས་པ་དང་།མངའ་ཁོངས་སུ་སུང་ཧྭ་གཙང་པོའི་ཆུ་རྒྱུད་ཡོད་ལ། ས་བབ་ལྷོ་ནུབ་ནས་བྱང་ཤར་དུ་གསེག་ཡོད་པ་དང་། ས་དབྱིབས་ནི་རླབས་དབྱིབས་ཀྱི་འཕེལ་འགྲིབ་ཡིན། སྤྱི་ལོ2017ལོའི་བར་ཏེ་ཧུའེ་གྲོང་ཁྱེར་ལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང4དང་། གྲོང་རྡལ12 ཡུལ་ཚོ4བཅས་ཡོད་པ་ཡིན། སྤྱི་ལོ2015ལོར་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས934839ཟིན་པ་དང་། སྤྱི་ལོ2015ལོར་ཏེ་ཧུའེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར405.0ཟིན་ཡོད་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43270ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德惠市
ཕྱི་ཡིག་གི་མིང་།
Dehui City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
བྱང་ཤར་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4དང་གྲོང་རྡལ12 ཡུལ་ཚོ4བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཧོའུ་ཧྥ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཁུལ་ཨང་རྟགས།
0431
སྦྲག་སྲིད་ཨང་རྟགས།
130300
གནས་ཡུལ།
ཁྲང་ཁྲུན་གྲོང་ཁྱེར་གྱི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3435ཡོད།
མི་འབོར།
མི897115ཡོད(སྤྱི་ལོ2016ལོའི་ཁྱིམ་ཐོའི་མི་གྲངས་བསྡོམས་འབོར)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཏེ་ཧུའེ་ནུབ་ཚུགས་དང་། ཏེ་ཧུའེ་འབབ་ཚིགས།
རླངས་འཁོར་ཚབ་ཨང་།
吉A
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར440.8ཡོད།(སྤྱི་ལོ2016ལོ)
སྲིད་འཛིན་ཚབ་ཨང་།
220183
1 འཛུགས་སྐྲུན་འཕེལ་རིམ།

གནའ་བོའི་དུས་སུ་སུའུ་ཧྲིན་མི་རིགས་ཀྱི་སྡོད་གནས་ཡིན་པ་དང་། ཀྲན་གོའི་དུས་སུ་ཡན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ལ། ཆིང་རྒྱལ་རབས་ཀྱི་དུས་སུ་ལིའོ་ཏུང་གི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་གཉིས་ཀྱི་དུས་སུ་ཧྥུ་ཡུས་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཝེ་ཅིན་རྒྱལ་རབས་ལྷོ་བྱང་གི་དུས་སུ་ཝུའུ་ཅི་རིགས(ཉུས་ཀྲིན་རིགས་ཀྱི་སྔ་མ)སྐྱེ་འཕེལ་འཚོ་གནས་བྱེད་ས་ཡིན།

ཐང་རྒྱལ་རབས་ཀྱི་དུས་སུ་པོ་ཧའེ་རྒྱ་མཚོའི་རྒྱལ་ཁབ་ཧྥུ་ཡུས་ཧྥུ་ཡི་ཞན་ཀྲོའུ་ཡི་མངའ་ཁོངས་ཡིན་པ་དང་། ལིའོ་ཉིན་གྱི་དུས་སུ་ཏུང་ཅིན་ཏའོ་ཧོང་ལུང་ཧྥུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཅིན་གྱིས་ལིའོ་བསྣུབས་རྗེས། སྔ་རྗེས་སུ་ཅི་ཀྲོའུ་དང་ལུང་ཨན་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཡོན་རྒྱལ་རབས་ཀྱི་དུས་སུ། ལིའོ་དབྱང་ཀྲུང་ཧྲུའུ་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཀྲུང་ཧྭ་མིན་གོ་བཙུགས་རྗེས། རྫོང་གི་རྫོང་དཔོན་ལ་རྫོང་སྤྱི་ཁྱབ་ཁང་ཞེས་པར་བསྒྱུར།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)སྲིད་གཞུང་ཐོར་ཞིག་ཏུ་གྱུར་རྗེས། ཅི་ལིན་ཞིང་ཆེན་གྱི་ཐད་སྐྱོང་མངའ་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ8པའི་ཚེས19ཉིན། བྱང་ཤར་ས་ཁུལ་དུ་རིམ་པ་གསུམ་པའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཤིང་། ཅི་ལིན་ཞིང་ཆེན་ཅི་ཁྲང་ཏའོ་གའི་མངའ་འོག་ཏུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པའི(སྤྱི་ལོ1929ལོ)ཟླ4པར།  ཅི་ལིན་ཞིང་ཆེན་གྱི་ཐད་སྐྱོང་ས་ཁུལ་ནས་རྫོང་སྤྱི་ཁྱབ་ཁང་ཞེས་པའི་མིང་དེ་རྫོང་སྲིད་གཞུང་ཞེས་པར་བསྒྱུར།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)མིང་དེ་རྫོང་སྤྱི་ཁྱབ་ཁང་ཞེས་པར་བསྒྱུར་ཅིང་། ཅི་ལིན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་ཉེར་ལྔ་པའི(སྤྱི་ལོ1936ལོ)ཟླ4བའི་ཚེས1ཉིན་རྫོང་སྤྱི་ཁྱབ་ཁང་ཀྲང་ཅ་ཝན་དུ་སྤོས་པ་དང་། ཀྲང་ཅ་ཝན་གྱིས་དེ་དང་ཆབས་ཅིག་མིང་བརྗེས་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ11པའི་ཚེས17ཉིན་བྱང་ཤར་དམངས་གཙོའི་མཉམ་འབྲེལ་དམག་གིས་ཏེ་ཧུའེ་བཅིངས་འགྲོལ་ཐེངས་དང་པོ་བཏང་ནས་རྫོང་མི་དམངས་རང་སྐྱོང་སྲིད་གཞུང་བཙུགས་ཏེ་ཅི་ལིན་ཞིང་ཆེན་གྱི་ཐད་གཏོགས་དམག་དཔུང་གི་མངའ་འོག་ཏུ་བཅུག་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་བའི(སྤྱི་ལོ1946ལོའི)ཟླ5བའི་ཚེས28ཉིན་ནས་མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོའི)ཟླ10བའི་ཚེས20ཉིན། གོ་མིན་ཏང་གིས་དབང་སྒྱུར་བྱེད་སྐབས་སྔར་བཞིན་རྫོང་སྲིད་གཞུང་ཟེར་ཞིང་། གོ་མིན་ཏང་ཅི་ལིན་ཞིང་ཆེན་སྲིད་གཞུང་གི་མངའ་འོག་ཏུ་གཏོགས་པར་བྱས།།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོ)ཟླ10བའི་ཚེས20ཉིན། ཏེ་ཧུའེ་བཅིངས་འགྲོལ་ཐེངས་གཉིས་པ་བཏང་སྟེ་རྫོང་སྲིད་གཞུང་བསྐྱར་འཛུགས་བྱས་པ་དང་། ཅི་ལིན་ཞིང་ཆེན་གྱི་ཐད་སྐྱོང་ཁོངས་གཏོགས་སུ་གཏོགས་པ་ར་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ 1948ལོ)ཟླ6པའི་ཚེས22ཉིན། ཅི་ལིན་ཞིང་ཆེན་གྱི་ཐད་སྐྱོང་རྫོང་དུ་གཏན་འཁེལ་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས།  རྫོང་སྲིད་གཞུང་དེ་རྫོང་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར།

སྤྱི་ལོ1955ལོའི་ཟླ4བའི་ཚེས28ཉིན་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར།

སྤྱི་ལོ1956ལོའི་ཟླ7པའི་ཚེས3ཉིན། ཏེ་ཧུའེ་ཀྲོན་ཡོན་སྤྱི་ཁྱབ་ཁང་ནི་ལོ་དེའི་ཟླ10པའི་ཚེས6ཉིན་ཀོང་ཇོ་ཀྲོན་ཡོན་སྤྱི་ཁྱབ་ཁང་ཞེས་པར་མིང་བསྒྱུར།

སྤྱི་ལོ1958ལོའི་ཟླ10བའི་ཚེས23ཉིན་ཁྲང་ཁྲུན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1966ལོའི་ཟླ1པོའི་ཚེས10ཉིན་ཏེ་ཧུའེ་ཀྲོན་ཡོན་སྤྱི་ཁྱབ་ཁང་གི་མངའ་འོག་ཏུ་བཅུག

སྤྱི་ལོ1968ལོའི་ཟླ2པའི་ཚེས28ཉིན། རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྲང་ཁྲུན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1980ལོའི་ཟླ1པོའི་ཚེས28ཉིན། རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་རྫོང་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར།

སྤྱི་ལོ1994ལོའི་ཟླ7པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུ་དང་། ཞིང་ཆེན་གྱི་ཐད་སྐྱོང་དང་ཁྲང་ཁྲུན་གྲོང་ཁྱེར་གྱིས་ཚབ་ཉར་བྱ་རྒྱུ་དང་། ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་མི་གཏོང་རྒྱུ་བྱས་པ་ཡིན།

སྤྱི་ལོ2005ལོའི་ཟླ8པའི་ཚེས5ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལྟར་སྨི་ཧྲ་ཙི་གྲོང་རྡལ་དང་ཝན་པའོ་གྲོང་རྡལ་གཉིས་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ས་ཁུལ་གྱི་མངའ་འོག་ཏུ་བཅུག་ནས་དངོས་སུ་ལག་བསྟར་བྱེད་སྐབས། གྲོང་རྡལ་གཉིས་ཀྱི་ཁོངས་སུ་གཏོགས་པའི་སྲིད་འཛིན་ས་ཁོངས་ཀྱི་ས་ཆའི་འཆར་འགོད་དང་ཞིབ་མཆན་འགོད་དབང་ཁོ་ན་ལས་གཞན་ཚང་མ་ཏེ་ཧུའེ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུ་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1953ལོའི་ཟླ12བའི་ཚེས28ཉིན། དེ་སྔའི་ཁྲང་ཁྲུན་གྲོང་ཁྱེར་གྱི་སྨི་ཧྲ་ཙི་ས་ཁུལ་དང་ཝན་པའོ་ས་ཁུལ་གཉིས་ཀྱི་སྲིད་འཛིན་གྲོང་ཚོ40ཏེ་ཧུའེ་རྫོང་གི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1955ལོའི་ཟླ6པར། ཞིང་ཆེན་གྱི་ཐག་གཅོད་ལྟར། རྫོང་ཡོངས་ཀྱི་ས་ཁུལ་གཞུང་དོན་ཁང19རང་སོར་བཞག་ཅིང་། རྫོང་མིའི་ཨུ་ཡོན་ལྷན་ཁང་གིས་མངགས་གཏོང་བྱས་པའི་ལས་ཁུངས་སུ་བགོས། ཟླ10པར་ཁྲའོ་དབྱང་ཆུས་ཀྱི་ཏ་ཧུ་གྲོང་ཚོ་ཡུས་ཧྲུའུ་རྫོང་གི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1956ལོའི་ཟླ1པོར་ཏེ་ཧུའེ་རྫོང་གི་ཆུས20དང་གྲོང་ཚོ232དེ་ཆུས7དང་། ཡུལ་ཚོ90 ཡུལ་ཚོ་རིམ་པའི་གྲོང་རྡལ5 ས་ཁུལ་རིམ་པའི་གྲོང་རྡལ1བཅས་སུ་དབྱེ་ཡོད།

སྤྱི་ལོ1957ལོའི་ཟླ12པར་ཅིའུ་ཐའེ་རྫོང་གི་ཕའོ་ཙི་དང་། ཅི་ཅ། པུའུ་ཧའེ། ཧྲེང་དབྱང་། ཧྲོང་མིའོ་ཙི། ཁྲང་ཧྲན་བཅས་ཡུལ་ཚོ6ཧུའེ་རྫོང་ལ་བགོས་པ་དང་། དུས་མཚུངས་སུ་ཏེ་ཧུའེ་རྫོང་གི་ཐའེ་ཧུ་དང་། དབྱི་ཧུ། ཁྲེང་ཙི་སྲང་ལམ་བཅས་ཅིའུ་ཐའེ་རྫོང་ལ་བགོས།

སྤྱི་ལོ1958ལོའི་ཟླ3པར་ཆུས་རིམ་པའི་སྒྲིག་གཞི་མེད་པ་བཟོས་ནས་རྫོང་ཡོངས་ཀྱི་ས་ཁུལ7དང་། གྲོང་རྡལ6། ཡུལ་ཚོ་ཆུང་བ93བཅས་པ་ཡུལ་ཚོ34དང་གྲོང་རྡལ1ཏུ་ཟླ་སྒྲིལ་བཏང་བ་དང་། ཟླ10པར་ཡུལ་ཚོ34ཡི་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང248དང་གྲོང་རྡལ1ནི་དོ་དམ་ཁུལ19དང་ལས་སྒྲུབ་ཁུལ228ལ་བགོས།

3 ས་ཁམས་ཁོར་ཡུག

ཏེ་ཧུའེ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་། སུང་ལིའོ་བདེ་ཐང་གི་དཀྱིལ་དབུས་སུ་ཆགས་ཡོད།

3_1 ས་དབྱིབས།

ཏེ་ཧུའེ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་སུང་ལིའོ་བདེ་ཐང་གི་དབུས་སུ་གནས་ཡོད།ཤར་ཕྱོགས་སུང་ཧྭ་གཙང་པོ་དང་ཡུས་ཧྲུའུ་གྲོང་ཁྱེར།  ཧྲུའུ་ལན་རྫོང་དང་ཁ་སྤྲོད་དུ་གནས་ཤིང་། ནུབ་ནུང་ཨན་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ནི་ཅིའུ་ཐའེ་གྲོང་ཁྱེར་དང་ཁྲང་ཁྲུན་གྲོང་ཁྱེར་ལ་འབྲེལ་ཡོད། བྱང་ཧྥུ་ཡུ་རྫོང་དང་འབྲེལ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3435ཡོད།

3_2 ནམ་ཟླ།

ཏེ་ཧུའེ་གྲོང་ཁྱེར་ནི་བྱང་དྲོད་རྒྱུད་ཀྱི་སྐམ་སའི་རང་བཞིན་གྱི་དུས་རླུང་དང་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླའི་ཁུལ་ཡིན་པ་དང་། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད་ཅིང་། དུས་རླུང་གི་ཤུགས་རྐྱེན་ཐེབས་ནས་དཔྱིད་དུས་སྐམ་ཤས་ཆེ་བ་དང་། དབྱར་དུས་ཚ་བ་ཆེ་ལ་ཆར་བ་འབབ་ཚད་མང་། སྟོན་དུས་བསིལ་ཞིང་དགུན་དུས་གྲང་ངར་ཆེ་བ་ཡིན།

4 མི་གྲངས་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2014ལོར་གྲོང་ཁྱེར་ཡོངས་ཀྱི་མི་འབོར་ཁྲི100ཟིན་ཡོད།

སྤྱི་ལོ2015ལོར་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས934839ཟིན་པ་དེ་དུས་མཚུངས་ལས0.3%མར་ཆག་ཡོད། དེའི་ནང་ཞིང་ལས་བའི་མི་འབོར765479དང་། ཞིང་ལས་མིན་པའི་མི་འབོར169360ཡོད། གྲོང་ཁྱེར་ཡོངས་ཀྱི་མི་འབོར་སྐྱེ་ཚད6.9%ཡིན་པ་དང་། མི་འབོར་ཤི་ཚད3.6%ཡིན། མི་འབོར་རང་བྱུང་གིས་འཕར་ཚད3.3%ཟིན་ཡོད།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས897115ཟིན་པ་དེ་དུས་མཚུངས་ལས4.7%མར་ཆག་ཡོད། དེའི་ནང་ཞིང་ལས་བའི་མི་འབོར737717དང་། ཞིང་ལས་མིན་པའི་མི་འབོར159398ཡོད།

4_2 མི་རིགས།

སྤྱི་ལོ2014ལོར་ཏེ་ཧུའེ་གྲོང་ཁྱེར་གྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་དེའི་ནང་གྲངས་ཉུང་མི་རིགས་ལ་མན་ཇུ་རིགས་དང་། ཧུའེ་རིགས། ཁྲའོ་ཞན་རིགས། སོག་རིགས། དབྱིས་རིགས། བོད་རིགས། མིའོ་རིགས། ཀྲོང་རིགས། ཡུ་གུར་རིགས། པུའུ་དབྱི་རིགས། ཏ་ཝོར་རིགས། ཐུའུ་ཅ་རིགས། ཨོ་ལུན་ཁྲུན་རིགས། ཞི་པོ་རིགས། ཏུང་རིགས། ཧྲེ་རིགས། འཇང་རིགས། ཕུའུ་སྨི་རིགས། ཨོ་ཝུན་ཁེ་རིགས་སོགས་གྲངས་ཉུང་མི་རིགས19ཡོད།

5 དཔལ་འབྱོར།

སྤྱི་ལོ2015ལོར་ཏེ་ཧུའེ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར405.0ཟིན་ནས་འགྱུར་མེད་རིན་གོང་ལྟར་བརྩིས་ན་སྤྱི་ལོ2014ལོ་ལས7.0%འཕར་ཡོད། ཐོན་ལས་ལྟར་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར71.5ཟིན་ནས་འགྱུར་མེད་རིན་གོང་ལྟར་བརྩིས་ན6.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར159.8ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན4.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར173.7ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་སྤྱི་ལོ2014ལོ་ལས9.8%འཕར་ཡོད། ཐོན་ལས་ཐེངས་གསུམ་པོའི་གྲུབ་ཚུལ་གྱི་བསྡུར་ཚད་ནི17.7:39.5:42.9ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43270ཟིན་པ་དེ་སྤྱི་ལོ2014ལོ་ལས7.3%འཕར་ཡོད།

སྤྱི་ལོ2016ལོའི་ལོ་ཧྲིལ་པོར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཞིབ་རྩིས་བྱས་པ་བརྒྱུད་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་440.8ཟིན་ནས་འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས8.4%འཕར་ཡོད། ཐོན་ལས་ལྟར་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར78.2ཟིན་ནས་འགྱུར་མེད་རིན་གོང་ལྟར་བརྩིས་ན3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར167.1ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན6.9%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར195.6ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས12.0%འཕར་ཡོད། ཐོན་ལས་ཐེངས་གསུམ་པོའི་གྲུབ་ཚུལ་བསྡུར་ཚད་ནི17.7:37.9:44.4ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར46472ཟིན་ནས་ལོ་སྔོན་མ་ལས7.4%འཕར་ཡོད།

སྤྱི་ལོ2015ལོར་ཏེ་ཧུའེ་གྲོང་ཁྱེར་གྱིས་དངོས་ཟོག་ཏུན་ཁྲི191སྐྱེལ་འདྲེན་བྱས་པ་དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར20.5ཟིན་ཡོད། སྤྱི་ལོ2015ལོར་ཏེ་ཧུའེ་གྲོང་ཁྱེར་དུ་དངུལ་ཁང་རིགས་ཀྱི་དངུལ་རྩའི་སྒྲིག་གཞི7དང་། གྲངས་ཉུང་དངུལ་བུན་ཀུང་སི10ཡོད་པ་དང་། འགན་བཅོལ་སྒྲིག་གཞི15བཅས་ཡོད་པ་ཡིན། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར234.1ཟིན་པ་དེ་སྤྱི་ལོ2014ལོ་ལས13.6%འཕར་ཡོད། དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར143ཟིན་པ་དེ་སྤྱི་ལོ2014ལོ་ལས་15.8%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།