གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ཞེས་པ་ནི་ཁྱིམ་མཚེས་གྲོང་ཁྱེར་རམ་ཡང་ན་གྲོང་ཁྱེར་ཁྱུ་ཚོགས་དང་། གྲོང་ཁྱེར་རྒྱུད་ཀྱི་ནང་ཁུལ་གྱི་གྲོང་ཁྱེར་ཁག་དབར་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་ལྕགས་ལམ་ལ་ཟེར། གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ནི་མྱུར་བགྲོད་ལྕགས་ལམ་གྱི་རིམ་པའི་ཚད་གཞི་སྤྱད་དེ་ཇུས་འགོད་བྱས་ནས་བསྐྲུན་པའི་གྲོང་སྦྲེལ་ལྕགས་ལམ་ཡིན་པ་དང་། དུས་མཚུངས་སུ་མྱུར་བགྲོད་ལྕགས་ལམ་དང་གྲོང་སྦྲེལ་ལྕགས་ལམ་གཉིས་ཀའི་ཁྱད་ཆོས་ལྡན། ལྕགས་ལམ་གྱི་ལམ་ཐིག་སྟེང་གཙོ་བོ་མྱུར་བགྲོད་གྲོང་སྦྲེལ་མེ་འཁོར་འཁོར་སྐྱོད་བྱས་ཏེ། ཉེ་འགྲམ་གྱི་གྲོང་ཁྱེར་དང་འབྲེལ་འདྲིས་བྱེད་པར་སྤྱོད་པ་ཡིན་ལ་དེ་ནི་མྱུར་བགྲོད་འཕལ་ལམ་འགྲིམ་འགྲུལ་གྱི་རྣམ་པ་ཞིག་ཡིན་པས་གྲོང་ཁྱེར་དབར་གྱི་འགྲུལ་བཞུད་དུས་ཚོད་ཚད་ཆེན་པོས་ཇེ་ཐུང་དུ་གཏོང་ཐུབ།
ཀྲུང་གོའི《གྲོང་སྦྲེལ་ལྕགས་ལམ་ཇུས་འགོད་ཚད་གཞིའི》དཔྱད་གཞིའི་ནང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དེ་ཁུལ་སྦྲེལ་མྱུར་བགྲོད་ལྕགས་ལམ་གྱི་ཁོངས་སུ་བཅུག་པ་དང་། གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དེ་ཡང《གྲོང་སྦྲེལ་ལྕགས་ལམ་ཇུས་འགོད་ཚད་གཞི》དང《མྱུར་བགྲོད་ལྕགས་ལམ་ཇུས་འགོད་ཚད་གཞི》ཡི་བླང་བྱ་དང་ཡོངས་སུ་མི་མཐུན་མོད། འོན་ཀྱང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ནི་ཕྱི་རོལ་ཡུལ་དུ་དངོས་སུ་གནས་པའི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་གཉིས་ཀའི་ཁྱད་ཆོས་ལྡན་པའི་ལྕགས་ལམ་ཞིག་ཡིན་པ་དང་། དེའི་ངོ་བོ་ཡང(གྲོང་སྦྲེལ་རང་བཞིན་དང་མྱུར་བགྲོད་རང་བཞིན)གོང་གསལ་གྱི་ཡིག་ཆ་གཉིས་ཀྱི་གཏན་འབེབས་དང་བསྟུན་ནས་འགྱུར་ལྡོག་འབྱུང་མི་སྲིད།
1.བར་ཐག་ཐུང་འབྲིང་ནང་གི་གྲོང་ཁྱེར་ཚོགས་པའམ་ཡང་ན་གྲོང་ཁྱེར་རྒྱུད་ནང་བསྐྲུན་པའི་འགྲུལ་སྐྱེལ་ལྕགས་ལམ་གྱི་ལམ་ཐིག་གི་རིང་ཚད་ལ་སྤྱིར་བཏང་སྟོང་སྨི200ལས་བརྒལ་མི་རུང་།
2.མྱུར་བགྲོད་ལྕགས་ལམ་རིམ་པའམ་ཡང་ན་རྒྱལ་ཁབ་ལྕགས་ལམ་རིམ་པ་དང་པོའི་ལག་རྩལ་ཚད་གཞི་སྤྱད་དེ་འཛུགས་སྐྲུན་བྱེད་དགོས་པ་དང་། མེ་འཁོར་གཏང་ཆོག་པའི་མྱུར་ཚད་ཆེ་ཤོས250km/hཡན་ཡིན།
3.གྲོང་ཁྱེར་དབར་གྱི་རྒྱུན་ཚིགས་མེ་འཁོར་དང་ཐག་ཉེ་སའི་གྲོང་ཁྱེར་དབར་གྱི་འབྲེལ་གཏུག་ལ་ཞབས་ཞུ་བསྒྲུབ་རྒྱུ་གཙོ་བོར་འཛིན་དགོས།
རྒྱལ་ནང་དུ་དངོས་སུ་བསྐྲུན་ཟིན་པའི་གནས་ཚུལ་ལ་བལྟས་ན། ཀྲུང་གོའི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ལ་རྨང་གཞིའི་སྒྲིག་བཀོད་ཇུས་འགོད་ཀྱི་མྱུར་ཚད་ཐད་ཚད་གཞི་ཁག་གསུམ་ཡོད་པ་སྟེ། གཅིག་ནི250km/hདང་། ཅིག་ཤོས་ནི300km/hདང350km/h(380km/h)བཅས་རེད།
350km/h: ཅིང་ཅིན་ལམ་ཐིག་དང་ཧུའུ་ཧང་ལམ་ཐིག ཀོང་ཧྲེན(ཤང་ཀང)བར་གྱི་ལམ་ཐིག་སོགས་གྲོང་ཁྱེར་ཆེ་གྲས་དང་གྲོང་ཁྱེར(གྲོང་ཁྱེར་དང་པོ)ཚོགས་པའི་ནང་ཁུལ་དུ། རྟག་ཏུ་འབྲེལ་གཏུག་ལམ་ཐིག་གི་ལྕགས་ལམ་བྱེད་ཀྱི་ཡོད།
300km/h: མྱུར་ཚད་རིམ་པ་དེ་རིགས་ཀྱི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཅུང་ཉུང་བ་དང350km/hམྱུར་ཚད་ཚད་གཞིའི་གྲོང་ཁྱེར་ལྕགས་ལམ་དང་ཁྱད་པར་ཆེན་པོ་མེད་པ་དཔེར་ན། ཅིང་ཧྲི་གྲོང་སྦྲེལ་ལྕགས་ལམ་སོགས།
250km/h: ཀོང་ཀྲུའུ་ལམ་ཐིག་དང་ཁྲང་ཅིའུ་ལམ་ཐིག་སོགས་ལ་ལྕགས་ལམ་གྱི་མྱུར་ཚད་འགྲིབ་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་པས། མེ་འཁོར་དེ་དག་གི་འཁོར་སྐྱོད་མྱུར་ཚད་མཐོ་ཤོས200km/hཡིན་ཞིང་། གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དང་གྲོང་སྦྲེལ་ལྕགས་ལམ་དེ་རིགས་མེ་འཁོར་གྱི་འཁོར་སྐྱོད་མྱུར་ཚད་དངོས་ཐོག་གཅིག་མཚུངས་ཡིན།
ཅིང་ཅིན་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (པེ་ཅིང་གྲོང་ཁྱེར་ནས་ཐེན་ཅིན་གྲོང་ཁྱེར་བར)
ཀྲུང་གོའི་གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་ནི་པེ་ཅིང་དང་ཐེན་ཅིན་བར་གྱི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དང་པོ་དེ་རེད། སྤྱི་ལོ2008ལོའི་ཟླ8པའི་ཚེས1ཉིན་པེ་ཅིང་ནས་ཐེན་ཅིན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། པེ་ཅིང་བབས་ཚུགས་ཀྱི་སྔར་ཡོད་པའི་པེ་ཅིང་དང་ཐེན་ཅིན་གྱི་སྒུལ་ཤུགས་མེ་འཁོར་ཚང་མ་མེད་པར་བཟོས་པ་དང་། དེའི་ཚབ་ཏུ་པེ་ཅིང་གི་ལྷོ་རྒྱུད་ནས་ཐེན་ཅིན་བར་གྱི་གྲོང་སྦྲེལ་མེ་འཁོར་ཡིན་མོད། འོན་ཀྱང་སྒུལ་ཤུགས་མེ་འཁོར་ཡང་ཡིན་པ་དང་ལམ་ཐག་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་ལ་སྐར་མ29ནས31བར་དགོས་པ་དང་། ཆེས་མཐོ་བའི་དུས་མགྲོས350km/h ཡིན་དུས། པ་སེ་རེར་སྒོར58ནས69ཡིན།
ཐེན་ཅིན་བརྒྱུད་སའི་སྒུལ་ཤུགས་མེ་འཁོར་ཡང་ཡོད་པ་དཔེར་ན། ཆིང་ཏའོ་ཅི་ནན་ཧྲང་ཧའེ་ཡི་སྒུལ་ཤུགས་མེ་འཁོར་དེ་ཐེན་ཅིན་ནུབ་ཚུགས་སུ་སླེབས་སྐབས་སྐར་མ40ལྷག་ཙམ་དགོས་པ་དང་། པ་སེའི་རིན་གོང་སྒོར46ནས55རེད། འོན་ཀྱང་ད་ལྟ་ཐེན་ཅིན་གྱི་སྒུལ་ཤུགས་མེ་འཁོར་ཕལ་ཆེ་བ་པེ་ཅིང་ལྷོ་ཚུགས་ནས་ཐོན་གྱི་ཡོད་པ་འདི་ལ་མཉམ་འཇོག་བྱེད་དགོས་ལ། སྤྱིར་བཏང་གི་རླངས་འཁོར་ལ་བསྡད་ནས་ཐེན་ཅིན་ལ་འགྲོ་རྒྱུ་མ་གཏོགས་ལྷོ་ཚིགས་སུ་འགྲོ་མི་རུང་།
ཁྲང་ཅིའུ་གྲོང་སྦྲེལ་ལྕགས་ལམ། (ནན་ཁྲང་གྲོང་ཁྱེར་ནས་ཅིའུ་ཅང་གྲོང་ཁྱེར)
ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོའི་གྲོང་སྦྲེལ་ལྕགས་ལམ་གཉིས་པ་ཡིན་པ་དང་། ཅང་ཞི་ཞིང་ཆེན་གྱི་གྲོང་སྦྲེལ་ལྕགས་ལམ་དང་པོ་སྟེ་ཁྲང་ཅི་གྲོང་སྦྲེལ་ལྕགས་ལམ་ནི་སྤྱི་ལོ2007ལོའི་ཟླ6པའི་ཚེས28ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་རེད། དེའང་ཅིང་ཅིན་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱས་རྗེས་ཀྱི་རྒྱལ་ཡོངས་ཀྱི་གྲོང་སྦྲེལ་ལྕགས་ལམ་གཉིས་པ་ཡིན་ཞིང་། འགོ་ཚུགས་ས་ཅིའུ་ཅང་བབས་ཚུགས་སུ་གནས་པ་དང་ལུའུ་ཧྲན་བབས་ཚུགས་ནས་ཕྱིར་བུད་རྗེས། པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་གྱི་ཤར་ངོས་སུ་བསྐྱོད་དེ་མཐར་ནན་ཁྲང་བྱང་ཚུགས་ཐོན་པ་དང་འབྲེལ། ད་ཡོད་ཀྱི་པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་དང་སྦྲེལ་ནས་ནན་ཁྲང་བབས་ཚུགས་སུ་འདྲེན་གྱི་ཡོད། ཁྲང་ཅིའུ་གྲོང་སྦྲེལ་ནི་འཛམ་གླིང་རིམ་པའི་ཆུ་ཚད་ལྡན་པའི་མྱུར་བགྲོད་ལྕགས་ལམ་ཞིག་ཡིན་ལ་ཀྲུང་གོའི《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ནང་གཞི་ཁྱོན་ཅུང་ཆེ་བ་དང་ལག་རྩལ་ཆུ་ཚད་ཀྱང་མཐོ་ཤོས་ཀྱི་བཟོ་བཀོད་ཅིག་རེད། སྤྱི་ལོ2010ལོའི་ཟླ9བའི་ཚེས20ཉིན་དངོས་སུ་ཤར་གཏོང་བྱས་པ་དང་། ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་། དེ་ཉིད་དམངས་ཚོགས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཞིག་ཏུ་གྱུར་ཡོད།
ཧུའུ་ཉིང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (ཧྲང་ཧའེ་གྲོང་ཁྱེར་ནས་ནན་ཅིང་གྲོང་ཁྱེར)
ཧུའུ་ཉིང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོའི་ཧྲང་ཧའེ་དང་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དབར་གྱི་ས་ཁོངས་ནང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མྱུར་བགྲོད་ལྕགས་ལམ་འཆར་འགོད་ཅིག་ཡིན་པ་དང་། སྤྱི་ལོ2008ལོའི་ཟླ7པ་ནས་སྐྲུན་འགོ་ཚུགས། སྤྱི་ལོ2010ལོའི་ཟླ7པའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་དང་ནན་ཅིང་བབས་ཚུགས་གཉིས་ཀྱིས་དུས་གཅིག་ཏུ་སྒུལ་ཤུགས་མེ་འཁོར་ཐོག་མ་དེ་བཏང་བ་དང་། འཛམ་གླིང་ཐོག་ཚད་གཞི་མཐོ་ཤོས་དང་ལམ་ཐག་རིང་ཤོས། འཁོར་སྐྱོད་མྱུར་ཚད་མགྱོགས་ཤོས་ཀྱི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་སྟེ། ཧུའུ་ཉིང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། འཛམ་གླིང་གི་ལྕགས་ལམ་སྣེ་ཁྲིད་པའི་ཚུལ་གྱིས་མིའི་རིགས་ཀྱི་མདུན་དུ་ཀྲུང་གོའི་ཕྱོགས་སུ་བསྐྱོད་པའི་སྣང་བརྙན་མངོན་ཡོད།
ཁྲང་ཅི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (ཁྲང་ཁྲུན་གྲོང་ཁྱེར་ནས་ཅི་ལིན་གྲོང་ཁྱེར)
ཀྲུང་གོའི་མཐོ་གྲང་ས་ཁུལ་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་པར་མ་ཟད། བྱང་ཤར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་དང་པོའང་ཡིན་པ་དང་། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དང་ཅི་ལིན་གྲོང་ཁྱེར་གཉིས་དང་འབྲེལ་མཐུད་བྱས་ཡོད། ལམ་ཐིག་གི་རིམ་པ་ནི་རྒྱལ་ཁབ་ཀྱི་ལྕགས་ལམ་རིམ་པ་དང་པོའི་མ་ལམ་ཡིན་པ་དང་། སྐུད་ལམ་གཉིས་ལྡན་དང་གློག་དབུགས་རང་བཞིན་གྱི་ལམ་ཐིག་ཅིག་ཡིན། དེའི་ལམ་ཐིག་དངོས་མར་སྤྱི་ལེ110.7ཡོད་ཅིང་། མྱུར་ཚད་ཀྱི་དམིགས་ཚད་ནི250km/hདང་སྔོན་དཔག་བྱས་ན་དུས་ཡུན་རིང་པོའི(2030ལོ)ནང་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2300སླེབས་རྒྱུ་རེད། རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར(ཅི་ལིན་བབས་ཚུགས་ཀྱི་ལྟེ་བའི་བཟོ་བཀོད)སྒོར་དུང་ཕྱུར110ཙམ་ཟིན་པ་དང་། དེའང་ལྕགས་ལམ་པུའུ་དང་ཅི་ལིན་ཞིང་ཆེན་གཉིས་ཀྱིས་ཐུན་མོང་གིས་མ་དངུལ་བཏང་ནས་ཁྲང་ཅི་གྲོང་སྦྲེལ་ལྕགས་ལམ་ཚད་ཡོད་འགན་འཁྲི་ཀུང་སི་དེ་རྣམ་གྲངས་མ་འཇོག་བྱེད་མཁན་ལ་བཞག
ཁྲང་ཅི་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ལ་ཁྲང་ཁྲུན་དང་ལུང་ཅ། ཅིའུ་ཐའེ་ནན། ཧྲོང་ཅི། ཅི་ལིན་བཅས་བབས་ཚུགས་ལྔ་བཙུགས་ཡོད། ཁྲང་ཅི་གྲོང་སྦྲེལ་ལྕགས་ལམ་དེ་སྤྱི་ལོ2007ལོར་ལས་འགོ་བཙུགས་པ་དང་། སྤྱི་ལོ2010ལོའི་ཟླ12པའི་ཚེས30ཉིན་ཤར་གཏོང་བྱས། སྤྱི་ལོ2011ལོའི་ཟླ1པོའི་ཚེས11ཉིན་འགྲུལ་སྐྱེལ་ལས་སྒོ་དངོས་སུ་གཉེར་ཞིང་། ཚོད་ལྟ་བྱས་པའི་རིང་ཉིན་རེའི་ས་གནས་ཀྱི་ལམ་ཐིག་མེ་འཁོར་ཆ22དང་། ལམ་ཐིག་ལས་བརྒལ་བའི་མེ་འཁོར་ཆ4ཡོད། མིག་སྔར་ཁྲང་ཁྲུན་ནས་ཅི་ལིན་བར་གྱི་ཐད་གཏོང་མེ་འཁོར་སྐར་མ34ལས་འགོར་གྱི་མེད་པ་དང་འབྲེལ་ཡོད་བཟོ་སྐྲུན་ཡོད་ཚད་མཇུག་འགྲིལ་རྗེས། ཐད་གཏོང་མེ་འཁོར་ཀྱི་འཁོར་སྐྱོད་དུས་ཚོད་སྐར29བར་ལ་ཇེ་ཐུབ་དུ་བཏང་།
ཧུའུ་ཧང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (ཧྲང་ཧའེ་གྲོང་ཁྱེར་ནས་ཧང་ཀྲོའུ་གྲོང་ཁྱེར)
ཧུའུ་ཧང་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ནི་ཧྲང་ཧའེ་དང་ཧང་ཀྲོའུ་སྦྲེལ་བ་དང་། ཀྲུང་གོའི“གཞུང་བཞི་འཕྲེད་བཞིའི”འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་གི་དྲ་རྒྱའི་ཁྲོད་ཀྱི་ཧྲང་ཧའེ་དང་ཁུན་མིང་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་གི་གྲུབ་ཆ་ཞིག་རེད། བཟོ་བཀོད་དེ་ཧྲང་ཧའེ་དང་ཧང་ཀྲོའུ་ཡི་གྲོང་ཁྱེར་ཆེན་པོ་གཉིས་སྦྲེལ་མཐུད་བྱས་པ་དང་། ཧྲང་ཧའེ་ཡི་འཇའ་ཚོན་ས་ཚིགས་ནས་འགོ་ཚུགས་ཏེ། སུང་ཅང་གཙང་པོའི་ལྷོ་རྒྱུད་ནས་ཅིན་ཧྲན་པའེ། དེ་ནས་ཅ་ཞིན་ནན་དང་། ཐུང་ཞང་། ཧའེ་ནན་ཞི་དང་དབྱི་ཧུའེ་བཅས་བརྒྱུད་དེ་ཧང་ཀྲོའུ་ཡི་ཤར་ཚུགས་སུ་ཐོན་པ་དང་། འབྲེལ་གཏུག་ལམ་ཐིག་བརྒྱུད་དེ་ཧྲང་ཧའེ་ས་ཚིགས་དང་ཧང་ཀྲོའུ་ས་ཚིགས་གཉིས་སྦྲེལ་མཐུད་བྱས་ཤིང་། ལམ་ཐིག་དངོས་མར་སྤྱི་ལེ160ཡོད་པའི་ནང་བརྒྱ་ཆའི87ནི་ཟམ་གདུང་བཟོ་སྐྲུན་ཡིན། དེའང་ལམ་ཐིག་ཧྲིལ་བོར་མེ་འཁོར་བབས་ཚུགས9བཙུགས་ཡོད་ཅིང་། ལམ་ཐིག་ཧྲིལ་བོའི་དུས་མགྲོས་ཇུས་འགོད་ནི་དུས་ཚོད་རེར་སྤྱི་ལེ350ཡིནཔ་དང་། བཟོ་བཀོད་དེ་སྤྱི་ལོ2009ལོའི་ཟླ2བའི་ཚེས26ཉིན་ལས་འགོ་བརྩམས་པ་དང་། སྤྱི་ལོ2010ལོའི་ཟླ10བའི་ཚེས26ཉིན་མེ་འཁོར་དངོས་སུ་ཤར་གཏོང་བྱས།
ཀོང་ཀྲུའུ་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (ཀོང་ཀྲོའུ་གྲོང་ཁྱེར་ནས་ཀྲུའུ་ཧའེ་གྲོང་ཁྱེར)
ཀོང་ཀྲོའུ་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་གྱི་གཙོ་ལམ་དེ་ཀོང་ཀྲོའུ་ལྷོ་ཚུགས་དང་ཀྲུའུ་ཧའེ་བབས་ཚུགས་གཉིས་སྦྲེལ་མཐུད་བྱས་པ་དང་། སྤྱི་རིང་ཚད་ལ་སྤྱི་ལེ116ཡོད་ཅིང་སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་བྱས། ཡན་ལག་ལམ་ཐིག་དང་པོ་དེ་ཀྲུང་ཧྲན་གྲོང་ཁྱེར་ཞའོ་ལན་གྲོང་རྡལ་ནས་ཅང་མོན་གྲོང་ཁྱེར་གྱི་ཤིན་ཧུའེ་ཁུལ་དང་སྦྲེལ་མཐུད་བྱས་པ་དང་། རིང་ཚད་ལ་སྤྱི་ལེ27ཡོད་པ་དེ་སྤྱི་ལོ2011ལོའི་ཟླ1པོར་ཤར་གཏོང་བྱས། འཛུགས་སྐྲུན་བྱེད་བཞིན་པ་དང་འཛུགས་སྐྲུན་བྱེད་གྲབས་ཡོད་པའི་དབྱིང་ལུང་ནས་ཁྲང་ལུང་བར་དང་ཁྲང་ལུང་ནས་ཀྲུའུ་ཧའེ་བར་གྱི་གནམ་ཐང་ལ་སྤྱི་ལེ34.5ཡོད་པ་རེད། བསྐྲུན་ཟིན་པའི་ཇུས་འགོད་ནི200km/hདང་ཆེས་མཐོ་བའི་དུས་མགྲོས་ནི250km/hཡིན་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ཡན་ལག་ལམ་ཐིག་དེ་སྤྱི་སྤྱོད་རླངས་འཁོར་གྱི་རྣམ་པར་བརྟེན་ནས་འཁོར་སྐྱོད་བྱེད་རྩིས་ཡོད་ཅིང་། གཙོ་ལམ་དབར་གྱི་འབྲེལ་མཐུད་དེ་ཀྲུའུ་ཧའེ་བབས་ཚུགས་སུ་བརྗེ་སྡོད་བྱེད་དགོས་པར་མ་ཟད། ཨའོ་མོན་གྱི་ཡང་བའི་ལྕགས་ལམ་དང་སྦྲེལ་མཐུད་བྱེད་པའི་འཆར་འགོད་ཀྱང་བཟོས་ནས་དུས་མགྲོས160km/hའཆར་འགོད་བྱས་ཡོད།
ཀུའེ་ཁའེ་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ། (ཀུའེ་ཀྲོའུ་ནས་ཁའེ་དབྱང་རྫོང་བར)
ཀུའེ་ཀྲོའུ་གྲོང་སྦྲེལ་མྱུར་བགྲོད་ལྕགས་ལམ་ནི་ཀུའེ་ཀྲོའུ་ནས་ཁའེ་དབྱང་རྫོང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ཡིན་པར་མ་ཟད། ཀུའེ་དབྱང་གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་དྲ་བ་སྟེ“གཅིག་འཕྲོ་གཉིས་སྦྲེལ”གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ལམ་ཐག་ཧྲིལ་བོར་སྤྱི་ལེ92ཟིན་པ་དང་སྤྱི་ལེ160ནས200བར་གྱིCRH2Aཅན་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་ཡིན་པ་དང་། རྣམ་གྲངས་དེ་སྤྱི་ལོ2014ལོའི་ཟླ10བར་ལྕགས་ལམ་བཏིང་ཟིན་པ་དང་། ཟླ12པའི་ཟླ་སྟོད་དུ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱས་ནས་སྤྱི་ལོ2015ལོའི་ཟླ5བའི་ཚེས1ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད། སྤྱི་བསྡོམས་པས་ཀུའེ་དབྱང་བྱང་མའི་བབས་ཚུགས་དང་། ཀུའེ་དབྱང་ལྷོ་མའི་འབབ་ཚིགས། ཧྲའེ་ཐེན་འབབ་ཚིགས། དབྱང་ཁྲང་འབབ་ཚིགས། ནན་ཅང་འབབ་ཚིགས་དང་ཁའེ་དབྱང་འབབ་ཚིགས་བཅས་འབབ་ཚིགས་དྲུག་བཙུགས་པ་དང་། ཟླ9པའི་ཚེས་20ཉིན་ལེགས་སྒྲིག་བྱས་རྗེས“D”ཞེས་པའི་ཡིག་འབྲུ་དེ“C”རུ་བསྒྱུར།